བསིལ་རླུང་གིས་སྒུལ་གྱིན་པའི་རྩྭ་ལྗང་གི་རྣམ་ཤེས།
དགུན་ཐ་མའི་སྐྱ་རེངས་ཀྱི་སྔ་རོལ་ཞིག་ལ།
ཁ་བ་དང་ལྷན་དུ་འབྱུང་བཞིའི་ཁམས་ལ་འཁོར།
ཉི་འོད་ཕོག་ས་ཞིག་དང་རླུང་ཁ་འཇམ་ས་ཞིག་ཏུ།
མགོ་ཀྲོག་ཀྲོག་དང་མིག་རིག་རིག་གིས།
ས་ཤུན་རྟོལ་ཏེ་འཛིན་མའི་མངལ་སྒོར་ལྷུང་།
ཆུ་མོའི་ངུ་ངག་གི་ཤག་སྒྲ་རིང་དུ་སྲིང་།
བྱ་བྱིའུ་ཁ་གཡང་གི་གྲེ་འགྱུར་གླུ་རུ་དྲངས།
ད་དུང་ཡང་ནམ་མཁའི་བྲང་གཞུང་དུ་སྨིན་ཞིང་།
འོ་འཛིན་གྱི་སྤྲིན་ཚོམ་ལས་འཇོ་བའི་ཐིགས་པ་རེར།
ཟམ་ཟིམ་དུ་རོ་འཛིན་གྱི་མྱོང་བྱར་སིམ་དུས།
ཚེ་སྲོག་གི་གསོན་ཤུགས་གསར་བ་ཞིག
རྒྱང་རིང་ནས་རྒྱང་རིང་དུ་ལྗང་མདོག་གིས་ཁྱབ།
དཔྱིད་ཀ་བུས་པ་ཞིག་གི་ངུ་ངག་དང་འདྲ་ལ།
འཚེར་སྣང་དང་འཛེམ་མདོག་གིས་སྐྱེད་པའི་བརྒྱུད་རིམ་ནི།
རྩྭ་ལྗང་གི་ནེམ་ཤར་རྔམ་པའི་ཕྱེ་ལེབ་ཀྱིས་གཤོག་རྡེབ་བཞིན།
འཕུར་ལྡིང་གི་འཁྱུག་རྩལ་རྫོགས་པའི་རྩེད་འཇོའི་རོལ་མོ།
མཁའ་དབྱིངས་སུ་བྱིས་བློ་ལྟར་སྨིན།
དཔྱིད་ཀར་མེ་ཏོག་ཅིག་འབུལ།
དྲོད་ཀྱིས་བསྐྱངས་ཤིང་རླུང་གིས་རེག་པའི།
སེམས་ཀྱིས་རེ་ཞིང་མིག་གིས་འཚོལ་བའི།
སྙིང་གི་སྲུབས་ཀ་ན་གཉོམ་ཆུང་གིས་འབུས་པའི་མེ་ཏོག
ཁྱོད་ཀྱི་འཁྱགས་ཧྲེངས་ཀྱི་བྲང་ཁར་བཞད་སྲིད་ཨང་།
ཁ་བས་ཁྱོད་ཀྱི་བརྩེ་བ་དུར་དུ་བཅུག་ནའང་།
གྲང་རེག་གིས་ཁྱོད་ཀྱི་སེམས་པ་འཁྱག་པར་བཏང་ནའང་།
དཔྱིད་ཀར་ཉི་འོད་དྲོ། སྔོ་རྩྭ་འབུས། མེ་ཏོག་འཛུམ།
བྱ་བྱིའུས་ཁྱོད་ལ་གླུ་དབྱངས་ལེན།
ཆུ་མོས་ཁྱོད་ལ་ཀུ་ཅོ་འདོན།
ཁོ་བོས་ཁྱོད་ལ་སྤྲིན་རིས་སུ་ཕབ་པའི་སྙིང་དམར།
ལག་མཐིལ་དུ་བླངས་ཏེ་མེ་ཏོག་གི་ཚུལ་གྱིས་འབུལ།
མེ་ཏོག་དེ་ལྗང་མདོག་ཡིན་ལ་ཚོར་བ་ཡིན་ཆོག
མེ་ཏོག་དེ་དཔྱིད་ཀ་ཡིན་ལ་མཛེས་སྡུག་ཡིན་ཆོག
མེ་ཏོག་དེ་ཁམ་སྡོང་གི་རྩེ་མོར་བཞད་ཅིང་།
རྣང་ཞིང་གི་མངལ་དུ་ཞུགས་པའི་ས་བོན་ཅི་ལ་མིན།
དཔྱིད་ཀར་མེ་ཏོག་ཅིག་དབུལ།
རི་སྟོད་ཀྱི་ཁ་བ་ད་རུང་སོ་ན་གནས།
རི་གཤམ་དུ་རྩྭ་ལྗང་གི་མགོ་བོ་ཀྲོག་ཀྲོག་ཏུ་གཡུག
བསིལ་རླུང་གིས་འཇམ་རེག་གམ་སྤྲིན་པས་འདུ་འགོད།
ཁ་ཆར་འདྲེས་མའི་གནམ་གཤིས་ཤིག་ཀྱང་།
ས་རྡུལ་གྱིས་བཏུམས་པའི་ནམ་མཁར་ལྡིང་ཞིང་སྐོར།
ཁ་བ་བབས་ཤིང་ཆར་བ་འབབ་པའི་ནམ་ཟླ།
དཔྱིད་ཀ་ཁོ་ནར་དབང་བའི་མཛེས་སྡུག
དཔྱིད་ཀར་མེ་ཏོག་ཅིག་འབུལ།
མེ་ཏོག་གི་རྩེ་མོར་འཁོར་བའི་སྦྲང་མ་དེས།
ཁྱོད་ཀྱི་བརྩེ་བར་འཁྱིལ་བའི་ཟེའུ་འབྲུ་ལས།
དཔྱིད་ཀ་འདིར་འཛོམ་པའི་མཛེས་པ་ཞིག་བསྐྲུན།
དཔྱིད་ཀར་མེ་ཏོག་ཅིག་འབུལ།
མེ་ཏོག་མ་བཞད་པའི་སྔོན་ལ།
ཆུ་ཕྲན་གྱིས་ཀུ་ཅོ་འདོན་ངེས།
བྱ་བྱིའུས་གྲེ་བ་གསང་ངེས།
རྩྭ་ལྗང་གིས་མགོ་བོ་གཡུག་ངེས།
ད་དུང་ཁ་བའི་འདབ་མ་ཞིག་ཀྱང་།
མེ་ཏོག་གི་ཟོལ་གྱིས་ཁྱོད་ཀྱི་བྲང་ཁར་ལྷུང་སྲིད།
དཔྱིད་ཀར་མེ་ཏོག་ཅིག་འབུལ།
2022/4/20