གང་ཞིག་ཁྱེད་ཀྱི་མཚན་ནི་གཞན་གསོས་སྐད། །
ཐོས་འཛིན་རྣ་བའི་བཅུད་དུ་རིང་ནས་གྲགས། །
དེ་ཚེ་གུས་པས་སྤྱི་བོར་བསྙེན་བཀུར་གྱིས། །
བསྟོད་ཚིག་ཨུ་དུམ་ཝ་ར་འདི་ནས་གཏོར། །
བླ་མ་མར་པའི་མཚན་སྙན་དབྱར་སྐྱེས་རྔ། །
ལན་གཅིག་ཐོས་པའི་སྐལ་བཟང་ཐོབ་པར་བརྟེན། །
མཇལ་འདོད་རེ་བ་སེམས་ནས་མ་བཟོད་པར། །
ཡུལ་གྱིས་བསྐལ་བའི་བྱང་ཕྱོགས་གུང་ཐང་ནས། །
ངལ་བ་བརྒྱ་ཕྲག་དང་དུ་བླངས་བྱས་ཏེ། །
འབད་པས་དོན་གཉེར་ལྷོ་བྲག་ཕྱོགས་སུ་ཕེབས། །
ཕན་ཚུན་ལས་སྨོན་མཚམས་སྦྱོར་འཕྲལ་དུ་སྦྱར། །
དེ་ཚེ་དགའ་ཞིང་སྤྲོ་དགའི་སྣང་བས་ཁྱབ། །
ནན་ཏུར་དཀའ་སྤྱད་དྲག་པོ་ལྷུར་བཞེས་ནས། །
ཡུན་རིང་བཀའ་བཞིན་སྒྲུབ་ཅིང་གུས་པའི་མཐར། །
གདམས་ངག་ཟབ་མོའི་ཆོས་རྣམས་མ་ལུས་པར། །
ལང་ཚོའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པར་བྱས། །
དེ་ནས་བླ་མར་གྱེས་ཕྱག་ཡང་ཡང་ཕུལ། །
ཡིད་ལ་གདུངས་བའི་ཆུ་འཛིན་རབ་རིབ་འཐིབ། །
ཞལ་རས་སྤྱན་ཆབ་བསིལ་མས་ལན་མང་བྲན། །
ཡབ་ཀྱི་དཀའ་དང་དམ་བཅའ་སྙིང་ཕུར་ཐེབས། །
མེ་ཏོག་ལྗོན་པའི་ཕྲེང་བ་ཚར་དུ་དངར། །
འདབ་ཆགས་གླུ་ལེན་འཕུར་ལྡིང་ཅི་དགར་རོལ། །
རི་དྭགས་བག་ཡངས་རྒྱུ་བའི་ངོ་མཚར་གྱི། །
དབེན་གནས་བྲག་དཀར་ཕུག་པའི་ནང་ཤེད་ན། །
དཀའ་སྤྱད་སྙིང་རུས་རྩ་བ་བརྟན་པོ་ཚུགས། །
བདག་མེད་ཡལ་ག་ལོ་འདབ་རྣམ་པར་རྒྱས། །
སྟོང་ཉིད་ལོ་ལེགས་འབྲས་བུའི་ཁུར་གྱིས་དུད། །
ཡིད་ནི་མྱ་ངན་མེད་ཅིང་སྤྲོ་བས་བརྟས། །
གདོས་བཅས་ཤ་ཁྲག་གཡར་པོའི་ལུས་པོ་ནི། །
ཞེན་པས་མ་འཛིན་སྒྱུ་མའི་ཆོས་བཞིན་དོར། །
ཚེ་སྲོག་འཇིག་མེད་གཡུང་དྲུང་རི་མོ་ཡིས། །
ཕས་རྒོལ་དགྲ་བོ་ཅི་བྱ་གཏོལ་མེད་བཏང་། །
དབྱར་དུས་དབང་སྔོན་ཞུན་མ་འཁྱིལ་འདྲ་ཡི། །
རབ་མཛེས་ཁོར་ཡུག་ཀུན་ནི་ཉམས་རེ་དགའ། །
སྣ་ཚོགས་ཁ་དོག་རབ་བཀྲ་འདབ་བརྒྱའི་ཚོགས། །
བཞད་པའི་རྩེ་མོར་བུང་བ་སྦྲང་རྩིས་མྱོས། །
དེ་ཚེ་རྣལ་འབྱོར་བདག་མེད་རི་ཡི་བུ། །
ན་བུན་གོས་གྱོན་སྣང་བ་རྗེན་དུ་ཤར། །
སྙན་པའི་མགུར་རྣམས་མགྲིན་པར་རབ་དྲངས་ནས། །
བྱ་དང་རི་དྭགས་འཁོར་གྱི་གྲོགས་སུ་བོས། །
ཉམས་ལེན་རྟགས་ཀྱི་མཚན་མ་སྐྱེད་ཚལ་འཛིན། །
སློབ་ཚོགས་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །
བྱམས་དང་སྙིང་རྗེས་འགྲོ་བའི་ཚ་གདུང་རྣམས། །
སེལ་བའི་གཞན་དོན་རྗེ་བཙུན་ཁྱེད་ཀྱིས་མཛད། །
དེ་ལྟར་དོན་གཉིས་ཡོན་ཏན་རྫོགས་མཛད་ཅིང་། །
ཚེ་གཅིག་རྫོགས་པའི་སངས་རྒྱས་གོ་འཕང་བརྙེས། །
བདག་ནི་ཁྱེད་ཀྱི་ཐུགས་རྗེའི་ལྕག་ཀྱུ་ལས། །
ནམ་ཡང་མ་གཏོང་བཟུང་མཛོད་རྗེ་བཙུན་ཀྱེ། །