ཟླ་བརྒྱད་པར་ཕ་ཡུལ་གྱི་ཉི་འོད་གོས་སུ་གྱོན་ཙམ་བྱས།
ཟླ་བརྒྱད་པར་ཕ་ཡུལ་གྱི་རི་ཆུ་ལ་ཞལ་མཇལ་ཞུ་ཙམ་བྱས།
ཟླ་བརྒྱད་པར་སྙིང་ཉེ་བའི་མི་དག་དང་གྱེས་ཕྱག་ཕུལ།
ཟླ་བརྒྱད་པར་ལུག་ཁྱུ་དང་སྐར་ཚོགས་འཚོ་བའི་མགོ་དཀྲི་གློ་ཁ་ཤེའུ་སྤང་ཐང་དུ་ལུས།
ཟླ་བརྒྱད་པར་འཚོ་ཚིས་ཀྱི་ཐག་སྣེར་འཐམ་སྟེ་མི་ཡུལ་སྙེག
ཟླ་བརྒྱད་པར་ངའི་འཁྲེངས་སེམས་དང་ཕྱི་མིག་ཕ་ཡུལ་དུ་ལྷག
ཉིང་སྐྱུར་བརྟག་དཔྱད་དང་ལོག་བཀར་ཁོ་ནས་ཟླ་ངོ་བཞི་ལྷག་ཕྱིན།
ནད་ཡམས་ལ་གདོང་གཏུག་འགྱེད་ཞོར་དྲ་ལམ་སློབ་ཁྲིད་བྱས།
ཁ་སྟོད་ཀྱི་འབྲོག་པ་ཚོར་དྲ་དང་གློག་གི་མཐུན་རྐྱེན་ཞན་ཡང་།
ཁྱོད་ཚོས་རྒྱབ་སྐྱོར་བྱེད་ཀྱིན་མི་འདུག་ཅེས་གཤེེ་གཤེ་བཏང་།
སྔོ་ཚོད་དང་ཕག་ཤ་ལྡང་ཚོད་ཅིག་ཉོས་ཏེ་དགུན་ཁའི་དྲེད་མོང་ཉལ་ཉལ་བྱས།
བྱང་ཆུབ་ལམ་རིམ་ཆེན་མོར་མཇལ་ཏེ་ཨ་བྲས་བྲག་ཁུང་རྐོ་རྐོ་བྱས།
ཀུན་བཟང་བླ་མའི་ཞལ་ལུང་ལ་མཇལ་ཏེ་བྱིའུ་ཐེ་རྒྱས་ནམ་འཕང་བསྟོད་བསྟོད་བྱས།
སྡེར་མོ་རྣོན་པོ་ཞིག་དང་གཤོག་རྩལ་བདེ་མོ་ཞིག་ཀྱང་ཡོད་ན་འདོད།
བརྩེ་བས་བརླན་པའི་མགོ་དཀྲི་གློ་ཁ་ཞིག་ཆུ་དཀར་གཙང་པོས་ཁུར་སོང་།
སྨྲེང་བས་གཏམས་པའི་ལ་གཞས་གཉོམ་པོ་ཞིག་ཤེའུ་རི་ལུང་ལ་འཐིམ་སོང་།
སྙིང་གཏམ་མར་དཀར་གྱི་སྤུ་ལུ་འདྲ་བ་ཞིག་སྐད་འཕྲིན་ལས་དཀག་སོང་།
ཕོ་ལོ་བཞི་བཅུའི་གཏམ་རྒྱུད་ཅིག་མགོ་བརྩམས་སོང་བ་འདྲ་ལ།
མཇུག་བསྡུས་སོང་བ་ཡང་འདྲ་བས།
སྐྱོ་ལྷང་ལྷང་རྔ་མོས་བུ་སྟོར་ལྟ་བུ་བྱུང་།
ཆང་དང་སྙན་ངག་གི་ཡི་ག་འགག མིག་མཐའི་མཆི་མ་ཡང་ཞོར་ལ་སྐམ།
