མ་གཞིར་ལོ་སར་སྐབས་སུ་བཟའ་ཟླ་དང་མཉམ་དུ་བུ་ཆུང་ཁྲིད་དེ་ཕ་ཡུལ་དུ་ཐེངས་གཅིག་ལོག་འཆར་ཡོད་མོད། སྐབས་དེར་ཏག་ཏག་ལས་ཚོགས་ཀྱི་འགོ་རྩོམ་པའི་ཉིན་སྔ་མ་ཡིན་པ་དང་ཉིན་དེ་ནས་བཟུང་སྟེ་ཁ་བའང་རྒྱུན་མི་ཆད་པར་བསྟུད་མར་ཉིན་འགའ་ཤས་ལ་བབས་པས་ཡུལ་ལ་འགྲོ་བའི་འཆར་གཞི་དེ་མེ་རུ་འཕྲད་པའི་ཁ་བ་ལྟར་ཞི་བར་གྱུར་ཅིང་མ་ལགས་གཙོས་པའི་ཡུལ་མི་ཚོས་ཡུན་རིང་སྒུག་པའི་རེ་བའང་སྟོང་ཟད་དུ་མི་གཏོང་ཐབས་མེད་བྱུང་།
ཟླ་བཞི་བ་ཚེས་མ་ཐག་པའི་གཟའ་སྤེན་པའི་ཉིན་ལ་སྣང་བྱེད་གཞོན་ནུས་མཐོན་མཐིང་ལྷ་ལམ་ངོས་ནས་འོད་ཟེར་གྱི་ཟེགས་མ་མི་མཇེད་ཀྱི་ཞིང་འདིར་ཆེམ་ཆེམ་དུ་སྤྲོ་བཞིན་འདུག ང་ཚོ་བཟའ་མི་གང་བོས་ཞོགས་ཇ་སོས་དལ་ཞིག་འཐུང་རྗེས་གྲ་སྒྲིག་གང་ལེགས་ཙམ་བགྱིས་ཤིང་སྒེར་འཁོར་ལ་བསྡད་དེ་ཕ་ཡུལ་གྱི་ཕྱོགས་སུ་ཁ་ལོ་བསྒྱུར་བ་ཡིན། ཉི་ཟེར་གྱི་ཚ་བ་འཐིབས་ཤིང་མི་ཚོགས་ཀྱི་འདུ་འཛི་དང་འཕྲུལ་ཆས་སྣ་ཚོགས་ཀྱི་འུར་སྒྲས་ཁེངས་པའི་གྲོང་ཁྱེར་དང་རིམ་གྱིས་གྱེས་ཤིང་ཡུད་ཙམ་ཞིག་ལ་ཉིད་འོད་ཀྱི་ཟེགས་མའི་ཁྲོད་དུ་བསིལ་འཇམ་གྱི་དཔྱིད་རླུང་ལྡང་བའི་ཕ་ས་དྲོན་མོའི་པང་བར་བསླེབས་པས་བདག་གི་གྲེ་བའི་བུ་ག་ནས་གཞས་དབྱངས་ཐན་ཐུན་ཞིག་ཀྱང་དབང་མེད་དུ་ཐལ་བྱུང་། སྐབས་འདིར་ཕ་ཡུལ་གྱི་མི་རྣམས་རྨོ་འདེབས་ཀྱི་ལས་ལ་བརྩོན་པའི་དུས་དང་ཁེལ་ཡོད་དེ་བགྲོད་ལམ་གཡས་གཡོན་གྱི་ཞིང་ཚིགས་བར་དུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་ཡོད། བཟའ་ཟླས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེད་ཙམ་མར་ཕབ་ཅིང་ཁ་པར་གྱི་བརྙན་མིག་ལས་ལམ་གྱི་མཐོང་སྣང་གཟུགས་སུ་ལེན་ཞོར་བུ་ཆུང་གི་འདྲི་ཚིག་རེ་རེ་ལ་ལན་ལྡོན་བཞིན་ནམ་རྒྱུན་ལས་ལྷག་པའི་འཛུམ་མདངས་ཤིག་གདོང་ལ་མངོན་ཡོད་ལ། མཚམས་རེར་བུ་ཆུང་གིས་ལམ་གྱི་གཡས་གཡོན་དག་ལས་གང་བྱུང་དུ་མཐོང་འོང་བའི་ཞིང་ལས་ཡོ་བྱད་དང་རྨོ་ཕྱུགས་སོགས་ལ་མིང་ཡང་མི་ཐོགས་པའི་ཚུལ་དེར་སྐྱོ་བའི་དབུགས་རིང་ཡང་ཡང་འབྱིན་བཞིན་འདུག སྐབས་དེར་བདག་གི་གྲེ་བའི་དབྱངས་རྟ་ཐོལ་གྱིས་ཆད་པར་གྱུར་ཅིང་སེམས་ཀྱི་ལུ་གུ་རང་དབང་མེད་པར་བུ་ཆུང་གི་ཕྱོགས་སུ་ལྡིང་། སྒེའུ་ཁུང་གི་གསེང་ནས་བརྒྱུད་འོང་བའི་དཔྱིད་རླུང་གི་ལྕེ་ལྡག་འཇམ་པོས་བདག་གི་འཆར་ཡན་གྱི་སེམས་པ་སྐད་ཅིག་ཉིད་ལ་ཕ་ཡུལ་དང་བུ་ཆུང་བར་དུ་ཁོམ་ལོང་མེད་པར་བཅུག་ཅིང་བྲེད་ཤ་དང་ཞེད་སྣང་ཞིག་ཀྱང་རང་དབང་མེད་པར་སྒལ་ཚིགས་བརྒྱུད་དེ་སྤྱི་གཙུག་ཏུ་ཡལ། སེམས་ཁྲལ་དང་སྐྱོ་ཡུས་གང་ཞིག་གིས་འཐེན་པའི་དངན་པ་རིང་མོ་དང་མཉམ་དུ་མགོ་བོ་དགྱེ་ཐེངས་ཤིག་གིས་བཟའ་ཟླའི་གློ་བུར་དུ་མི་སྡུག་པར་གྱུར་བའི་གདོང་གི་རྣམ་པ་དེའང་རླངས་འཁོར་གྱི་མདུན་སོའི་ལྡོག་མཐོང་མེ་ལོང་ལས་མངོན་ཡོང་།
འདི་ལྟར་སྒང་གཤོང་འདྲེས་མའི་ལམ་ཕྲེང་རིང་མོ་ཞིག་བརྒྱུད་མཐར་ཕ་ཡུལ་དང་ཐག་ཉེ་བའི་གྲོང་ཚོ་དག་མཐོང་ལམ་དུ་མངོན་ཞིང་རིམ་བཞིན་བདག་གི་དྲན་པའི་ཀློང་རིམ་ནས་སུབ་ཏུ་མེད་པའི་མ་ཎི་ཆུ་འཁོར་དེ་དང་ཤུག་ཡག་རི་ཁྲོད་ཀྱང་མཐོང་བྱུང་། དེ་རིང་གི་མ་ཎི་ཆུ་འཁོར་དེ་ནམ་རྒྱུན་དང་འདྲ་བར་ཕ་ཡུལ་གྱི་གཞུང་ཆུ་ཕྲ་མོའི་ཉེ་འགྲམ་གྱི་སྤང་ཁུག་ཏུ་བརྟན་ཚུགས་ངང་ཀེར་རེར་འགྲེང་ཡོད་ལ་འཁོར་ཁང་སྟེང་ཡོངས་སུ་ཕོག་པའི་ཉི་འོད་ཀྱི་གཟི་མདངས་ཁྲོད་དུ་རང་གི་བྱ་གཞག་ལྷུ་རུ་ལེན་པའི་དྲིལ་ཆུང་གི་སིལ་སྒྲ་སྙན་མོས་ཞབས་འོག་གི་ཆུ་ཕྲན་དྭངས་མོ་དེ་གསེར་འོད་ལམ་ལམ་གྱིས་ཧ་ཅང་རྒྱང་རིང་ལ་སྨོན་འདུན་གྱི་ཚུལ་དུ་སྐྱེལ་མ་བྱེད་པ་དང་འདྲ། མ་ཎི་ཆུ་འཁོར་དང་ཅུང་གསེག་ཐད་ཀྱི་རི་ངོས་སུ་ཆགས་པའི་རི་ཁྲོད་བྱིན་ཅན་དེའང་ལོ་ཟླར་མ་སྐམ་པའི་ཤུག་སྡོང་ཆེན་པོ་ཞིག་གི་ཡལ་གའི་གསེང་ནས་ནམ་ཡང་སུ་ཞིག་ལ་གསང་སྟབས་ཀྱིས་རེ་སྒུག་བྱེད་པ་ལྟར་མངོན། བདག་གིས་དེ་དག་མཐོང་བའི་མོད་ལ་དྲན་པའི་མེ་ལོང་ངོས་སུ་མི་ལོ་སུམ་ཅུ་ལྷག་གི་ཡར་སྔོན་གྱི་འདས་དོན་རེ་འགའ་གསལ་ལེར་འཆར་ཡོང་།
ང་རང་ལོ་ན་དྲུག་བདུན་ཙམ་ཡིན་པའི་ལོ་ངོ་དེ་དག་ལ་བདག་གིས་མིག་ཟུང་ལོང་བའི་ཨ་ཕྱི་ལགས་དུས་རྒྱུན་དུ་ཕ་ཡུལ་དང་བར་ཐག་ལེ་དབར་བཞི་ལྔ་ཙམ་ཡོད་པའི་མ་ཎི་ཆུ་འཁོར་དང་རི་ཁྲོད་དེར་འཁྲིད་བཞིན་ཡོད། བདག་སློབ་ཆུང་དུ་ཞུགས་རགས་བར་དུ་ང་ཁོ་མོའི་ལག་རྟེན་ལྟ་བུར་གྱུར་ཅིང་ཁོ་མོ་གོམས་གཤིས་བཞིན་ཐོག་མར་མ་ཎི་ཆུ་འཁོར་སར་སོང་སྟེ་ངག་ཏུ་ཟློ་བཞིན་པའི་མ་ཎིའི་དབྱངས་རྟ་ཇེ་མཐོར་གྱེར་ཞིང་ཁྱོར་བས་ཆུ་ལན་གསུམ་ཁ་ནང་དུ་ལྡུག་མཐར་མིག་ཟུང་ཡང་ཡང་དུ་བཀྲུ་བར་བྱེད། མ་ཎི་ཆུ་འཁོར་འགྲམ་ནས་ངལ་གསོ་ཅུང་ཙམ་བྱས་རྗེས་ཁྱར་འཁྱོར་གྱི་གོམ་ཁ་རི་ཁྲོད་ཀྱི་ཕྱོགས་སུ་བསྒྱུར་བར་བྱེད་ལ་རི་ཁྲོད་ལ་ཐོན་རྗེས་ཞིག་རལ་དུ་གྱུར་བའི་སྔར་གྱི་མཁར་རྙིང་དེར་སྐོར་བ་ལན་གསུམ་བྱེད་ཅིང་ཨ་ལགས་བདེ་གཤེགས་ཚང་མཁྱེན་ཞེས་ལག་ཟུང་ཐལ་མོ་སྦྱར་བཞིན་མཚམས་རེར་མིག་ཆུའང་འབྱིན་སྲིད། རྗེས་སུ་ང་ཅུང་ནར་སོན་རྗེས་ཕ་མ་ལས་རྒྱུས་ལོན་བྱུང་བ་ལྟར་ན་རི་ཁྲོད་དེ་ཨ་ལགས་ར་ཚང་གི་བཞུགས་གནས་ཡིན་པ་དང་ཨ་ཕྱི་ལགས་ཨ་ལགས་ཚང་གི་རིག་མ་ཡིན་འདུག་ལ། དང་ཐོག་ཨ་ལགས་དང་མཉམ་དུ་རི་ཁྲོད་དེ་རུ་ལོ་མང་བོར་བསྡད་མྱོང་བར་འདུག