དགུ། སྤང་ཐང་གི་དགེ་རྒན་ཆེན་མོ།
ཁྱེད་ཀྱི་ཐང་དཀར་རྒོད་པོའི་གཤོག་འགྱུར་གྱིས།།
འབྲོག་པའི་སྨག་རིམ་མུན་པ་རྒྱང་དུ་བརྟོལ།།
ཁྱེད་ཀྱིས་ཏང་གི་དགོངས་པ་ཟབ་མོ་ཡིས།།
ན་གཞོན་ཕོ་མོར་ཕུགས་ཀྱི་འདུན་མ་བསྐྲུན།།
ཁྱེད་ཀྱིས་ཤེས་བྱའི་སྒོ་མོའི་ལྡེ་མིག་གིས།།
འབྲོག་མང་རིག་པའི་བློ་སྒོ་ཡངས་པོར་ཕྱེས།།
ཁྱེད་ཀྱིས་བོད་ལུགས་གསོ་རིག་ལག་རྩལ་གྱིས།།
གངས་ཅན་ན་ཆུང་རིག་པའི་གཤོག་རྩལ་རྒྱས།།
ཞེས་པ་འདི་ནི་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་བ་ཡངས་གླིང་རྡོ་རྗེས་དགེ་རྒན་ཉི་མ་ཚང་སྐུ་གཤེགས་ནས་ལོ་གཅིག་འགོར་བར་རྗེས་དྲན་དུ་བྲིས་པའི་སྙན་ངག་དུམ་བུ་ཞིག་རེད། སྙན་ངག་འདི་ཅུང་རིང་བས། འདིར་ཚན་པ་གཅིག་མ་གཏོགས་དྲངས་མེད།
དེ་ཡང1992ལོའི་དབྱར་གཞུང་དུ། ང་རྒན་ཡངས་གླིང་རྡོ་རྗེ་ཚང་གི་གམ་དུ་བཅར་འདྲིར་སོང་བ་ན། ཁོང་གིས་ཡང་བརྩེ་དུང་ཟབ་མོའི་ངང་སྙན་ངག་དེ་གྱེར་འདོན་བྱས་པ་དང་། བཏོན་ཚར་རྗེས་ཁོང་གིས་མགོ་བོ་རྐུབ་སྟེགས་རྒྱབ་ཀྱི་བསྙེས་མ་དེར་བསྙེས་ཏེ་ཅི་ཡང་མི་སྨྲ་བར་ཅུང་ཙམ་བསྡད། རྐུབ་སྟེགས་ཀྱི་རྒྱབ་ཕྱོགས་ན་དཀར་ཞིང་ཆེ་བའི་སྒེའུ་ཁུང་ཡོད་པ་དང་། དེ་ལས་རྒྱ་ནག་ཁྲིན་ཏུའུ་མཁར་གཅིག་པུ་ལ་ཡོད་པའི་ཉི་འོད་འཇམ་པོ་དེ་ཁོང་གི་སེ་སེར་གྱུར་བའི་དབུ་སྐྲ་ལ་ཕོག་པས་འོད་ཆེམ་ཆེམ་དུ་སྣང་།
ཁོང་གིས་ང་ལ་རྒན་ཉི་མ་དང་ཁོང་གཉིས་ཕན་ཚུན་རྒྱུས་ཡོད་པ་ནས་གྲོགས་པོར་གྱུར་ཚུལ་ངོ་སྤྲོད་བྱེད་ཞོར་ཡུན་རིང་བོར་ཁ་ཅི་ཡང་མི་གྲག་པར་ཁུ་སིམ་མེར་གྱུར།
ཁ་བརྡ་བྱེད་རྒྱུ་དེ་མི་རིགས་སློབ་གསོ་རེད།
ཁོང་ལྟ་བུའི་སྤྱོད་ཡོན་གཉིས་ལྡན་གྱི་རྒན་པོས་ང་ལ་དོན་དེ་གླེང་སྐབས་ཀྱི་ཤུགས་དྲག་པའི་བརྩེ་ཞེན་དང་མོས་འདུན་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས།
དེབ་འདི་ཇུས་འགོད་བྱེད་སྐབས་ནས་བཟུང་འབྲེལ་གཏུགས་བྱས་པའི་མི་སྣ་དེ་དག་དང་རིམ་པ་སོ་སོའི་འགོ་ཁྲིད་སོགས་མི་ཡོངས་ཀྱིས་འདི་ལྟ་བུའི་འདུན་པ་དང་བརྩེ་ཞེན་དབང་མེད་ངང་ཕྱིར་མངོན།
མི་རྣམས་ཀྱིས་ཁོང་ལ་མི་རིགས་ཀྱི་སློབ་གསོ་བ་ཞེས་ཟེར་ཞིང་། དེས་ན་ཁོང་ཇི་འདྲ་བྱས་ནས་ལུས་ཁམས་གསོ་བའི་སྨན་པ་ཞིག་ནས་ཤེས་རབ་ཀྱི་གཟི་འོད་ཆེན་པོས་མ་རིག་མུན་པ་འཇོམས་པའི་མི་རིགས་སློབ་གསོ་བ་ཆེན་མོ་ཞིག་ཏུ་གྱུར་བ་རེད་ཅེ་ན། ང་ཚོས1960ལོར་ཁོང་གི་བྱ་བ་ལས་འགོ་རྩོམ་པའི་ལོ་ཟླ་དེར་ཕྱིར་བལྟ་ཞིག་བྱེད།
1、ཐོག་མའི་འབྱུང་གནས — སྦྲ་ནག