གསར་ལམ་ཁག་ཏུ་བཀག་རྒྱ་གློད་པའི་གནས་ཚུལ་མང་དག་ཐོས།
སེམས་འཚབ་འཚུབ་ཏུ་གྱུར་ཏེ་སྨུག་ཀློང་གསེབ་ཀྱི་སྤྱང་ཀི་འདྲ་པོ་ཞིག་ཆགས།
མིད་པ་ན་བ་འདྲ་ལ་ཚ་བ་ཡང་ཨེན་ཙམ་རྒྱས་འདྲའི་ཚོར་བ་སྐྱེས།
ཉིང་སྐྱུར་བརྟག་དཔྱད་རེ་བྱས་ཤིང་ཉི་མ་འགའ་རེ་ལོག་བཀར་བྱས་ན་ཡང་བསམས།
ད་ནི་ཡུལ་ལ་ལོག་ན་བསམ་བྱུང་།
ཕ་ཡུལ་གྱི་རི་ཆུ་དང་ཕ་མར་སྐེ་འཇུ་ཡིད་ཚིམ་པ་ཞིག་བྱ་འདོད།
ཕ་ཡུལ་གྱི་ལུག་ཁྱུ་དང་ཕུ་ནུ་ཚོར་སྙིང་གཏམ་མགུ་གང་བ་ཞིག་བཤད་འདོད།
ཆེས་དྭངས་གཙང་གི ཆེས་ལྷིང་འཇགས་ཀྱི་དུར་ཁྲོད་ཅིག་ནས།
སྔོ་སངས་པའི་ནམ་མཁའ་གོས་སུ་གྱོན་ཏེ།
ཁོད་ཡངས་པའི་ས་ཆེན་གདན་དུ་བཏིང་ནས།
ཁ་སྦུབ་དང་གན་རྐྱལ་གང་རུང་གིས་སྐད་ལ་བརྒྱབ་སྟེ་ངུ་སྙིང་ཞེ་དྲག་འདོད།
མཁོ་སོད་པ་ཞིག་ངུ་སྙིང་འདོད།
2022ལོའི་སྤྱི་ཟླ12པའི་ཚེས8ལ།
ཕ་ཡུལ།
གཅིག
ང་རང་ཁེར་རྐྱང་གི་དུས་སུ།
ཁུ་སིམ་མེར་གངས་རིའི་ཟེ་བར་འཕགས་པའི་ཉི་འོད་ལ་ལྟ་དོན།
ང་རང་ར་བཟི་བའི་སྐབས་སུ།
སྐྱོ་ལྷང་ངེར་གཡག་རྒྱབ་ཀྱི་ལོ་ཟླར་ཚང་རྩིས་བྱེད་དོན།
ཞོགས་པ་རེ་རེར།
ངས་སྦྲ་འདབས་སུ་འཐོར་བའི་ནོར་ལུག་གི་སྐྱུག་ལྡོད་ལ་སེམས་ཀྱིས་མཉན་དོན།
མཚན་མོ་རེ་རེར།
ངས་སྐར་ཚོགས་ཀྱིས་ཁུར་པའི་རི་ཆུའི་ཚང་མལ་ལ་རྣ་བ་བླགས་དོན།
གཉིས།
གསེར་གྱི་ཉི་མ་དང་དུང་གི་ཟླ་བ།
མེས་པོའི་ཐོད་པའི་སྣུམ་ཐིག
དབྱར་ཟླའི་མེ་ཏོག་དང་སྟོན་མཚན་གྱི་ཁུ་འཕང་།
སྐྱེད་ཡུམ་གྱི་ནུ་ཞོ།
རྟ་ནག་སྒྲོག་འགྲོས་དང་འབྲུག་མོའི་བཞོ་དབྱངས།
རི་ཐང་གི་བླ་སྲོག་འཚོ་བའི་ཕོ་གཞོན་མོ་གཞོན་དག་གི་སྣང་བ།
