སྤྲིན་གསེབ་གྱི་བང་རིམ་ནས་རིམ་གྱིས་གྱེས་པའི་ཆར་ཐིག་གཅིག
བར་སྣང་སྟོང་བའི་དབྱིངས་ནས་བབས་ལ།
ལྗོན་ཤིང་དང་རྩི་ཏོག་གི་འདབ་ལོའི་རྩེ་རུ་འགྲེ་ལྡོག་བྱེད་བཞིན།
ལོ་ཟླའི་གོམ་འགྲོས་ཀྱིས་སྲ་མཁྲེགས་སུ་བཏང་བའི།
འདམ་ཐང་དུ་དལ་གྱིས་འཐིམས།
ཞིབ་ཀྱིས་བལྟས་ན་འདི་ནི་ང་ཡི་ལས་དབང་ཡིན་པ་འདྲ།
འཁྱག་རོམ་གྱི་མཁར་རྫོང་དང་ཡུན་གྱིས་གྱེས་པ་ནས།
གྱ་གྱུའི་གླུ་གཞས་ལེན་པའི་ཆུ་ཕྲན་དང་འགྲོགས་ཏེ།
སྨད་ཀྱི་རྒྱ་མཚོར་འདྲེས་དགོས།
དེ་ནི། ང་ཡི་ཁེར་རྐྱང་གི་སྐྱོ་གཞས་ཡིན་ཀྱང་སྲིད།
ཞོགས་པའི་སྨུག་པ་མཁའ་དབྱིངས་སུ་ཡལ་དུས།
ངས་རང་ཉིད་ཀྱི་ང་རྒྱལ་ཁུར་ནས་བར་སྣང་ལ་བལྟས།
ཡིན་ཡང་། རྩྭ་རྩེ་ན་རླུང་གིས་གཏོར་ལ་ཉེ་བའི་ང་རང་།
ཅི་འདྲའི་གཉོམ་ཆུང་བ་ལ་ཨང་།
ཁོར་ཡུག་འདིའི་སྦག་བཙོག་ཁུར་བའི་ཁྱེད་ཚོ།
ཅི་འདྲའི་གཏུམ་དྲག་ལྡན་པ་ལ་ཨང་།
ན་སོའི་ལྗོན་རྐང་ཕྲ་བས་ཡིན་ནམ་ཅི།
ཁྱེད་ཀྱིས་ང་རང་ཆུད་ཟོས་སུ་མ་གཏོང་རོགས།
ང་ནི་ཁེར་རྐྱང་ལ་མི་གོམས་པས།
ངས་ཡར་སེམས་ཀྱི་ཀུན་སྤྱོད་ཅིག་བཟུང་ཡོད།
ང་ལ་རང་དབང་གི་ཚེ་སྲོག་ཅིག་ཡོད་ན་ཞེས་ཡང་ཡང་བཟློ་དགོས་བྱུང་།
༢
གལ་ཏེ་ང་ནི་ཟིལ་བ་ཆུང་ཆུང་ཞིག་ཡིན་ཚེ།
གནམ་མཐའ་ན་འཁྱམས་པའི་སྤྲིན་དཀར་གྱི་ཕོན་པོ་དེ་བྱ་མི་འདོད།
ཁྱེད་ཀྱིས་ང་རང་དག་གཙང་གི་ཆར་ཆུ་དེ་རུ་ངོས་འཛིན་བྱ་རོགས།
དབྱར་ཟླ་འགོ་མར། ཁུ་བྱུག་གི་གསུང་སྙན་དང་ལྷན་དུ།
ངས་ས་ཆེན་པོ་རྨི་ལམ་ལས་སད་དུ་གཞུག་ན་འདོད།
གལ་ཏེ་ང་རང་ཟིལ་བ་ཆུང་ཆུང་ཞིག་ཡིན་ཚེ།
རླབས་ཀྱི་ངར་སྒྲ་ལས་མཆེད་པའི་འོད་ཀྱི་ཟེགས་མ་དེ་བྱ་མི་འདོད།