བཞག་སྡོམ་ཕྱུགས་ནད་འགོག་བཅོས་ས་ཚིགས་བཙུགས་པའི་དུས་མགོར། སྨན་ཁང་འདིའི་ལས་མི་ཉི་མ་དང་ལས་འཁྱུར་ངལ་གསོ་བྱས་པའི་འགོ་འཛིན་གཉིས་མ་གཏོགས་རིག་གནས་ཆུ་ཚད་ཧ་ཅང་ཞན། ཁོ་ཚོས་བཞག་སྡོམ་ཡུལ་ཚོའི་ཁྱབ་ཁོངས་ཀྱི་ཕྱུགས་ནད་སྨན་བཅོས་དང་སྔོན་འགོག་གི་ལས་དོན་འདི་གཉེར་དགོས་མོད། འོན་ཀྱང་ལས་བཟོ་བ་རྣམས་ཀྱིས་ཆེས་གཞི་རྩར་གྱུར་བའི་རིག་གནས་ཤེས་བྱ་ཅུང་ཙམ་ཡང་མི་ཤེས་པ་འདིས་ཁོ་ཚོའི་འཕེལ་རྒྱས་ལ་བཀག་འགོག་ཆེན་པོ་ཐེབས།
གནས་ཚུལ་འདི་ལྟ་བུའི་འོག་ཏུ་ཉི་མས་སློབ་གསོའི་ལམ་བུའི་ལས་དོན་གྱི་གོམ་པ་དང་པོ་སྤོས། ཁོ་རང་ཉིད་ཀྱིས་ཀྱང་ཐོག་མའི་གོམ་པ་དེར་དོན་སྙིང་ཅི་འདྲ་ཞིག་ལྡན་པ་ཚོད་དཔག་བྱེད་ཐབས་བྲལ། དེའི་ཕྱིར་ང་ཚོས་འདིའི་རླབས་ཆེན་གྱི་གོམ་པ་དང་བོ་དེ་ཟླ་ཚེས་གང་ཞིག་ལ་ངོས་འཛིན་དགོས་པ་མི་ཤེས། ཡིན་ཡང་1960ལོ་དེ་ཀྲུང་གོའི་ས་ཆ་གང་ལ་ཡང་ཕྱིར་དྲན་དང་འདང་རྒྱག་གང་མང་ཞིག་ཡོད་པའི་ལོ་ཞིག་ཡིན་པས་ལོ་དེ་དྲན་པས་ཆོག གོམ་པ་དེ་ནི་བོད་ཕྱུགས་ནད་གསོ་བ་རིག་པའི་མ་ལག་འཛུགས་པར་འཚོལ་ཞིབ་དང་ཚོད་ལྟ་བྱེད་པའི་གོམ་པ་དང་པོ་ཡིན་ཚུལ་དེ་ཡིད་ལ་བཟུང་བས་ཆོག་སྙམ།
དུས་དེ་ནས་བཟུང་ཉི་མས་ལས་གྲོགས་ཚོར་ལག་རྩལ་དང་གཞུང་ལུགས་ཐད་ནས་མཛུབ་ཁྲིད་གང་ལེགས་གནང་། རྒྱུན་པར་ཡུལ་ངེས་མེད་དུ་སྤོ་བའི་སྦྲ་གུར་དུ་ཉི་མས་ཕྱུགས་ནད་སྨན་བཅོས་ཞིབ་འཇུག་བྱེད་ཞོར། ལས་གྲོགས་རྣམས་ལ་སྔོ་སྨན་དང་ནད་རྟགས་སོ་སོའི་ཁྱད་ཆོས་སོགས་རྨང་གཞིའི་ཤེས་བྱ་དག་གང་ལ་གང་འཚམ་གྱིས་སློབ་ཁྲིད་བྱས། རིག་གནས་ཆུ་ཚད་ཞན་ལ། གསོ་རིག་སྐོར་གྱི་ཉམས་མྱོང་དང་རྒྱུན་ཤེས་མེད་པའི་ལས་གྲོགས་དག་ནི་ཁོང་གི་ཆེས་ཐོག་མའི་སློབ་མར་གྱུར། དེ་དག་གིས་ཁོང་ལ་སྔོ་སྨན་འཚོལ་བསྡུ་དང་ལས་སྣོན། ཕྱུགས་ཟོག་གི་རྗེས་དེད་ནས་ནད་ལ་རྟག་ཞིབ་སོགས་ལ་རོགས་རམ་བྱས་ཤིང་། ཁོང་གིས་བར་གསེང་གི་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླག་མི་གཏོང་བར་ཀ་ཁའི་འབྲི་ཀློག་དང་གསོ་རིག་གཞུང་ལུགས་ཀྱི་ཤེས་བྱ་གོ་བདེར་ཁྲིད།
དེ་ནི་དུས་རབས་དེའི་དམག་འཁྲུག་སྐབས་ཀྱི་དངོས་ཐོག་ལག་ལེན་དུ་འཐབ་ཚུལ་སྦྱང་བའི་སྤྱོད་ཚུལ་དང་མཚུངས། དེ་ནི་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དང་། འབད་པ་ལྷོད་མེད་ཀྱི་སློབ་མ་གཉིས་འཛོམས་ཀྱི་ཚད་ལྡན་སློབ་གྲྭ་ཞིག་ཡིན་ལ། འོན་ཀྱང་ཕྱོགས་གཞན་ཞིག་ནས་ང་ཚོའི་གོམས་གཤིས་སུ་གྱུར་བའི་སློབ་གྲྭ་ཞིག་ལ་ངེས་པར་དུ་མཁོ་བའི་སློབ་སྒྲུབ་མ་དངུལ་སྒོར་གཅིག་ཀྱང་བརླགས་མེད་པ་དང་། སྡོད་ཤག་དང་གཏན་འཁེལ་བསླབ་གཞི་མེད་པ། ཡང་ན་སྲིད་གཞུང་གིས་ཆོག་མཆན་དང་མིང་རྟགས་གང་ཡང་བཀོད་མེད་པས་སློབ་གྲྭ་ཞིག་མིན་ཟེར་ཡང་ཆོག