སྡོང་མགོའི་བྱིའུ་ཚང་དང་རྩྭ་རྩེའི་ཟིལ་བ།
བྱིས་པ་རྐང་རྗེན་མ་དག་གི་རལ་པ་དང་སྲུང་འཁོར།
རི་རྩེའི་རྡེའུ་འབུམ་དང་སྐྱས་ལམ་ཕྲ་མོ།
ཡུལ་གྱར་པའི་འཁྲེང་སེམས་རྨས་མ།
གསུམ།
ས་སྒང་རིལ་མོའི་ཟེ་བ་རུ་སྲིད་པ་ཁྱུང་གི་ཚང་དང་སྒོ་ང་ཡོད།
དེ་རུ་ངའི་ཕ་མ་དང་མིང་སྲིང་ཡོད།
དེ་རུ་དུར་ཁྲོད་དང་བྱ་རྒོད་ཀྱི་ཚོགས་ཀྱང་ཡོད།
དར་ལྕོག་དང་མ་ཎི་རྡོ་རྩིག་ཀྱང་མང་པོ་མང་པོ་ཞིག་ཡོད།
ངས་དེ་ལ་ཕ་ཡུལ་ཞེས་བོས་ཤིང་སྲུང་འཁོར་བཞིན་སྐེ་ལ་བཏགས་ཡོད།
བཞི།
རུས་པའི་དེད་ན་དཀར་ས་བོ་ཕ་ས་ཕ་ལོའི་ཐོད་པ་འདྲ་བོ།
ཤ་ཡིས་དེད་ན་དམར་ས་བོ་མ་ས་མ་མོའི་བྲང་མགོ་འདྲ་བོ།
གསེར་གྱི་རི་བདུན་ཆགས་པའི་རྟེན་ཡིན།
དུང་གི་མཚོ་མོ་འཕྱུར་བའི་རུ་མ་ཡིན།
ལྔ།
རྒོད་པོ་འཕུར་བའི་གཤོག་ངལ་ཁེན་སའི་བྲག་ཐེམ།
རྟ་ཕོ་བརྒྱུགས་པའི་རྔུལ་རག་འཕྱིད་སའི་སྤང་སྟན།
གཡག་རྒོད་ཁྲོས་པའི་ཧུར་སྒྲ་འཁྱིལ་སའི་གཙང་པོ།
རི་སྤྱང་གི་ཟུག་སྐད་སིམས་སའི་རི་སྒང་སྐྱ་བོ།
ལོ་ཟླ་དང་ཉིན་མཚན་འདྲེས་བྱེད་ཀྱི་མིང་དང་ཚིག
ཆང་དང་སྙན་ངག་ནོར་བྱེད་ཀྱི་གཟུགས་དང་གཟུགས་ཅན།
མེས་པོའི་ཡིག་ཚང་མེད་ཀྱང་གཤིན་རྗེའི་མེ་ལོང་ཡོད་པའི་སྒྲུང་ཡིག་ཚི་དྲེག་མ།
དྲུག
ཆེས་བརྗིད་ས་ནས་བཤད་ན་ཁྱེད་ནི་རི་རྒྱལ་ལྷུན་པོ་ཡིན།
ཆེས་མཐོ་ས་ནས་བཤད་ན་ཁྱེད་ནི་ཧི་མ་ལ་ཡ་ཡིན།
ཆེས་ཟབ་ས་ནས་བཤད་ན་ཁྱེད་ནི་མ་ཕམ་གཡུ་མཚོ་ཡིན།
ཆེས་དྭངས་ས་ནས་བཤད་ན་ཁྱེད་ནི་ཁྲི་ཤོར་རྒྱལ་མོ་ཡིན།
ཆེས་གཙང་ས་ནས་བཤད་ན་ཁྱེད་ནི་ཤེལ་དཀར་གྱི་མེ་ལོང་ཡིན།
