ཁ་མི་གྲག་པའི་ཐ་སྙད།
དུས་ཚོད་ཀྱིས་ཁུ་སིམ་མེར་སྐྱེ་བོ་དག་ཐག་རིང་ཞིག་ལ་འཁྲིད།
ཁུ་སིམ་མེར་ཞེས་པའི་ཐ་སྙད་དེ་འབྲི་དུས།
ཐ་སྙད་དེའི་འཆད་ཁུངས་ནས་རྒྱབ་ལྗོངས་རོལ་མོ་གྲག་སྟེ་
མི་ཐེག་པའི་ཚོར་བ་ལྗིད་པོ་ཞིག་གིས་མནན།
གཙང་བོ་ཞེས་པའི་ཐ་སྙད་དེ་གངས་འདབས་སུ་འགྲོ་ཁར།
བཞུར་སྒྲ་ཞིག་གིས་ང་རང་བརྡར་དེ་ཟད་ལ་ཉེ།
ལག་པ།
མཐོང་མི་ཐུབ་པའི་གློག་དང་འཕྲད་པར་དོགས་ནས།
རྒྱུན་པར་ལག་པར་ལག་ཤུབས་ཤིག་གྱོན་ཡོད།
མཐོང་མི་ཐུབ་པའི་རླུང་ཞིག་ནམ་ཡང་ལག་པའི་ངོས་སུ་འབྱར་འདུག
གནས་གང་ཞིག་ནས་ལག་ཤུབས་དོར་ཆོག
གནས་གང་ཞིག་ནས་རླུང་མེད་པར་བཟོ་དགོས།
ལག་པའི་ནང་དུ་མེ་ཡི་ཚིག་མཛོད་ཅིག་ལས་མེད་པས།
ང་རང་འཁྱགས་རོམ་གྱི་གླུ་ལ་ཉན་པར་གོམས།
ཚེ་གང་བོར།
ཚེ་གང་བོར་སྤྲིན་པ་ཞིག་ལ་བལྟས་ཏེ་བསྡད།
གཅེར་བུར་རྒྱུ་བའི་སྤྲིན་པ་ཞིག་གིས་ང་རང་ཆུ་ཐིགས་ཤིག་ཏུ་བསྒྱུར།
ཚེ་གང་བོར་མེ་ཏོག་ལྡུམ་ར་ཞིག་ལ་བལྟས་ཏེ་བསྡད།
མེ་ཏོག་ལྡུམ་རས་ང་རང་སྦྲང་མ་ཞིག་ཏུ་བསྒྱུར།
སྤྲིན་པ་ལས་ཆུའི་ཐིགས་པ་འགའ་བླངས་སྟེ།
སྲང་ལམ་ཁུར་རྗེས་ཀྱི་རྐང་རྗེས་མང་པོ་ཞིག་གི་སྟེང་དུ་གཏོར།
དེ་ལས་མེ་ཏོག་འགའ་བཞད།
མེ་ཏོག་གི་གསེབ་ནས་ལྷིང་འཇགས་གོས་སུ་གྱོན་ཏེ།
ཚེ་གང་བོར་དཔེ་ཆ་ཞིག་བཀླགས།
མུན་པ་དལ་མོ།
གཞིས་ཁྱིམ་དུ་ཁ་བ་བབས།
ནགས་ཚལ་ནི་འཕྲུལ་སྣང་གི་ཟློས་གར་ཞིག
ཁ་བའི་ཁྲོད་དཔར་བའི་རྐང་རྗེས་ཁྲག་ཐིགས་ཀྱི་ཚོགས་འདུས་ནས་གྲུབ་ཅིང་།
ཡང་སྙིང་ཞུ་བར་གྱུར་བའི་སྒྱུ་འཕྲུལ་ཞིག་གོ།
རྡོ་འཁྱག་མང་པོ་འཁྱགས་རོམ་ལས་འཕགས་ཏེ་ང་ཡི་རུམ་ལ་འཛུལ།
ཡིན་ཡང་། མིག་ལམ་དུ་ནག་ཐིགས་ཙམ་ཡང་མི་འདུག
མུན་པ་དལ་མོ་ཞིག་གིས་ནོར་ནག་དང་ལུག་ཁྱུའི་རྨིག་རྗེས་
ཁྲིད་དེ་ཚུར་འོང་གིན་འདུག
ནམ་མཁའ་བཟོ་བ།
དོ་ནུབ་ཀྱི་དུས་ཚོད་ལ་ཚད་བཀག་མེད་ནའང་།
འཇིག་རྟེན་སྟེང་ཆེས་ཐུང་བའི་སྙན་ངག་ཅིག་ཀྱང་བྲི་མ་ཐུབ།
དོ་ནུབ།
རང་ཉིད་སྐྱེས་པ་ནས་ད་ལྟའི་བར་དུ་རྨིས་པའི་རྨི་ལམ་དག་
ཕྱོགས་གཅིག་ཏུ་བཀྲལ་ཏེ།
གཉིད་ཀྱི་ཞིང་ཁམས་ལ་ནམ་མཁའ་ཞིག་བཟོ།
སྙན་ངག་ཐུང་ངུ་ཞིག་གི་ནང་དུ།
ལོ་མ་གཅིག་གི་ནམ་མཁའ།
མི་ཡུལ་གྱི་ལྗོན་པ་གཅིག་གི་སྟེང་དུ་ལོ་མ་ག་ཚོད་ཡོད་པ་
ཁྱོད་ཀྱིས་བརྩི་མི་དགོས་ཏེ།
ཁྱོད་ཀྱིས་ལོ་མ་གཅིག་གི་གསང་བ་དག་བྲིས་ཏེ་
རླུང་ལ་ཁ་གྲགས་པར་བྱས་ན།
ངག་རྒྱུན་དུ་གྲགས་པའི་ལྗོན་པ་གཅིག་གི་སྟེང་གི་ལོ་མ་
བརྩི་རྒྱུ་ནི་ཇི་འདྲའི་སླ་ཨང་།