སློབ་གྲྭ་དེར་ངེས་གཏན་གྱི་སློབ་ཁྲིད་དུས་ཚོད་མེད་པས། ཉིན་དཀར་སྨན་བཅོས་དང་། དགོང་མོ་སློབ་ཁྲིད་བྱས། སློབ་མ་ཚོས་ངལ་གསོས་པ་ན། ཉི་མས་ད་གཟོད་དུས་ཚོད་དམ་འཛིན་བྱས་ནས་བསླབ་གཞི་དག་སྒྲིག་བྱ་དགོས།
བཞག་སྡོམ་ཕྱུགས་ནད་འགོག་བཅོས་ས་ཚིགས་ཀྱི་ད་ལྟའི་འགོ་འཛིན་པ་རྒན་ཟླ་བས་ང་ལ་བཤད་རྒྱུར། “དགེ་རྒན་ཚང་གི་དེ་ལྟ་བུའི་ལས་ཀའི་མོས་པ་དང་གཟུགས་པོའི་ངར་ཤུགས་དེ་སྐྱེ་ཁམས་རིག་པའི་ཐད་ནས་འགྲེལ་བཤད་བྱེད་མི་ཐུབ། སྐབས་དེར། ཉིན་མོ་ང་ཚོ་དགེ་རྒན་དང་ལྷན་དུ་ཕྱི་ལ་སྨན་བཅོས་དང་སྔོ་སྨན་འཐུ་རུ་འགྲོ་དགོས་པས། ཧ་ཅང་ཐང་ཆད་ན་ཡང་། དགོང་མོ་ད་དུང་ཆུ་ཚོད་གསུམ་ཙམ་ལ་དགེ་རྒན་གྱིས་སློབ་ཁྲིད་གནང་བས་ཉིན་རེར་དགོང་མོའི་ཆུ་ཚོད་བཅུ་གཅིག་སྔོན་ལ་ཉལ་ཁོམ་མེད”ཟེར། མཚན་མོ། རྡོ་སྣུམ་གྱི་སྒྲོན་མེའི་འོད་ལ་བརྟེན་ནས་སློབ་ཁྲིད་བྱེད་སྐབས། ན་གཞོན་རྣམས་ཧ་ཅང་ཐང་ཆད་ལ་གཉིད་དྲོ་བས། སློབ་མ་ཟླ་བས་ལག་ཟུང་གི་གྲུ་མོ་གཉིས་བརླ་གཡས་གཡོན་གྱི་སྟེང་ལ་བཙུགས་ཏེ་ཁུ་ཚུར་གཉིས་མ་ནེའི་འོག་ནས་གཏད་ཅིང་དྲང་མོར་བསྡད་ནས་སློབ་ཁྲིད་ཉན་ཁུལ་གྱིས་གཉིད། སྒྲོན་མེའི་འོད་མི་ཆེ་བས་སྦྲ་གུར་ནང་གི་དཀར་འོད་མི་གསལ་ཏེ། དགེ་རྒན་གྱིས་ཐེངས་གང་མང་ཞིག་ལ་ཟླ་བ་ཧ་ཅང་ནན་ཏན་རེད་ཅེས་བསྟོད་བསྔགས་བྱས། དགེ་རྒན་གྱིས་བསྔགས་བརྗོད་བྱེད་ཐེངས་རེར་ཟླ་བ་ཁོ་རང་གནོང་འགྱོད་ཚད་མེད་སྐྱེས་པ་དང་། ཐེངས་རྗེས་མའི་སློབ་ཁྲིད་སྐབས་གཉིད་མི་ལོག་ཅེས་རང་གིས་རང་ལ་དམ་བཅའ་བཞག་ནའང་། ཧ་ཅང་ཐང་ཆད་པས་དོན་ཐོག་ཏུ་འཁྱོལ་དཀའ། མཐར་ཉི་མས་གནས་ཚུལ་ངོ་མ་ཤེས་དུས་སློབ་མ་དག་ཧབ་ཆ་བརྒྱབ་པ་དང་། ཉི་མ་ཡང་ཁོ་ཚོ་དང་མཉམ་དུ་ལྷུག་ལྷུག་ཏུ་བགོད་ཅིང་ཁོ་ལ་སྐྱོན་བརྗོད་ནན་མོ་བྱས།
ཉིན་ཞིག་ལ་དགེ་རྒན་ཉི་མས་ནན་མོར་བཤད་རྒྱུར། “ང་འདི་འདྲ་ཁྱོད་ཚོའི་མགོར་སྟག་མོ་ཇི་བཞིན་བཙན་པོའི་སྒོ་ནས་གཉིད་བཅག་ཟས་བརྗེད་ཀྱིས་དཀའ་ལས་བཏད་པ་དེ་ཁྱེད་ཚོར་ཤ་མ་ཚ་བ་མིན། ཡིན་ན་ཡང་ཁྱོད་ཚོས་ང་ཚོའི་སྤང་ཐང་འདི་ལ་ལྟོས་དང་། འདི་ལ་ཆེས་ཁ་ཚ་དགོས་གཏུགས་སུ་གྱུར་བ་དེ་ཅི་རེད། ངས་ཁྱོད་ཚོ་ས་ཆ་འདིར་དགོས་མཁོ་ཆེ་ཞིང་མེད་དུ་མི་རུང་བའི་མི་ཞིག་ལ་འགྱུར་དུ་འཇུག་བསམ་པ་དེ་རེད”ཅེས་གསུངས།
དུས་དེ་ནས་བཟུང་སློབ་ཁྲིད་སྐབས་སུ་ཟླ་བའི་གཉིད་ཀྱང་མེད་པར་གྱུར།
རྒྱུན་པར་སློབ་མ་ཚོ་ཉལ་རྗེས་དགེ་རྒན་ཉི་མས་སྒྲོན་མེའི་འོག་ཏུ་སང་ཉིན་གྱི་སློབ་ཁྲིད་གྲ་སྒྲིག་བྱེད་དགོས་པ་དང་། ནངས་མོ་ཆུ་ཚོད་དྲུག་ལ་མ་ཐོན་པར་སློབ་མ་ཚོ་བོས་ཏེ་མལ་ལས་ལངས་སུ་བཅུག་ནས། བྲེལ་འཚུབ་ངང་ནངས་ཇ་རེ་འཐུང་ནས་ལས་ཀར་ཞུགས།
ལུག་གི་རྙང་ནད་སྨན་བཅོས་ཀྱི་སྐབས་སུ། སློབ་མ་ཞིག་གི་བློ་སྒོ་གཏན་ནས་འབྱེད་མ་ཐུབ། ཉི་མས་སློབ་མ་དེ་ལུག་གི་རིལ་བོངས་ཤིག་གི་རྩར་ཁྲིད་ནས་དེར་བརྟག་དཔྱད་བྱེད་དུ་བཅུག སློབ་མ་དེས་ཁ་སར་སྦུབ་ལོག་བྱས་ཏེ་ནན་ཏན་གྱིས་རིལ་མ་ལ་ལྟ་ཞིབ་ཡང་ཡང་བྱས་མཐར། མགོ་རིལ་བོངས་ཐོག་ཏུ་བསྙེས་ནས་གཉིད་འདུག
སློབ་མ་ཚོས་དགེ་རྒན་གྱིས་དཀའ་ལས་བརྗོད་ཀྱིས་མི་ལངས་པ་ཞིག་མྱོང་བཞིན་པ་ཤེས་མོད། འོན་ཀྱང་དཀའ་བ་དང་དུ་བླངས་ཏེ་སློབ་གྲྭ་ཞིག་འཛུགས་པའི་སེམས་ཁུར་དང་སྐབས་དེ་དང་བསྟུན་པའི་ཐེག་དཀའ་བའི་ཉེན་ཁ་ཅི་ཞིག་ཁུར་བཞིན་པའི་དཀའ་སྡུག་སུས་ཀྱང་མ་ཚོར།
སྔོན་ཆད་ཅི་བྱ་གཏོལ་མེད་དུ་གྱུར་བའི་ཕྱུགས་ནད་དེ་དག་རེ་རེ་བཞིན་སེལ་ཞིང་། ཆེས་ཐོག་མའི་སྦྲ་གུར་སློབ་གྲྭ་འདི་ནས་ལག་རྩལ་རྐྱང་བའི་ཐད་ནས་དགེ་རྒན་གྱིས་ཤེས་པ་ཐམས་ཅད་སློབ་མ་ཚོས་ཀྱང་ཁོང་དུ་ཆུད་པར་སྦྱངས། མིང་མེད་པའི་སློབ་གྲྭ་འདི་རིམ་བཞིན་ཉི་མའི་མིང་དང་བསྟུན་ནས་འབྲོག་པ་ཚོའི་ཁྲོད་ན་མིང་གྲགས་ཇེ་ཆེ་ནས་ཇེ་ཆེར་གྱུར།
སློབ་གྲྭ་དེ་སྐབས་དེར་ཤེས་རིག་གི་རིན་ཐང་དང་ཤེས་ཡོན་པའི་རིན་ཐང་ལ་རེ་འབོད་གཏོང་བའི་ཐོག་མའི་རྔ་སྒྲ་དེ་ཡིན་ལ། འབྲོག་པ་མང་ཚོགས་ཀྱིས་གོ་བདེ་བའི་ངང་སྨན་པའི་སློབ་གྲྭ་ཞེས་འབོད།
སྐབས་དེར། བཞག་སྡོམ་ཡུལ་ཚོ་ཧྲིལ་བོར་མི་ཉིས་སྟོང་མི་ལོན་པ་ཙམ་ལས་མེད་ཀྱང་། ཕྱུགས་ཟོག་ཁྲི་གསུམ་ཙམ་ཡོད་པས། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར39.59ཙམ་ཡིན། རྒྱུ་མཚན་གཙོ་བོ་ནི་ཕྱུགས་ནད་འགོག་བཅོས་ཀྱི་ཆུ་ཚད་ཧ་ཅང་རྗེས་ལུས་ཡིན་པས། དུག་སྲིན་ཟླུམ་ཕྲེང་ཅན་གྱི་ལུག་ནད་ལྟ་བུའི་རྒྱུན་འབྱུང་ནད་གཞིའི་ཤི་ཚད་བརྒྱ་ཆའི90ཡན་ཟིན་ཡོད་པ་དང་། ལུ་གུའི་གསོན་ཚད་བརྒྱ་ཆའི60ཙམ་ཡིན། འདི་ལྟ་བའི་དངོས་ཡོད་གནས་ཚུལ་འོག གནས་ཡུལ་ངེས་གཏན་མེད་པའི་གང་སར་གནས་སྤོར་བའི་སློབ་གྲྭ་འདི་ཐོན་སྐྱེད་ལག་རྩལ་དང་ཆུ་ཚད་མཐོར་འདེགས་ལ་རེ་ཞིང་སྒུག་པའི་འབྲོག་པ་མང་ཚོགས་ལ་མཚོན་ན་མེད་ཐབས་མེད་པའི་འཚོ་ཐབས་དང་འཚོ་རྟེན་ཉག་གཅིག་ཡིན་པས། སྦྲ་གུར་སློབ་གྲྭ་གང་དུ་སྐྱོད་ན་སློབ་མ་གསར་བའང་མུ་མཐུད་དུ་སློབ་སྦྱོང་དུ་འོང་། ལོ་དེར་གཅིག་པུ་ལ་སློབ་མ་གསར་བ32ཁ་སྣོན་བྱས་པས། དང་ཐོག་གི་སློབ་མ་ལས་ལྡབ་བཅུ་འཕར། ཉི་མའི་སེམས་སུ་འདི་ནི་རིག་གནས་རྗེས་ལུས་ཀྱི་སྤང་ཐང་དུ་ཚན་རིག་ལག་རྩལ་དང་ཤེས་རིག་ཁྱབ་བརྡལ་གཏོང་བའི་ཐབས་ལམ་ལེགས་པོ་ཞིག་ཡིན་པ་རྟོགས་པས། ཁོང་གིས་མགྱོགས་མྱུར་ངང་བོད་ཡིག་འབྲི་ཀློག་སྦྱངས་ནས་ཕྱུགས་ནད་འགོག་བཅོས་ལ་རྨང་གཞི་འདིང་བའི་ཐོག་མའི་བསམ་ཚུལ་ལས་བརྒལ་ཏེ་བསླབ་གཞི་བསྒྲིགས། དམིགས་ཡུལ་ནི་ཚད་ལྡན་གྱི་ཕྱུགས་ནད་འགོག་བཅོས་ཀྱི་མི་སྣ་གསོ་སྐྱོང་བྱེད་པ་གཅིག་པུ་མ་ཡིན་པར་མིག་རྒྱ་དེ་བས་རྒྱང་རིང་དུ་བསྐྱེད།
དེ་ལྟར་སྤྱོད་སྒོ་ཆེ་བའི་བསླབ་གཞི་སྐོར་ཞིག་ཁོང་ཉིད་གཅིག་པུས་ལེགས་སྒྲིག་བྱས། དེ་དག་ནི་བོད་ཡིག་འབྲི་ཀློག་དང་། ཕྱུགས་ནད་སྨན་པའི་རྒྱུན་ཤེས། སྨན་གྱི་རྒྱུན་མཁོའི་ཤེས་བྱ། སྨན་པའི་རྒྱུན་ཤེས། རྩིས་ཐོ་འགོད་ཐབས་སྐོར་གྱི་རྒྱུན་ཤེས་སོགས་ཀྱི་བསླབ་གཞི་དག་རེད། སྐབས་དེའི་སློབ་མ་ཕལ་ཆེར་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཞན་པ་དག་ཡིན་པས། ཁའི་ཟ་མ་དང་རྒྱབ་ཀྱི་གོན་པ་སོགས་ཀྱང་ཉི་མས་མཁོ་འདོན་བྱ་དགོས། མིང་ལ་བློ་བློ་ཟེར་བའི་སློབ་མ་ཞིག་དང་ཐོག་སློབ་གྲྭར་ཡོང་དུས་པགས་རྩག་ཅིག་ཀྱང་མེད་པས། ཕྱི་རྫ་འགོའི་སྔོ་སྨན་འཐུ་དུས་སམ་ནངས་དགོང་མོའི་སློབ་ཁྲིད་སྐབས་སུ་འཁྱག་ནས་གྲང་འདར་བརྒྱབ། དགེ་རྒན་གྱིས་དགོང་ཚོགས་གྲོལ་ནས་སློབ་ཁྲིད་གྲ་སྒྲིག་བྱས་ཚར་རྗེས། སློབ་མ་དེ་གྲང་ངར་གྱིས་རྐང་ལག་ཀུམ་ཀུམ་བྱས་ནས་ཉལ་ཡང་གཉིད་མ་ཁུགས་པར་མིག་ཟུང་ལས་མཆི་མ་ཐོར་བཞིན་པ་མཐོང་བས། ཁོང་གིས་བློ་བློ་རང་གི་ཉལ་ས་རུ་རུམ་ནས་དྲོས་པ་ན། ཁོས་སྦྲ་གུར་འདི་རང་གི་ཁྱིམ་ལས་ཀྱང་སྐྱིད་པར་འདོད་ནས་མགོ་རུམ་ནས་བུད་དེ་དགའ་བའི་ལ་གཞས་བླངས་པས། སྦྲ་གུར་ནང་གི་མི་ཚང་མས་མགོ་ཡར་དགྱེ་དགྱེ་བྱས་ཏེ་བློ་བློའི་གླུ་ལ་ཉན།
འབྲེལ་ཡོད་རྒྱུ་ཆ་ལྟར་ན། 1962ལོར། མཛོད་དགེ་རྫོང་ཡོངས་ཀྱི་སྤྱིར་བཏང་གི་རྨང་གཞིའི་སློབ་གསོ་མྱོང་བའི་སློབ་མ1653ཡོད་པ་དང་། སློབ་གསོའི་གྲོན་དངུལ་སྒོར94494དང་མི་རེའི་ཆ་སྙོམས་ཀྱི་སློབ་གསོའི་གྲོན་དངུལ་སྒོར57.2རེ་ཡིན། ཉི་མས་བཙུགས་པའི་སློབ་གྲྭ་འདིར་སློབ་མ50ཡོད་པའི་ཚད་གཞི་ལྟར་བརྩིས་ན། སྲིད་གཞུང་གིས་སྒོར3000གྱི་འགྲོ་གྲོན་གཏོང་དགོས་མོད། ཡིག་རྨོངས་སེལ་བ་དང་། དར་མའི་སློབ་གསོ། ལག་རྩལ་སློབ་གསོ་བཅས་མཉམ་དུ་སྤེལ་བ་དེ་སྐབས་དེའི་སློབ་གསོ་གོང་སྤེལ་གྱི་སྤྱིའི་འཆར་བཀོད་དུ་མེད་པས། སློབ་གྲྭ་འདིའི་སློབ་མ་ཚོར་སློབ་གསོའི་གྲོན་དངུལ་མ་ཐོབ་པ་རེད།
ཡིན་ཡང་ཕྱུགས་ནད་འགོག་བཅོས་ཀྱི་སྨན་པའི་སློབ་གྲྭའི་དགེ་ཕན་དེ་ལས་ལྡོག་ཏེ་སློབ་ཁྲིད་དང་ལས་ཀའི་གྲུབ་འབྲས་ཡང་ནས་ཡང་དུ་མངོན་བསལ་དུ་དོད།
