མཐའ་མཇུག
སྐོམ་པའི་མིག་གིས།
འཇིག་རྟེན་གྱི་དབེན་པ་དང་འཇའ་ཚོན་ལ་ལྟ།
གྲང་བའི་གཟུགས་ཀྱིས།
མུན་པ་དང་ངུ་ཤུམ་འཁྲིད་ནས་འོང་།
ལང་ཚོ་དང་གླུ་སྐད་ངོ་གདོང་ལས་ཡལ་འགྲོ་བ་བཞིན།
ཁ་བ་དང་ཆུ་ཐིགས་རླུང་ནང་ནས་སྐམ་འགྲོ་བ་བཞིན།
མགྲིན་པའི་སྦུབས་ཀྱི་ལྷིང་འཇགས།
ཤ་ཁྲག་གསེབ་ཀྱི་བརྩེ་དུང་།
ལག་མཐིལ་གྱི་ཉམ་ང་།
གཉོམ་ཆུང་གི་དབུགས་རྒྱུན།
ཐ་ན། སྐྱུར་མོ་ཆགས་པའི་སྐྲ་ཉག
ལྗིད་ཏིག་གེར་ལུས་པའི་སྣང་བ།
ཚིག་འབྲུའི་ཁ་དོག་ཤོར་བའི་སྨྲ་ལྕེ།
གྲིབ་མ་མི་མཐོང་བའི་དུས་ཚོད་ཕྱེད་ཀ་སོགས།
མཐའ་མཇུག མེ་ལྕེའི་རླབས་ངོགས་བརྒལ་ནས།
སྐྱ་རེངས་གསར་པ་ཞིག་གི་ནང་དུ་ཕེབས་ཚར།
འཇིག་རྟེན་གྱི་ཆོ་ངེ་སྣ་ཚོགས་བསྐྱར་ཟློས་བྱེད་ཅིང་།
དུས་ཚོད་རྩུབ་པོ་འདི་ཆུ་རྒྱུན་ལྟར་འབབ།
ད་ལྟའི་དགུན་ཟླ་རིང་མོའི་ཁུ་སིམ་ནི།
ཡུལ་གྱར་རྡོ་བ་ཞིག་ལ།
རང་བྱུང་ཁམས་ཆེན་པོའི་གཅེས་འཛིན་བྲལ་བ་དང་མཚུངས་བར།
སླར་ཡང་། ཁེར་རྐྱང་གི་ནང་རོལ་དུ་བགྲོད།
7/12/2022
ད་ལྟའི་འཚོ་བ།
མེ་ཏོག་ནད་པ་ཞིག་གི་ལྕེ་རྩེ་ལ།
རླུང་བུ་ལྡོམ་པོ་ཞིག་གིས་སོ་བཏབ་པ་བཞིན།
ཏག་ཏག་ལྐུགས་པར་གྱུར་སོང་།
མི་ཚེ་རྙིང་བ་ཞིག་གི་གྲིབ་གཟུགས་ལ།
དུས་ཚོད་འཁྱམ་པོ་ཞིག་གིས་འཚོ་བ་བརྐོས་པ་བཞིན།
མངོན་མེད་དུ་དབེན་པར་གྱུར་སོང་།
དེ་ལྟ་ནའང་། ང་རང་།
ཁ་བ་ཡོད་པའི་ཞོགས་པ་འདི་སྣང་མེད་དུ་བསྐྱུར་བར་ཕངས་སེམས་ཆེ།
སྔོ་ཚོད་ཁྲོམ་ར་དང་སྨན་རྫས་ཚོང་ཁང་མཐོང་ས་འདིར།
ངས་རང་ཉིད་ཞོགས་པའི་རླུང་ནང་དུ་བཞག་སྟེ།
ཁ་བ་འཕྱོ་བའི་རྒྱུན་ལ་ཁེར་ཧྲེང་བསྲེས་པ་ནི།
སྨྱོ་ཧམ་རྒོད་པའི་རྡོ་བ་ཞིག་ཡར་འགྲེང་ནས་གཞས་བཏང་བ་འདྲ་བྱུང་།