རིག་གསར་སྐབས་ཨ་ལགས་བཙོན་འཇུག་བྱས་ཏེ་གཤེགས་སོང་ལ་ཨ་ཕྱི་ལགས་ཕྱིར་ཕ་ཡུལ་དུ་མི་ལོག་ཐབས་མེད་བྱུང་། སྐབས་དེར་ངས་དྲན་པའི་གཟུགས་བརྙན་རེ་ཞིག་ཕྱིར་བསྡུས་ཏེ་བུ་ཆུང་ལ་ཕ་གའི་གན་ལ་མ་ཎི་ཆུ་འཁོར་ཟེར་བ་དང་ཡ་གའི་དེ་རི་ཁྲོད་རེད་ཅེས་ར་སྤྲོད་བཞིན་ད་དུང་རི་སྒང་གི་ལབ་ཙེ་དེ་དང་བགྲོད་ལམ་གྱི་དབྱིངས་སུ་འཐེན་པའི་འཕྲེད་དར་བཅས་གསལ་བཤད་གང་ཐུབ་བྱེད་ཞོར་ཡིད་ལ་གསལ་བོར་འཛིན་དགོས་པའི་རེ་བ་བཏོན་པ་ཡིན། བུ་ཆུང་གིས་ཀྱང་ཅི་ཞིག་གློ་བུར་དུ་རྟོགས་སོང་བ་ལྟར་ང་ལ“ཨ་ཕ་དེ་ན་མ་ཎི་དེ་གློག་གིས་འཁོར་དུ་བཅུག་ན་ཨེ་དྲག རི་ཁྲོད་ཀྱི་ཁང་བའི་ནང་དུ་མི་སུ་བསྡད་ཡོད་དམ། ལམ་གྱི་ནམ་མཁའ་རུ་དར་ལྕོག་འཐེན་དོན་ཅི་ཡིན”སོགས་དྲི་བ་འགའ་བསྟུད་མར་བཏོན་བྱུང་བས་བདག་གིས་ཀྱང་ལན་གང་ཤེས་ཤིག་འདེབས་བཞིན་བུ་ཆུང་གི་ལྐོག་ཏུ་གྱུར་བའི་ཕ་ཡུལ་གྱི་གསང་བའི་སྒྲོག་གུ་རེ་རེ་ཅི་ལྟར་གྲོལ་བར་བསམ་གཞིགས་ཀྱི་རྒྱ་རུ་ཚུད།
ཕ་ཡུལ་གྱི་རུ་སྡེ་ཆུང་ཆུང་དེ་གཞི་ནས་མིག་ལམ་དུ་མངོན་བྱུང་། སྡེ་བའི་ཁ་གཏད་ཀྱི་རི་འདབས་སུ་སྐྱེས་པའི་གསོམ་སྡོང་ཆེན་པོ་དང་སྡོང་རྩའི་བྲག་གསེབ་བརྟོལ་ནས་སྙན་ལྷང་ལྷང་གིས་དུས་བཞིར་བར་མེད་དུ་བཞུར་བའི་དྭངས་བསིལ་གྱི་ཆུ་མིག་སོགས་ཁོ་ར་ཁོར་ཡུག་གི་ཆེས་གདོད་མར་གནས་པའི་བྱ་དངོས་ཡོད་ཚད་བདག་གི་བྱིས་དུས་ཀྱི་དྲན་པ་སློག་པའི་རྟགས་མཚན་རེ་རེ་བཞིན་མིག་ལམ་དུ་འཚང་འོང་བས།(སྐྱེས་དུས་མིག་ལ་ཐོགས་པའི་ཕ་ཡུལ། རྒས་དུས་ཞེ་ལ་ཐོགས་པའི་ཕ་ཡུལ)ཞེས་པའི་སྙན་ཚིག་ཚན་པ་ཞིག་ཀྱང་ལྡབ་ལྡིབ་ངང་ངག་ནས་རང་དབང་མེད་པར་ཐལ། ཁྱིམ་ལ་འབྱོར་རྗེས་མ་ལགས་སོགས་ཡུལ་མི་ཚོའི་ལྷད་མེད་བརྩེ་འཛུམ་དང་དགོད་སྒྲའི་ཁྲོད་ནས་ང་ཚོས་གུང་ཇ་འཐུང་ཞིང་ཤ་མར་རྩམ་གསུམ་གྱི་དྲི་མ་དག་སྣ་བའི་བུ་གར་བརྒྱུད་པ་ན་སྨྲ་མི་ཤེས་པའི་བདེ་བ་ཞིག་གིས་ལུས་སེམས་ཡོངས་སུ་ཁྱབ། བདག་གིས་བུ་ཆུང་ལ་ཡང་ཡང་བསྐུལ་མཐར་བྱིས་པ་ཚོ་དང་མཉམ་དུ་ཕྱི་རུ་རྩེད་མོ་རྩེ་བར་ཕྱིན་སོང་ལ་མ་འགྱངས་པར་བྱིས་པ་ཚོ་དང་ཅུང་འདྲིས་པར་གྱུར་ཅིང་རྩེད་མོའི་རོལ་རྩེད་སྣ་ཚོགས་ཁྲོད་ཡོངས་སུ་གཡེང་སོང་། ཕ་ཡུལ་གྱི་བྱིས་པ་ཚོའི་འཚོ་གཞིས་ཀྱི་ཁོར་ཡུག་ཆུང་ཆུང་འདིའི་བརྩེ་བས་ཕྱུག་ཅིང་དྲོད་ཀྱིས་ཁེངས་པའི་འཚོ་བའི་ངོ་བོ་མཚོན་པའི་རོལ་རྩེད་དང་གཡང་དཀར་མ་གཏོགས་རྩེད་གྲོགས་མི་དགོས་ལ་མེ་ཏོག་མ་གཏོགས་རྩེད་སྤྱད་མི་དགོས་པར་སྤྲོ་དགས་བརྟས་པའི་དགོད་སྒྲ་སྙན་མོ་ཕ་གའི་རི་བོའི་ཚལ་ནས་བྲག་ཅ་རུ་འཁོར་བས་བུ་ཆུང་གི་གཉུག་གཤིས་ཀྱི་རྩིག་ལྡེབ་ངོས་ལ་འོད་ཀྲིག་ཀྲིག་གི་གད་བདར་ཐེངས་ཤིག་བྱ་ཐུབ་སོང་སྙམ་པའི་ཚོར་བ་ཞིག་གིས་བདག་གི་སེམས་རྒྱུད་ཡོངས་སུ་གཏམས་སོང་།
སྲོད་ཁའི་མཚམས་སྤྲིན་ཁྲོད་རི་རྩེར་འཕངས་པའི་ཉི་མ་གཞོན་ནུའི་མཛའ་བའི་གསེར་ཞགས་རིང་མོའི་འོག་རྫི་བོ་ཕོ་མོ་ཚོས་རྟ་ནོར་ལུག་གསུམ་དག་ཕྱིར་རང་ཡུལ་དུ་བསྡུ་བའི་ལས་ལ་བྲེལ་ཞིང་རང་རང་གི་ཕྱུགས་ཟོག་རྣམས་ཁྱུ་དང་ཁྱུ་བྱས་ཏེ་རིམ་བཞིན་སྡེ་འདབས་སུ་བསྐྱིལ་ཅིང་ཕྱུགས་ལྷས་སུ་འཇུག་པར་བྱེད། བདག་གི་ཚ་བོས་ཀྱང་ནོར་ལུག་ལྷས