སློབ་གྲྭ་དེའི་གྲུབ་འབྲས་དང་མིང་གྲགས་ཀྱང་དབྱར་གྱི་ཆུ་བོ་བཞིན་ཇེ་ཆེ་དང་ཇེ་རྒྱས་སུ་གྱུར་ཏེ་ཞང་གྲོང་ནས་རྫོང་། རྫོང་ནས་ཞིང་ཆེན་དང་རྒྱལ་ཡོངས་སུ་གྲགས། དེའི་སྐབས་ཁོ་ཚོ་རང་གིས་ཀྱང་སློབ་གྲྭ་ལ་བོད་ཕྱུགས་ནད་གསོ་བ་རིག་པའི་སྨན་པ་གསོ་སྐྱོང་འཛིན་གྲྭ་དང་། བོད་ཕྱུགས་ནད་གསོ་བ་རིག་པའི་སློབ་གྲྭ་ཞེས་མིང་གཉིས་བཏགས་ཀྱང་། མིང་གང་བཀོལ་བའི་ཐད་ནས་སྐབས་བབ་དང་བསྟུན་པའི་བཀོལ་ཚུལ་ཡོད། འདི་ལྟ་བུའི་སློབ་གྲྭ་རུ་སློབ་མ་ཚོར་ཤེས་རིག་ལག་རྩལ་ཁོ་ན་སྦྱང་བའང་མིན་པར། དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ་གྱིས་བུ་སློབ་ཚོའི་རྒྱུད་ལ་བག་ཆགས་ཟབ་མོ་བཞག་ཡོད་པས་དེ་དག་ཚང་མ་ཁོ་ཚོའི་མི་ཚེའི་བགྲོད་ལམ་དུ་མི་གཞི་གྲུབ་ཚུལ་དང་། མི་གཤིས་ཆགས་ཚུལ། ཡང་ན་བྱ་བ་རིགས་གང་ལ་འཇུག་པའི་གཞལ་མེད་ཀྱི་ཚེ་ནོམ་དུ་གྱུར་ཡོད།
ཕྱུགས་ནད་འགོག་བཅོས་གསར་དུ་འཛུགས་པའི་སྐབས་སུ། ཁོ་ཚོར་སྨན་བཅོས་ཀྱི་ལག་ཤེས་ཇི་འདྲ་འཛོམས་ཀྱང་། སྨན་མེད་པས་ཕྱུགས་ནད་གང་མང་ཞིག་སྨན་བཅོས་བྱ་མི་ཐུབ། དེའི་ཕྱིར་ཉི་མས་རྒྱུན་དུ་སློབ་མ་ཚོར“ང་ཚོ་དཔོན་པོ་ལྟ་བུའི་ཕྱུགས་ཟོག་སྨན་པ་བྱས་ནས་ཁྱིམ་དུ་བསྡད་ན་སྔོ་སྨན་རང་འགུལ་གྱིས་གྲུབ་མི་ཡོང་བས་ཕྱི་ལ་སྨན་འཐུ་རུ་འགྲོ་དགོས”ཞེས། དགེ་སློབ་ཚང་མས་ལམ་བྲོ་རེ་ཁུར་ཏེ་མཛོད་དགེ་ས་ཆའི་རི་ཆུ་ཀླུང་གསུམ་བརྒལ།
མེ་ཏོག་གངས་ལྷ་ནི་མཚོ་ངོས་ལས་སྨི4500ཡན་གྱི་རི་མགོ་ན་སྐྱེས་ཡོད་པས། སྦྲ་གུར་སློབ་གྲྭ་ཡང་རི་མགོར་འཛེགས་ཏེ་གནས་བཅས། སྨན་དེ་བཏུས་རྗེས། ཉི་མས་སྨན་དེ་དངོས་དཔེ་རུ་བཟོས་ནས་དེའི་ཁྱད་ཆོས་གསལ་བཤད་བྱ་ངེས་ལ། རྗེས་སུ་མེ་ཏོག་དེའི་ཁྱད་ཆོས་དང་སྨན་ནུས་སོགས་སློབ་མ་ཚོ་རང་ཉིད་ཀྱིས་སྣུམ་པར་བརྒྱབ་པའི་སློབ་དེབ་ཏུ་བཀོད་ཡོད། དུས་རིམ་དམིགས་བསལ་བ་དེ་རུ་མི་གཞན་གྱིས་ཁོང་ཚོར་བཀས་བཀོད་རྒྱུད་འཛིན་ལ་རྨོངས་དད་བྱེད་པར་འཁྲུལ་བའི་སོམ་ཉི་གཅོད་པར། ཉི་མས་ཤོག་ངོས་རེ་རེའི་གོང་དུ་འགོ་བརྗོད་ཀྱི་ཚུལ་དུ་ཁོང་ཉིད་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་མའོ་ཙེ་ཏུང་གི་གསུང་བཏུས་ཏེ། “ཤེས་བྱའི་དོགས་གནད་ནི་ཚན་རིག་གི་དོགས་གནད་ཅིག་ཡིན་པས། གཡོ་ཟོལ་དང་ང་རྒྱལ་ཅུང་ཙམ་ཡང་ཡོད་མི་རུང་ལྟ”བུ་དང་། “ཡང་དག་པའི་ཤེས་ཡོན་ནི་ལག་ལེན་ལས་ཐོབ་པ་ཡིན”ལྟ་བུའི་དུམ་ཚན་རེ་དཔར་ཡོད་པ་དང་། སློབ་དེབ་ཐོག་ཏུ“རྩོད་སྒྲུབ་དངོས་གཙོ་སྨྲ་བའི་བཞེད་ཚུལ་ལྟར་ན། ཕྱི་རྐྱེན་ནི་བྱ་དངོས་འགྱུར་ལྡོག་གི་ཆ་རྐྱེན་ཡིན་ལ། ནང་རྐྱེན་ནི་འགྱུར་ལྡོག་གི་གཞི་འཛིན་ས་དང་། ཕྱི་རྐྱེན་གྱིས་ནང་རྐྱེན་ལ་བརྟེན་ནས་ནུས་པ་ཐོན་པ་རེད”སོགས་བཀོད་ཡོད། དེའི་འཕྲོར་མེ་ཏོག་གངས་ལྷའི་སྐོར་གྱི་ཤེས་བྱ་བྲིས་ཡོད་དེ།