ཆེས་དྲོ་ས་ནས་བཤད་ན་ཁྱེད་ནི་ཨ་མའི་རུམ་ཡིན།
ཆེས་བརྩན་ས་ནས་བཤད་ན་ཁྱེད་ནི་ཨ་ཕའི་པང་ཡིན།
ཆེས་ཞིམ་ས་ནས་བཤད་ན་ཁྱེད་ནི་འབྲུ་འོ་དཀར་པོ་ཡིན།
ཆེས་སྣུམ་ས་ནས་བཤད་ན་ཁྱེད་ནི་འབྲི་མར་སེར་པོ་ཡིན།
ཆེས་འཇམ་ས་ནས་བཤད་ན་ཁྱེད་ནི་བལ་དཀར་གྱི་ཁ་ཆུ་ཡིན།
ཆེས་སྣག་ས་ནས་བཤད་ན་ཁྱེད་ནི་ལུ་གུའི་བྲང་མགོ་ཡིན།
བདུན།
ཁྱོད་ནི་དུ་བ་གཡུ་འབྲུག་སྔོན་མོ་མཁའ་ལ་འཁྱིགས་སའི་སྲིད་པའི་སྦྲ་རྒན་ཡིན།
ཁྱོད་ནི་སྟོད་ལྷ་རབས་ནས་ཆད་པའི་སྐྱ་མི་བདུན་གྱིས་བཙུགས་པའི་དངུལ་གྱི་སྒྱིད་པུ་ཡིན།
ཁྱོད་ནི་འོག་ཀླུ་རབས་ནས་བསུས་པའི་མ་སྲུ་བདུན་གྱིས་བསྐྱོན་པའི་གསེར་གྱི་སླ་ང་ཡིན།
ཕུག་བུ་རྒྱུད་ཀྱི་ཚེ་སྲོག་རྟག་ཕྱིར།
སྒོ་རྟ་ནོར་གྱི་འཕེལ་ཁ་ཕྱུག་ཆེད།
རྟེན་འབྲེལ་ལ་དགའ་བའི་མེས་པོ་བློ་ཁོག་ཅན་དེས།
ཁྱོད་ལ་སྟག་པའི་ཕུག་ཀ་དང་ཤུག་པའི་སྒོ་ཀ་བསླངས།
བརྒྱད།
དབྱར་ལ་གཡུ་དང་མར་གྱི་མཚོ་མོ་འཁྱིལ་ཡོང་བའི།
དགུན་ལ་དུང་དང་ཕྱུར་བའི་ཆར་པ་འཇོ་ཡོང་བའི།
ཉིན་མོར་རླུང་དང་སྤྲིན་གྱི་རྒྱུ་བས་དེད་ཡོང་བའི།
མཚན་མོར་ཆང་ཕོར་དང་རྨི་ལམ་དུ་ཤར་ཡོང་བའི།
ཕ་ཡུལ། སྲིད་པ་རྒད་པོའི་སྨ་ར་ལ་བཏགས་པའི་དངུལ་གྱི་མེ་ལོང་།
སྲིད་པ་རྒད་པོས་དོག་མོ་ཁ་ཞེང་ཆེ་རུང་མི་རྙེད་པ་ཕ་ས་ཡིན་ཟེར།
སྲིད་པ་རྒད་པོས་མགོ་ནག་རྐང་གྲངས་མང་ཡང་མི་རྙེད་པ་ཕུ་ནུ་ཡིན་ཟེར།
དགུ།
དྲིན་ཕ་ལོས་ང་ལ་སྒྲུང་ཞིག་བསླབས།
མེས་པོ་དང་གངས་རི་ན་ཟླ་ཡིན།
གངས་དཀར་པོ་མཐོང་ན་ཕྱག་གསུམ་འཚོལ་ཟེར།
དྲིན་མ་ལོས་ང་ལ་གླུ་ཞིག་བསླབས།
མེས་མོ་དང་མཚོ་མོ་སྤུན་ཡིན།