ཁྱེད་ཀྱིས་ང་རང་ཤེལ་དང་འདྲ་བའི་ཟིལ་བ་དེ་རུ་ངོས་འཛིན་བྱ་རོགས།
འཆར་ཀའི་ཉི་ཟེར་གྱི་འཛུམ་མདངས་དང་འགྲོགས་ནས།
ས་ཆེན་པོར་ལྷད་མེད་པའི་འོ་ཞིག་བྱ་ན་འདོད།
གལ་ཏེ་ང་རང་ཟིལ་བ་ཆུང་ཆུང་ཞིག་ཡིན་ཚེ།
མ་ཡུམ་གྱི་བརྩེ་བ་ལས་མཆེད་པའི་ནུ་ཞོ་མངར་མོ་དེ་བྱ་ན་འདོད།
སེར་སྣ་དང་ནག་ནོག་གི་དྲི་མས་མ་གོས་པའི་བྱམས་བརྩེ་དེ་བསྣམས་ནས།
ལྷད་མེད་པའི་བྱིས་པ་དེའི་འཛུམ་མདངས་ལ་གཉོར་སྐྱོང་བྱ་ན་འདོད།
༣
ང་ནི་རང་ག་བའི་ཟིལ་བ་ཆུང་ངུ་ཞིག
གངས་རི་ནས་མཆེད་ལ།
རྒྱ་མཚོ་རུ་བཞུར་དགོས།
ཧི་མ་ལ་ཡའི་རི་རྒྱུད་ནས་དལ་གྱིས་འགྲིལ་ཡོང་ལ།
ཞི་བདེ་རྒྱ་མཚོའི་སྙིང་ཁོང་དུ་ཡུན་གྱིས་འབབ་དགོས།
ཡལ་འདབ་ཕྲ་མོའི་ཚེ་སྲོག་དང་བསྡོངས་ནས་ནར་སོན་དགོས་ལ།
དབྱར་ཟླ་ར་བའི་སྐྱེས་སྟོབས་དང་ལྷན་དུ་ལང་ཚོ་རྒྱས་དགོས།
གཡང་ཁྱིམ་གྲུ་བཞི་གཡང་གི་ར་བ་ནས།
སྦྲ་རྒན་སྨུག་པོ་དུད་ཞག་ཅན་པོའི་རུམ།
བརྗིད་ཆགས་ལྷུན་པོ་ཚང་ཚིང་བཀླུབས་པའི་དཀྱིལ།
ཡང་ན་རྡུལ་རླུང་རྒོད་པའི་བྱེ་ཐང་ཆེན་པོའི་ཕང་བ་རུ།
ང་ཡི་བརླན་གཤེར་གྱིས་ཁྱབ་ཡོད།
ངས་མ་ཕམ་གཡུ་མཚོའི་རླབས་རྒྱུན་ལ་རེ་སྒུག་གི་སྨོན་པ་སྐྱེས་མྱོང་།
དེ་ནི་ངའི་རེ་ལྟོས་ཀྱི་ས་བོན་ལ་མྱུ་གུ་འབུས་ས་ཡིན།
ངས་ཁྲི་ཤོར་རྒྱ་མོའི་བཞུར་རྒྱུན་ལ་འགྲན་སེམས་དང་ཁེངས་ར་ཤོར་མྱོང་།
དེ་ནི་ངའི་རྨི་ལམ་དུ་ཡང་ཡང་འཁོར་མྱོང་པའི་རྨི་ལམ་དེ་ཡིན།
ངས་ཞི་བདེ་རྒྱ་མཚོའི་རྒྱ་ཁྱོན་ལ་ཀི་བསྭོ་དང་ངོ་བསྟོད་བྱས་མྱོང་ཞིང་།