མེ་ཏོག་གངས་ལྷ་ལ་བྱ་རྒོད་སུག་པའང་ཟེར་ཞིང་། སྔོ་སྨན་འདི་མཚོ་ངོས་ལས་སྨི4500ལྷག་མཐོ་བའི་བྲག་རིའི་རྡོ་ཁྱོབ་དང་རྡོ་ཧྲིག་བར་དུ་སྐྱེ་བ་དང་། ཟླ6པ་ནས་ཟླ7པའི་བར་མེ་ཏོག་བཞད་དུས་སྔོ་སྨན་འདི་འཐུ་དགོས་ཤིང་། གཙང་མར་བཀྲུས་རྗེས་ཉི་མར་སྐམ་ཏེ་འཇོག་དགོས། སྔོ་སྨན་འདི་གཙོ་བོ་ལུས་ཟུངས་གསོ་བ་དང་། ཟླ་མཚན་རྡོལ་ཟགས། དུས་མིན་གྲང་བ་དཀར་བོ་འཛག་པ་སོགས་ཀྱི་ནད་ལ་ཕན་པ། མི་དར་མས་མེ་ཏོག་གངས་ལྷ་ཞོ་གང་ནས་ཞོ་གསུམ་ཙམ་འཐུང་དགོས་པ་དང་། རྟ་ནོར་ལ་སྲང་གང་ནས་སྲང་བཞི་ཙམ་དང་། ལུག་དང་ཕག་ལ་སྲང་ཕྱེད་ཀ་ནས་སྲང་གཅིག་ཙམ་བླུད་དགོས་ཞེས་མཚམས་སྦྱོར་བྱས་འདུག ཉི་མས་སློབ་མ་ཚོར་སྨན་འཐུ་བ་དང་། སྨན་སྡེབ་ཚུལ། སྨན་ལ་ཚོད་ལྟ་བྱེད་ཚུལ། སྨན་ནུས་ཟིན་བྲིས་སུ་འདབ་པ། སྨན་གྱི་ཤེས་བྱ་ངོས་འཛིན་དང་ལག་ལེན་སོགས་ཁྲིད་སྟོན་གང་ལེགས་བྱས་མཐར། སློབ་མ་ཚོའི་ཡི་གེའི་རྨང་གཞི་དང་གསོ་རིག་ཤེས་བྱ། དེ་མིན་མཚན་ཉིད་རིག་པའི་གསུང་བཏུས་སྐོར་གྱི་ཤེས་བྱའང་བཤུ་འབྲི་བྱས་པས་ཕྱོགས་གང་ཐད་ནས་ཡར་ཐོན་ཆེན་པོ་བྱུང་ཡོད།
མཛོད་དགེ་རྫོང་གི་དགོན་པ་ཞིག་ཏུ་ད་ལྟ་སྨན་ཁང་བཙུགས་པའི་གྲྭ་བ་ཞིག་ཉི་མའི་སློབ་མ་ཡིན་ལ། ཁོར་བཅར་འདྲི་བྱས་པ་ན། ཁོ་བོས་སྤྲོ་བ་ཆེན་པོའི་ངང《ལག་ལེན་གྱི་རྣམ་བཤད》དང《འགལ་བའི་རྣམ་བཤད》ལས་དུམ་ཚན་རེ་གཉིས་བློར་བཟུང་བྱུང་།
2、དགེ་རྒན་བཟང་པོའི་ཉམས།
བོད་ཀྱི་གསོ་རིག་དཔེ་ཆའི་ཁྲོད་ཀྱི་སྔོ་སྨན་གྱི་རི་མོ་རྣམས་ཤིང་པར་གྱིས་དཔར་བ་ཡིན་པས། སྔོ་སྨན་ངོ་མ་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ། སྔོ་སྨན་ཁ་ཤས་སྤྱིར་བཏང་གི་སྨན་ནུས་མེད་པའི་རྩི་ཤིང་གི་དབྱིབས་དང་ཧ་ཅང་འདྲ་བ་དང་། སྔོ་སྨན་ཁ་ཤས་རིགས་འདྲ་ན་ཡང་སྨན་ནུས་མི་འདྲ་བའི་དབང་གིས་སྨན་ངོས་འཛིན་ཐད་ནས་ཀྱང་དཀའ་ལས་ཁག་པོ་ཡོད། སྔོ་སྨན་དབྱེ་འབྱེད་ཀྱི་འགྲོ་གྲོན་དང་སྒྲིག་ཆས་མེད་པས། དུས་ཡུན་རིང་བོ་བཀོལ་ཏེ་སྨན་སྣ་བསྡེབས་ཏེ་ཚོད་ལྟ་ཡང་ཡང་བྱ་དགོས་པ་དང་། འགོ་ནད་ཚབས་ཆེ་བའི་སྐབས་སུ། ཁོ་ཚོས་ཐད་ཀར་སྨན་ལ་ཚོད་ལྟ་བྱེད་རྒྱུ་མ་གཏོགས་དུས་ཚོད་ཡུན་རིང་བརླགས་ཏེ་དབྱེ་ཞིབ་བྱས་ནས་བསྡད་ན་ཕྱུགས་ཟོག་གང་མང་ཤི་འགྲོ། དུག་ནུས་ཆེ་བའི་སྨན་ལ་འཕྲད་དུས་ཉི་མས་རྒྱུན་པར་སློབ་མ་ཚོར་ང་ལ་འདིའི་ཐད་ནས་ཉམས་མྱོང་ཡོད། དུག་ནུས་ཡོད་མེད་ངས་ཤེས་ཞེས་དཔའ་ཉམས་རྫིག་མདོག་ཅི་ཡང་མེད་པར་རང་གིས་ཚོད་ལྟ་བྱས།
