ས་དེ་ཀོང་པོ་སྐྱིད་པ།།
ལྗོངས་ལ་ནགས་ཚལ་འཁྲིགས་པ།།
གངས་རི་གནམ་ལྕགས་འབར་བ།།
ཉི་ཟླའི་ཞིང་ལ་འཕགས་པ།།
གངས་ལ་བཏབ་པའི་ཁ་ཆད།།
ལྷ་ཡིས་ཚོར་བ་བྱུང་ན།།
སྤྲིན་བཟང་ཕོ་བྲང་ནང་ནས།།
སྦྲང་ཆར་དངོས་གྲུབ་སྩོལ་དང་།།
ཀོང་ཡུལ་སྨན་གྱི་ཞིང་ནས།།
ལྷ་སའི་སྦི་རག་མཆོད་སྐབས།།
སྣང་བའི་སྤྲིན་དཀར་དུམ་བུ།།
གཟུགས་མེད་རླུང་གིས་དེད་སོང་།།
ལྗོན་ཤིང་ལོ་མའི་ངོས་སུ།།
མགུར་ཆུང་ཚིག་གསུམ་བྲིས་ཡོད།།
ཤིང་ལ་ཤིང་སྣ་འཛོམས་ཉིན།།
མགུར་དེ་ནེ་ཙོས་གྱེར་ཆོག།
ཀོང་ཡུལ་ཨར་ཁང་ནང་གི།།
ཀོང་མོ་རྨ་བྱ་ལྡེམ་པ།།
དུ་བ་རྐང་གཅིག་འཐེན་པས།།
རྨ་བྱའི་ཐིག་ལེ་བསྣོག་སོང་།།
སང་ལོ་ད་ཚོད་ཅིག་ལ།།
ཀོང་ཡུལ་སླེབས་རྒྱུ་བྱུང་ན།།
རིན་ཆེན་ཚོན་ཁ་སྡེབ་ནས།།
རི་མོ་བསྐྱར་དུ་བྲི་ཆོག།