དེ་ནི་ངའི་མཐར་ཐུག་གི་འཚོ་བཞེས་ཀྱི་རང་དབང་མཚོན་བྱེད་ཡིན།
༤
ང་དགའ་བའི་ཚེ། བརྩེ་བ་ཡོད་ཚད་ནམ་མཁའི་མཐོངས་སུ་སྤུར་མྱོང་།
ང་ཁྲོ་བའི་དུས། ཞེ་སྡང་ཡོད་ཚད་བྱེ་མའི་ཐལ་རླུང་ཚ་པོ་ནང་དུ་འཕངས་མྱོང་།
དེ་དག་ང་རང་གི་ང་རྒྱལ་དུ་བསམ་ཡོད།
ང་ནི་རང་ག་བའི་ཟིལ་བ་ཆུང་ངུ་ཞིག
དཔྱིད་རླུང་འཇམ་པོའི་རམ་འདེགས་ཡོད་པས་ང་རང་ཁེར་རྐྱང་དུ་ལུས་མ་མྱོང་།
དབྱར་ཆར་བསིལ་མོའི་སྐུལ་མ་ཡོད་པས་ང་རང་ཨ་ཐང་ཆད་མ་མྱོང་།
སྟོན་ཟླ་ནེམ་མོའི་བྱམས་བརྩེ་ཡོད་པས་ང་རང་སེམས་སྡུག་ལ་འཕྲད་མ་མྱོང་།
དགུན་ལྗོངས་ཁ་བའི་རམ་འདེགས་ཡོད་པས་ང་རང་སུན་སྣང་ཡང་སྐྱེས་མ་མྱོང་།
ང་ཡོད་པར་གྱུར་ན།
ལོ་ངོ་སྟོང་ལ་ཁེར་རྐྱང་དུ་ལུས་པའི་སྡོང་རྒན་ལ་ཡང་།
ཚང་ཚིང་གི་ཡལ་འདབ་སྐྱེ་སྲིད། ཞིམ་མངར་གྱི་འབྲས་བཟང་འཐོག་སྲིད།
ང་ནི་རང་ག་བའི་ཟིལ་བ་ཆུང་ངུ་ཞིག
སུ་ཞིག་གི་བསྟོད་བསྔགས་མེད་ལ། སུ་ཞིག་གི་ཡིད་སྨོན་དཀོན།
སུ་ཞིག་གི་རེ་སྒུག་མེད་ལ། སུ་ཞིག་གི་དད་གུས་ནི་དེ་བས་ཀྱང་ངོ་།།
ཡིན་ཡང་། ངས་རང་གིས་རང་ལ་སྐུལ་མ་དང་སྟོབས་ཤུགས་སྦྱིན་ཡོད།
འདས་སོང་གི་ལོ་ངོ་ག་ཚོད་ཅིག་གི་དུས་ལ།
མི་རྣམས་ཀྱིས་ང་སྟེ། རང་ག་བའི་ཟིལ་བ་ཆུང་ངུ་ང་དྲན་ཁོ་ཐག་ཡིན།
ང་རང་ནི།
ཡིད་ཆེས་དང་སྤོབས་པས་ཁེངས་པའི་ཟིལ་བ་རྡོག་གཅིག
ཕྱི་སྣོད་དང་ནང་བཅུད་ན་འཛུམ་བའི་ཟིལ་བ་རྡོག་གཅིག
ཁམས་གསུམ་ན་རྐང་རྗེས་བཀབ་ཡོད་པའི་ཟིལ་བ་རྡོག་གཅིག
ང་ནི་ང་སྟེ། ལྷ་ཡི་སྤྱན་ཆབ་ཡིན།
ཀླུ་ཡི་ཁྲུས་ཆུ་ཡིན།
མི་ཡི་འཐུང་ཆུ་ཡིན།
མདོར་ན།
ང་རང་ནི་ཟིལ་བ་ཆུང་ངུ་ཞིག་གོ།
2022/12/12