ད་ལྟའི“འཚོ་བ་ནི་ཁྱི་དང་མཚུངས”ཟེར་ན།
“ཁའི་ནང་གི་གདུག་རྩུབ་ཆེ་བས།”
ངག་འཇམ་པོས།
འཇིག་རྟེན་འདིའི་ཉིན་སྲིབ་གང་ལ།
སེམས་ནང་ནས་ཅི་ཞིག་ལབ་དགོས་པ་ཤེས་ཀྱིན་མི་འདུག
13/2/2023
མིང་མེད།
མེ་ཏོག་རིགས་ཤིག
མ་བཏབ་ཀྱང་རང་སྟོབས་ཀྱིས་འཚར་འོང་།
མེ་ཏོག་རིགས་ཤིག
བཏབ་ཀྱང་སྐད་ཅིག་གིས་ཤི་ནས་འགྲོ
(ཆར་ཆུ་དང་ཉི་འོད་ནི་རང་བྱུང་ཁམས་ཀྱི་ལག་པ་ཡིན)
དེ་ལྟར་ནའང་།
མེ་ཏོག་ཆུང་ཆུང་ཞིག་གི་འཇིག་རྟེན་དུ།
ཕོ་མོ་གཉིས་ཕྲད་པའི་ཡིད་འོང་གི་དུས་ཚོད་དང་ནམ་མཁའ་ཤོང་ཐུབ།
དོན་སྙིང་ནི་སྐད་ཅིག་ཙམ་སྟེ།
ཞེ་སྡང་གིས་བཅད་པའི་མེ་ཏོག་ཅིག་གི་རྨི་ལམ་ཇི་བཞིན།
ཉམ་ང་བའི་དུས་ཚིགས་ཀྱི་ངོགས་སུ།
ཚེ་སྲོག་ཡོད་ཚད་ཞི་འཇམ་གྱིས་འགྱེལ་ནས་འགྲོ
29/9/2020
ཉི་དགའ་མེ་ཏོག
ཤན་ཁོ།①
ལམ་ལུགས་གཅིག་གི་སྟེང་།
རིང་ལུགས་གཉིས་ལབ་ན།
ཤོང་གིན་འདུག་གམ།
བལྟས་ཚོད་ཀྱིས།
ཁྱོད་ལ་རྨི་ལམ་ཇེ་མང་དུ་སོང་འདུག
འགྲེལ་བཤད་ཀྱང་ཇེ་མང་དུ་སོང་འདུག
ད་ལྟ། མི་ཚང་མའང་སྐད་ཆ་ཇེ་མང་དུ་སོང་འདུག
ཉིད་ཀྱི་པགས་འཛུམ་དེའི་ནང་དུ།
བདེན་རྫུན་མཐའ་དག
ཤོང་གིན་འདུག་གམ།
ཉེ་ལམ། ཁྱོད་ཀྱིས་ཧབ་ཆ་རྒྱག་དུས།
མཆེ་བའང་འགེབས་རྒྱུ་བརྗེད་འདུག
ཤན་ཁོ། མི་རྣམས་སྙིང་དུ་སྡུག་སྟེ།
ཉི་དགའ་མེ་ཏོག་ཅིག་དང་མཚུངས་ཨང་།
28/10/2020
བརྩེ་ལྡན་གྱི་མི།
མང་པོའི་ནང་ནས་ལག་པ་བསྲིངས་འོངས་པའི།
མུན་པའི་ཁྲོད་ནས་འཛུམ་ཆུང་མངོན་ཡོང་བའི།
ཆང་ལ་དེ་ཙམ་དགའ་ཞིང་དེ་ཙམ་ལས་མི་དགའ་བའི།
གཞས་ལ་དེ་ཙམ་དགའ་ཞིང་དེ་ཙམ་ལས་མི་ལེན་པའི།
ཙན་ལྡན་གྱི་དྲི་མ་ཚོད་མེད་དུ་སྟེར་བའི།
ཞི་འཇམ་གྱི་ངག་སྒོ་ཤིན་ཏུ་ལྷོད་པའི།
དགུན་ཁ་ཞིག་དང་ཤིན་ཏུ་ཉེ་བ་འདྲ་བའི།