་ར་རུ་ཡོངས་སུ་བཅུག་པ་ན་བྱིས་པ་ཚོ་གོམས་གཤིས་བཞིན་ལྷས་ནང་དུ་འཚང་ཞིང་བེའུ་དང་ལུ་གུ་སོགས་ལ་ཞོན་ཏེ་ས་མ་རུབ་བར་དུ་དེ་དག་དང་ལྷན་དུ་རྩེ། བདག་གི་བུ་ཆུང་ཡང་དང་མ་ཞེད་སྣང་དང་འཛེམ་སྣང་གིས་བཅར་ཡང་མི་ཕོད་མོད་ཚ་བོའི་རམ་འདེགས་འོག་བེའུ་ཞིག་ལ་ཞོན་ཐུབ་པ་བྱུང་ལ་ཅུང་མ་འགོར་བར་བྱིས་པ་ཚོའི་ཁྲོད་དུ་ནོར་ལུག་དང་ཡོངས་སུ་འདྲེས་པར་གྱུར། སྐབས་དེར་བུ་ཆུང་གདོང་གི་སྔར་མཐོང་མ་མྱོང་བའི་འཛུམ་མདངས་དང་སྔར་ཐོས་མ་མྱོང་བའི་དགོད་སྒྲ་དག་ལས་བདག་གི་དགའ་སྐྱོ་འདྲེས་མའི་ཡིད་ཀྱི་གཙང་བོ་རླབས་ཀྱིས་སྐྱོམས་ཤིང་ཚོར་བའི་ཟེགས་མ་མིག་གི་རྒྱལ་མོའི་ལྟེང་ཀར་ངང་གིས་བབས། རེད་དེ། ང་ཚོ་ཅུང་འཚར་ལོངས་བྱུང་བ་ནས་ཕ་ཡུལ་ཟེར་བའི་ཆེས་སྤྱིར་བཏང་གི་འཚོ་གནས་འདི་ཉིད་སུན་སྣང་ཁྲོད་ཡུན་རིང་གོན་པའི་ལྭ་བ་རྙིང་བ་ཞིག་ཕུད་པ་བཞིན་ཁོར་ཡུག་གསར་བ་དག་གི་བསླུ་བྲིད་ཀྱི་གཡོ་འོག་ནས་ཡོངས་སུ་བརྗེད་ལ་ཉེ་དུས་སླར་ཁོར་ཡུག་དེའི་མི་ཚོགས་ཀྱི་ཨ་གསར་གྱི་རང་གཤིས་དང་རུལ་སུངས་ཀྱི་མཁའ་དབུགས་རྫོབ་པོས་མ་ཡུམ་ལྟ་བུའི་ཕ་ཡུལ་གྱི་བརྩེ་བ་ཟོལ་མེད་ཀྱི་རུམ་ཁུག་ལ་ཕྱིར་ལོག་མི་བྱེད་ཐབས་མེད་དུ་འགྱུར་ལ། མོའི་ངོ་གདོང་གི་རྒས་གཉེར་རེ་རེར་བསྟིམས་པའི་གསང་བའི་རྟོགས་བརྗོད་མང་བོ་ཞིག་ཀྱང་གསར་དུ་ཀློག་དགོས་པར་འདུག དེ་བས་ཀྱང་བདག་གི་བུ་ཆུང་ལྟ་བུའི་ཕྱི་རབས་པ་ཚོ་ཁོ་མོའི་དྲོད་མ་ཡལ་བའི་རུམ་ཁོངས་ནས་གསར་དུ་ལམ་ལ་ཆས་སུ་བཅུག་སྟེ་འཁོར་བའི་ཆོས་ཉིད་སྟོན་པའི་ཕ་ཡུལ་དུ་ཕྱིར་ལན་མང་དུ་ལོག་པར་བྱ་དགོས།
