མི་ཞེས་པ་གང་གིས་མཚོན་ནམ། (ཞར་བཀོད་གཉིས)
མི་ཞེས་པ་ནི་སྤྲེའུ་མིན།
ངོ་སྲུང་སྤྲེའུ་ལད་ཀྱི་གར་ཆུང་འཁྲབ་སྐབས།
མི་དེ་སྐུ་དྲག་ཚོའི་མདུན་ན་ཡོད།
མི་ཞེས་པ་ནི་ཧྭ་པ་མིན།
རྔ་མ་གཡུག་གཡུག་གིས་གཞན་ངོ་སྲུང་དུས།
མི་དེ་དཔོན་ཆེན་ཚོའི་རྗེས་ན་ཡོད།
མི་ཞེས་པ་ནི་སེང་གེ་མིན།
སེང་གེའི་འགྱིང་སྟབས་ཀྱི་ཚིགས་ཀ་སྟོན་སྐབས།
མི་དེ་གཉོམ་ཆུང་ཚོའི་གྲལ་ན་འགྱིང་།
མི་ནི་ལྷའང་མིན་ལ་ལྷ་མ་ཡིན་ཀྱང་མིན།
འོན་ཀྱང་། ལྷ་བཞིན་མངོན་ཤེས་ཀྱི་རྫུ་འཕྲུལ་ལྡན་ལ།
ངན་སྔགས་ཀྱིས་གཞན་དག་བཅོམ་ལ་མཁས།
མི་ནི། ལན་རེར།
རང་ཤི་གཏོང་དགོས་པའི་ལན་ཆགས་ཁྲོད།
དཔའ་པོའི་འཁྲབ་སྟོན་གྱི་འོག་ནས་བསྐྱལ།
མི་ནི་དབྱིབས་གཟུགས་གཅིག་ཏུ་མ་ངེས་པར།
འགྱུར་བ་རྒོད་པའི་སྲོག་ཆགས་ཐ་ཤལ་ཞིག་སྟེ།
འཁྲབ་ཚན་རེ་བརྗེ་རྗེས།
སྒྱུ་མའི་ཉམས་འགྱུར་སྟོན་ལ།
དུས་ཚིགས་རེ་བརྗེ་རྗེས།
ད་བྱིད་མདོག་འགྱུར་བཞིན་རང་བཞིན་ངེས་མེད་དུ་འགྱུར་སླ།
མིག་རྒྱ་དང་བློ་གྲོས།
མི་རེར་མིག་རེ་ཡོད།
འོན་ཀྱང་ཚང་མར་མིག་རྒྱང་རིང་བ་མིན།
མི་རེར་ཀླད་པ་རེ་ཡོད།
འོན་ཀྱང་ཚང་མར་བློ་གྲོས་ཆེ་བའི་ངེས་པ་མེད།
མི་ཚེ་ནི། རྒྱུན་ཆད་མེད་པར།
སྦྱོང་བརྡར་ཁྲོད་ནས་བློ་ཁ་བཟེད་དགོས་པས།
མིག་གིས་རྒྱང་རིང་མཐོང་ཐབས་བྱས་ཀྱང་།
མིག་སྔར་གྱི་དུས་ཐུང་ཙམ་ལས།
རྒྱང་རིང་མཐོང་ཐབས་བྲལ་སོང་།
ཡིན་ན་ཡང་།
བློ་གྲོས་ཀྱིས་ད་གཟོད།
སྐད་ཅིག་དང་སྐད་ཅིག་མ་ཡིན་ལ།
མངོན་སུམ་དང་ལྐོག་འགྱུར་མ་ཡིན་པའི།
འདས་ཟིན་པ་དང་མ་འོངས་པ་མཐོང་ངེས།
དྲན་སྐུལ།
ཁྱོད་རང་སྨག་ནག་པའི་ནམ་མཁའ་ལ་སུན་ཟེར།
འོན་ཏེ། སྐྱ་རེངས་བསླེབས་ཀྱང་།
མིག་ཟུང་བཙུམས་ནས།
ད་རུང་། ལྟ་འདོད་མེད་པར་འདུག་དགོས་དོན་ཅི་ཡིན།
ཁྱོད་རང་ཉིན་མོའི་འོད་སྣང་ལ་སྨོན་པ་སྐྱེས་ཟེར།
འོད་སྣང་དེ་མིག་མདུན་དུ། དཔྱིད་ཀ་བཞིན་བསླེབས་ཀྱང་།
ཁྱོད་རང་།
སླར་ཡང་། སྨག་ནག་པའི་འོབས་དོང་དུ་འཛུལ་ཏེ།
དངན་པ་རིང་བོར་འཐེན་ནས་གཉིད་དོན་ཅི།
ཡིད་དུ་སྨོན་པ་ཞིག་ནི།
ཉིན་ལ་ཉི་འོད་ཀྱི་དྲོད་ཁོལ་རེག་ཅིང་།
མཚན་ལ་རྨི་ལམ་གྱི་ཞིང་ལ་འགྲིམ་པ།
དེ་དག་ཇི་འདྲའི་འཇིག་པར་སླ་ནའང་།
དེ་འདྲའི་སྐྱིད་སྣང་གི་ཉིན་ཞག་ག་ཙམ་ཡོད་དམ།
ཁྱོད་ཀྱིས་གཟོད་བསྲན་ངང་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་ཡོད་ལ།
ང་ཡིས་ཡིད་རྨུགས་ངང་ཉི་མ་གང་འཁྱོལ་བྱས།
དེ་ལྟར་ཉིན་ཞག་ཕྲེང་བས་རྩི་བཞིན།
མི་ཚེ་གང་ལྟར་བསྐྱལ་ཞིང་ལོ་ཟླ་གང་ཞིག་བསུ་ཡོང་།