གཉིས་སུ་མེད་པའི་ཁྱེད། (ཞར་བཀོད་གསུམ)
སྡོད་མི་ཚུགས་པའི།
སྣང་བ་ཡམ་ཡོམ་དུ་མཆེད་པའི།
ལོ་ཟླའི་ཟམ་ཆེན་མང་པོ་ཞིག་བརྒལ་རྗེས།
ཁྱེད་ལ་ཚེ་ཡི་འབྲུ་མ་དབུལ་རུང་ཆོག་པའི་ཞེ་འདང་ཞིག་གིས།
ངའི་ཡིག་ཚོགས་མང་པོ་ཞིག་ལ་ཚེ་ཡི་གཟུངས་གཞུག་བཞག་ཡོད།
ཞེ་དུབ་སྙིམ་པ་གང་།
གམ་དུ་ཉེ་བར་གནས་པའི་མི་དག་ལ་སུན་སྣང་གི་ཐ་སྙད་མང་པོ་མི་སྤུངས།
རང་ཉིད་ལ་ཐུན་མིན་གྱི་དབང་བའི་ཤེལ་གྱི་དམ་བེའི་ནང་དུ།
ཞེ་འདོད་ཀྱིས་འགྲེང་འདོད་པའི་ཕུགས་འདུན་གྱི་ནམ་མཁའ་རུ་གཤོག་ཟུང་འབྲི།
སྐབས་ལན་རེར།
ང་རང་ཡུན་རིང་ཞིག་ལ་ངག་སྨྲ་མི་ཤེས་པའི་ལྐུགས་པ་ཞིག་ཏུའང་ཡི་ག་འོངས།
དེ་ལྟ་ནའང་ཁྱོན་ཆེ་བའི་ཁྱེད་ཅག་གི་སེམས་གཤིས་འབོར་མི་ཐུབ་ལ།
ང་ཁྱོད་ཅེས་པའི་མིང་བྱང་གཉིས་པོ་འདི་རྩ་མེད་དུ་གཏོང་བའི་
གདེང་ཚོད་དེ་བས་ཀྱང་མེད་སྟབས།
འཇིག་རྟེན་འདི་ནས་ཡོན་པོར་སོང་བའི་རྐང་རྗེས་འགའ་བསུབས་ཏེ།
རེ་ཞིག་ང་རང་དྲན་མེད་དུ་བརྒྱལ་བར་འདོད།
མི་ཚོགས་ནང་ནས་རང་ཉིད་ཀྱི་རྒྱབ་གཟུགས་བོར་ཏེ་ཁ་ཧང་བར་ཞེ་མི་སྨྲེང་།
ལྷ་ཁང་ནང་གི་རྨི་ལམ་ལྟ་བུའི།
འཇའ་ཚོན་གྱིས་བྲིས་པའི་གླེགས་བམ་ཁྲོད་ཀྱི་དབྱངས་གསལ་དེ་དག
ལོ་ངོ་བརྒྱ་ཕྲག་དུ་མར་སེམས་པ་གླན་ཆོག་པའི།
ཁོ་མོའི་གྲིབ་གཟུགས་འདིའི་འཆར་ཡན་གཞན་ཞིག་ཀྱང་ཡིན་ཆོག
རླུང་གིས་སྐྱོད་ཀྱིན་པའི་ཞེ་ཆགས་སྤར་མོ་གང་རེ་ལྟོས་ཀྱི་ས་བོན་ཞིག་ཏུ།
ས་གཞི་ཆེན་པོ་འདིའི་ཁ་ཞེངས་ཁེབས་པའི་ཚོར་བའི་ཞིང་དུ་གདབ་ཆོག་པས།
ཡོད་ཚད་ལ་མཚམས་འཇོག་མེད་ཀྱང་རང་ཉིད་ལ་གུ་ཡངས་གནང་ཆོག
ད་ནས།
ཞེ་རུ་ཡང་ཡང་འཁོར་ཡོང་བའི་མི་དག་ལའང་ཁ་ཞེ་གཉིས་སུ་ཡོད་པར་བྱ་སྟེ།
རང་ཉིད་ལ་ཁོད་སྙོམས་པའི་ཡུན་ཙམ་ཞིག་གི་གནས་མལ་ཞིག་སྟེར་འདོད་པས།
ཡོད་ཚད་ལ་བར་སྟོང་གཞན་ཞིག་གི་དགའ་སྤྲོ་སྟེར་སྙིང་འདོད།
མཚན་མོའི་སྙན་ངག
མི་ཡུལ་ལ་ཐོགས་པའི།
ཉི་མ་དགུ་སྟོང་སུམ་བརྒྱ་དྲུག་ཅུ།
ཁ་རོག་གེར་ཟད་སོང་། ང་ལ་ཅི་ཡང་མི་འདུག
གཉིད་ཐུན་གཅིག་ཡུར་རྗེས།
སླར་ཡང་སད་ཨེ་ཐུབ་སྙམ་པའི་དོགས་པ་ཞིག་ཡོད་སྟབས།
སེམས་ཁམས་ཀྱང་ལྷོད་ཆགས་སུ་གནས་མ་ཐུབ།
ཆེ་གེ་མོ།
—— “cm”ལ་བྲིས་པ།
འགོ་བརྩམས་པ་ནས་བཟུང་།
མཇུག་བསྡུ་བའི་མཐའ་མཚམས་ཤིག་ཀྱང་ཡོད་པས།
ངས་དྲན་མི་ཕོད་པའི་འབྱུང་འགྱུར་གྱི་གོ་རིམ་ནང་དུ།
མི་ཡི་བསམ་སྤྱོད་ལ་ར་སྤྲོད་ཇི་ལྟར་བྱ་དགོས་པའང་མི་ཤེས་པའི།
གཞན་དབང་གིས་ཐེ་ཚོམ་མང་པོ་ཞིག་ང་ལ་ཡོད་ཀྱང་།
ཁྱེད་ཀྱི་སྤྱན་ཟུང་གཡོ་སྟངས་ཙམ་གྱིས།
ང་ལ་ཐེ་ཚོམ་མམ་སོམ་ཉི་ཅི་ཡང་མེད་པར།
དགའ་བ་ཚད་མེད་ཅིག་ཁ་རོག་གེར་སྟེར་ནས་ཡོང་།
ཆེས་ཡིད་དུ་འོང་བའི“cm”ཡི་སྤྱན་ཟུང་ནང་དུ།
ངའི་འཇིག་རྟེན་གྱི... ...