དགོང་ཁའི་སྨག་ནག་གི་ཡོལ་བ་དལ་གྱིས་འཐེན་ཞིང་མཁའ་མཐའི་སྐར་མའང་ཇེ་མང་ནས་ཇེ་མང་དུ་གྱུར་ལ་རེ་ཞིག་སྔོ་བསང་མའི་བཞིན་གདོང་ཡོངས་སུ་རྒྱུ་སྐར་གྱི་བཀྲག་མདངས་ལམ་ལམ་འཚེར། བཟའ་ཟླ་དང་བུ་ཆུང་གཉིས་སྔ་མོ་ནས་རྨི་ལམ་གྱི་ཞིང་ཁམས་སུ་ཐོན་ཡོད་ནའང་བདག་ནམ་གང་བོར་གཉིད་གཏན་ནས་མ་ཁུགས་ལ་ཤིན་ཏུ་ལྷིང་ཞིང་འཇགས་པའི་ཚན་ཐུན་རིང་མོ་འདི་མཚམས་རེར་སྒོ་ཁྱི་ཚོའི་ཟུག་སྐད་ཀྱིས་ཡོངས་སུ་དཀྲོགས་པར་བྱེད། བདག་གིས་ཕ་ཡུལ་དང་འབྲེལ་བའི་འདས་དོན་མང་བོ་ཞིག་ལ་ཕྱིར་དྲན་བྱེད་ཅིང་འདས་སོང་གི་གླེག་བམ་ཁྲོད་ཀྱི་ཤོག་ལྷེ་རེ་རེ་དལ་གྱིས་རྫོགས་བཞིན་ཕྱི་ཉིན་གྱི་སྐྱ་རེངས་མི་བསུ་ཐབས་མེད་བྱུང་། ཞོགས་པའི་ཉི་གཞོན་གྱི་ཟེར་ཕྲེང་རིང་མོ་སྒེའུ་ཁུང་ནས་གསེག་ཐད་དུ་འཕྲོས་ཤིང་དྲོད་འཇམ་གྱི་ཉི་ཐིག་མདུན་ཅོག་གི་སྟེང་ལ་ཕོག་ཡོད། རྫི་བོ་ཕོ་མོ་ཚོས་ནོར་ལུག་རི་ལ་འདེད་པའི་སྒྲ་དབྱངས་རིམ་གྱིས་འཇགས་ལ་ཞོགས་ཟས་གཡོས་སྦྱོར་བྱེད་པའི་དུ་སྤྲིན་སྲབ་མོ་ཞིག་སྡེ་བའི་མཁའ་དབྱིངས་སུ་ལྷོད་ཀྱིས་ཁྱབ་ཅིང་དྲི་མ་ཞིམ་པོ་རེའང་སྐབས་རེར་སྐྱི་སེར་གྱི་འགྲོས་དང་བསྡོངས་ཏེ་སྣ་ལམ་དུ་མཆེད་འོང་། ང་ཚོས་ཞོགས་ཇ་འཐུང་རྗེས་མ་ལགས་སོགས་ཡུལ་མི་ཚོའི་སྐྱེལ་མའི་ལག་བརྡའི་ཁྲོད་ཕ་ཡུལ་ནས་ཕྱིར་ལོག་པའི་ལམ་ལ་ཆས། བུ་ཆུང་གིས་བྱིས་པ་ཚོ་དང་འབྲལ་མི་འདོད་པའི་ཕྱིར་མིག་ལན་མང་དུ་འཕེན་བཞིན་ང་ལ“ཨ་ཕ་ཐེངས་རྗེས་མར་ང་ཚོ་ནམ་ཕྱིར་ཡོང་རྒྱུ་ཡིན”ཞེས་དྲིས་བྱུང་བས་བདག་གི་ཡིད་སེམས་གློ་བུར་དུ་དགའ་སྐྱོ་འདྲེས་མའི་ཀློང་དུ་ཁྲིད་ཅིང་མིག་ཟུང་གི་མཐའ་རུ་མཆི་མའི་ཕྲེང་རྒྱུན་ཞིག་ཀྱང་ངང་གིས་འཁོར་རོ།།
2022ལོའི་ཟླ4བའི་ཚེས18ལ།