སྟོན་མཇུག་ཅིག་དང་ཡོངས་སུ་མཚུངས་པ་འདྲ་བའི།
ཁ་རླངས་དེའང་བརྩེ་དུང་རེད་སྙམ་པའི།
སྐྲ་ལོ་དེའང་སྙན་ངག་རེད་བསམ་པའི།
གོམ་སྒྲ་དེས་རྣམ་ཤེས་ཁྲིད་འགྲོ་བའི།
ཕྱིར་མིག་དེས་གསང་བ་སྨྲ་ཤེས་པའི།
མཆུ་རྩི་དེའང་རྒྱ་སེ་མེ་ཏོག་གིས་བརླན་པ་འདྲ་བའི།
མྱོས་བུམ་དེའང་རྨ་ཁ་བཟོ་བྱེད་ལ་ཆེད་དུ་སྐྱེས་པ་འདྲ་བའི།
རོལ་ཆ་མང་པོ་དང་མཉམ་དུ་རང་ཉིད་དཀྲོལ་ཤེས་པའི།
གྲིབ་མ་མང་པོ་དང་ལྷན་དུ་རང་ཉིད་འདོར་ཤེས་པའི།
སྒེའུ་ཁུང་གཅིག་ལས་ཁེར་རྐྱང་ལ་ཡང་ཡང་ལྟ་བའི།
གླུ་གཞས་ཤིག་ལས་ཞོགས་པ་གཞན་ཞིག་བསྐྱར་དུ་འཚོལ་བའི།
བརྩེ་ལྡན་གྱི་མི་དེས།
ང་ལ་ཅི་ཡང་ཤོད་ཐུབ་ཀྱིན་མི་འདུག
“མྱ་ངན་དག་དངོས་ནས་ཟབ་པ་ལ་ཨང”
18/1/2022
སྲོད་དུས་ཤིག་ལ་འབྲོག་སྡེ་ཆེན་པོ་ཞིག་བརྒྱུད་ཞོར།
ཉི་མ།
ལམ་གྱི་སྣེ་ལ་བབས།
འོད་ཀྱི་གཙང་པོ།
མདུན་དུ་ཤག་ཤག་བཞུར།
འབབ་ཚིགས་ཤིག
ཡོད་ཡོད་འདྲ་ལ།
མེད་ཀྱང་སྲིད།
སེམས་ཁ་འདི་བྱ་ཁྱུ་ཞིག་དང་མཚུངས།
31/10/2020
ཟླ་ལྔ་བའི་སྤྲིན་དཀར།
བྱ་རྒོད་ཀྱི་གཤོག་པ་ལས་ཆེ་ཙམ།
གླང་ཆེན་གྱི་རྣ་ཞགས་ལས་རིང་ཙམ།
ཡུན་གྱིས་སླེབས་ན།
ལྷོད་ཀྱིས་ཡལ་འགྲོ་བའི་རླུང་གི་སྙིང་སྡུག
ཆར་བའི་ནང་ལ་སིམ་པའི་དུས་ཚིགས།
རྩྭ་ལོའི་གསེབ་ལ་ལྷུང་བའི་མུ་ཏིག
སེམས་ཀྱིས་བཟུང་ན་མ་གཏོགས།
མིག་ལ་མི་ཤོང་བའི་མཐས་ཡས་པ་དེ།
ཚེ་གཅིག་གི་དུས་ཚོད་རིང་ཤོས་ཤིག
སྐད་ཅིག་ལ་སྡུག་གུར་བཟོ་ནུས་པའི་རང་བྱུང་ཁམས་ཀྱི་དགོད་འཛུམ།
སྙིང་ཉེ་ཞེས་ཁྱོད་ཀྱི་མིང་ནས་ཞི་འཇམ་གྱིས་བོས་ནའང་།
ཨ་ལན་སྟེར་ཤེས་པའི་ནམ་མཁའི་ལྷ་མོ།
རང་ཡུལ་མེད་པའི་མི་ལ།
རྒྱང་ནས་རྒྱང་དུ་བསྲིངས་པའི་རྨི་ལམ་གནང་བྱུང་།
13/6/2022