མཚོ་སྔོན་པོ་མཐོང་ན་མཆོད་གསུམ་འཕོངས་ཟེར།
ཕ་ཡུལ།
གངས་རི་དང་མཚོ་མོའི་སྲུང་མདུད་དཀར་པོ།
ཕ་ལོ་དང་མ་ལོའི་ངག་ལ་འཁྱིལ་བའི་མར་ལོ་སེར་པོ།
རླུང་གིས་འཁུར་མི་ཆོག་ལ་ཉི་མས་བཞུ་མི་ཆོག་པའི།
སྲིད་པའི་མནའ་ཚིག་རྡོ་ལོག་འདྲ་བོ།
2022ལོའི་ཟླ12པའི་ཚེས17ལ།
བོད་ཟས་ཁང་ཞིག་ཏུ་ཨ་མ་དྲན་པ།
རྫོང་མཁར་འདིའི་བོད་པའི་ཟ་ཁང་ཞིག་ཏུ།
བློ་སེམས་མཐུན་པའི་གྲོགས་པོ་རེ་གཉིས་དང་ལྷན་དུ།
ལྷ་སའི་གཞས་ལ་ཉན་ཞོར།
སེམས་ལྷོད་ལ་བབས་ཏེ་ཆང་འཐུང་བ་ནི་བདེ་སྐྱིད་ཅིག་རེད།
ཆང་རག་གིས་ཨེན་ཙམ་བད་པ་ཡང་བདེ་སྐྱིད་ཅིག་རེད།
གྲོགས་པོ་ཡང་ཨེན་ཙམ་བད་ན།
ཞིང་གྲོང་དུ་གནས་པའི་ཨ་མར་ཁ་པར་བཏང་སྟེ།
ཨ་མའི་སྙུན་གཞི་ལ་སེམས་ཁུར་གནང་བ་མཐོང་ན།
ང་ལ་ཡང་འབྲོག་ཁུལ་དུ་ཨ་མ་ལག་ངར་ཙམ་ཞིག་ཡོད་པ་དྲན་ལ།
ཏག་ཏག་ཉིན་འདི་གར་ཨ་མ་ལགས་ལ་སྐུ་སྙུན་ཐེབས་པ་དྲན།
ནད་ཡམས་ཀྱི་དབང་གིས་མཐོ་གོམ་པ་གང་ལ་སྤོ་མི་ཐུབ་པས།
ཁ་རོག་གེར་ཆང་བཏུང་བ་ལས་ཐབས་ཅི།
བོད་ཟས་ཁང་འདིའི་མིང་ལ་ནས་འབྲུ་སྔོན་མོར་འབོད།
ནས་འབྲུ་ནི་རྩམ་པའི་ཉེར་ལེན་གྱི་རྒྱུ་ཡིན་པས།
ཨ་མ་ལགས་དྲན་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཉག་ཅིག་ག་ལ་མིན།
རྫོང་མཁར་འདིའི་བོད་པའི་ཟ་ཁང་འདིར།
མགྲོན་པོ་ཧ་ཅང་ཉུང་ན་ཡང་།
ཞབས་ཕྱི་པས་བོད་སྐད་དག་མོ་སྨྲས་ཡོང་ན།
རྒྱང་རིང་གི་རི་ཁུགས་ཅིག་ནས།
ཕར་འགྲོ་དུས་འོ་མའི་ལམ་དཀར་བྱེད་ཅིང་།
ཚུར་ཡོང་དུས་འཛུམ་གྱིས་བསུ་མ་བྱེད་པའི།
ཨ་མའི་འཛུམ་དང་སོ་དཀར་ཇི་འདྲའི་དྲན་ཨང་།