བཞག་སྡོམ་ཡུལ་ཚོའི་ཞིང་འབྲོག་ལག་རྩལ་སློབ་གྲྭའི་ནང་དུ། ད་ལྟ་དགེ་རྒན་དང་འགོ་ཁྲིད་ཀྱི་འགན་བཞེས་པའི་ཉི་མའི་སློབ་མ་འགའ་ཞིག་གིས་ངོ་སྤྲོད་བྱེད་པ་ལྟར་ན། སློབ་གྲྭའི་འདྲ་དཔེ་བཤམས་སྟོན་ཁང་ནས་དུག་གཤིས་ཧ་ཅང་ཆེ་བའི་མཁན་པ་ཆིག་སྐྱེས་དང་ལང་ཐང་ཙེ་ཞེས་སྔོ་སྨན་གཉིས་ཀྱང་ང་ལ་བསྟན་བྱུང་། སྔོ་སྨན་དེ་གཉིས་ཀྱི་དུག་ནུས་ཧ་ཅང་ཆེ་ཡང་། ཁོག་ནད་དང་། ཕྱིའི་རྨས་སྐྱོན་གྱི་ན་ཟུག རྒྱུ་ལྷག་སོགས་གློ་བུར་དུ་བྱུང་བའི་ནད། དབང་རྩའི་རང་བཞིན་གྱི་ན་ཟུག་སོགས་ལ་སྔོ་སྨན་འདི་གཉིས་བཀོལ་ན་ན་ཟུག་འཇོམས་ཐུབ། ཡིན་ན་ཡང་སྔོ་སྨན་དེ་གཉིས་སྤྱོད་མ་ཤེས་ན་ཕྱུགས་ཟོག་ལ་ཡང་དུག་ཕོག་སྲིད།
སྤྱིར་སྤང་ཐང་ན་འཚོ་བ་རོལ་བའི་མི་རྣམས་སྤང་ཐང་ལྟར་བློ་ཁོག་ཡངས་ཤིང་གཞུང་དྲང་ལ། ཉི་མ་དེ་བས་ཀྱང་སྤྱོད་ཡོན་གཉིས་ཀྱི་ཆ་ནས་ཀུན་གྱིས་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས་ཡུལ་ཞིག་ཡིན་པས། ནམ་རྒྱུན་གྱི་སྨན་བཅོས་ཁྲོད་དུ། ཕྱུགས་ཟོག་ལ་ཐེངས་རེ་གཉིས་རེར་དུག་ཕོག་པར་ཀུན་གྱིས་དོ་སྣང་མི་བྱེད་མོད། ཉི་མས་སློབ་མ་ཚོ་ཁྲིད་དེ་ཐབས་བརྒྱ་ཇུས་སྟོང་གིས་དུག་སེལ་ཐབས་བཙལ། ཐོག་མར་སྔོ་སྨན་འདི་གཉིས་རེ་རེར་ཚོད་ལྟ་བྱས་ཏེ་དུག་ནུས་མངོན་ཚུལ་གྱི་ཁྱད་ཆོས་ལ་ལྟ་ཞིབ་བྱེད་དགོས་པར། ཁོང་གིས་དངོས་སུ་སྨན་རྩྭ་འདི་གཉིས་ཚོད་ལྟ་བྱས་པ་དང་། སྨན་སྦྱོར་བྱེད་ཚད་ཀྱང་ངེས་པར་རང་ཉིད་ལ་དུག་ཕོག་པའི་ཚད་དུ་ཐོན་དགོས། དེ་ལས་སྨན་དེ་གཉིས་ཀྱི་དུག་ནུས་གསལ་བོ་ཤེས། སློབ་དེབ་དུ་མཁན་པ་ཆིག་སྐྱེས་ཀྱི་དུག་ནུས་འདི་ལྟར་གསལ་བཤད་བྱས་ཡོད་དེ།
མཁན་པ་ཅིག་སྐྱེས་ཀྱི་དུག་ཕོག་རྗེས། ནད་པའི་སྙིང་ཁ་སྦྲིད་ཅིང་ཁྲག་ཤེད་ཇེ་དམའ་རུ་འགྲོ། ལུས་འདར་བ་དང་། མིག་དབང་ཇེ་ཞན་དུ་འགྲོ་བ། ཁ་ནས་ལྦུ་བ་འཕྱུར་བ་བཅས་ཡིན། འདི་སེལ་ཐབས་ལ་གཉིས་ཏེ།
གཅིག་ནི་ཨ་རུ་ར་རློན་པ་བརྡུངས་རྗེས་ཀྱི་སྨན་ཕྱེ་དང་སྐྱུར་ཆུ་གཉིས་བསྡེབས་ནས་ལྡུད་དགོས་པ་དང་། གཉིས་ནི་འོལ་མོ་སེའི་འབྲས་བུ་རློན་པ་གསུམ་བཞི་ཙམ་ཟོས་ན་མྱུར་དུ་དུག་སེལ་ཐུབ་ཅེས་བཀོད་ཡོད།
སློབ་དེབ་དུ་བཀོད་པའི་ཡིག་འབྲུ་ཐིགས་འཕྲེང་རེ་གཉིས་འདི་ལ་ཚན་རིག་གི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མ་ཟད། མི་ཚེའི་ཤེས་བྱ་རྒྱ་ཆེན་པོ་ཞིག་ཀྱང་ཡོད་དེ། དགེ་རྒན་ལ་དུག་ཕོག་ན་སློབ་མ་ཚོ་ངུ་མི་ཆོག་པར་དགེ་རྒན་གྱིས་བཤད་པའི་ཁོང་གི་མྱོང་ཚོར་རེ་རེ་བཞིན་མྱུར་བར་ཡིག་ཐོག་ཏུ་ཕབ་དགོས།
ཉི་མས་མཁན་པ་ཆིག་སྐྱེས་ཀྱི་དུག་ནུས་ལ་ཚོད་ལྟ་བྱས་རྗེས། ཡང་ལང་ཐང་རྩེའི་དུག་ནུས་ལ་ཚོད་ལྟ་བྱས། ལང་ཐང་རྩེའི་དུག་ནུས་ཀྱིས་མྱུར་དུ་ནད་པའི་དྲན་པ་འཆལ་ཞིང་ཁ་ནས་ཀྱང་ཅི་བཤད་འདི་བཤད་མེད་དུ་གྱུར།
ཉི་མ་ཡང་སྨྲ་ཤེས་ཤིང་དོན་གོ་བ། འཇིག་རྟེན་འདིས་མི་ལ་བཞག་པའི་མཚན་ཉིད་ལས་མ་འདས་པའི་དགའ་སྐྱོ་ཆགས་སྡང་དང་། ཤ་ཁྲག་གདོས་བཅས་ལས་གྲུབ་པའི་མི་ཞིག་ཡིན་ཡང་། ཡང་བསྐྱར་སྨན་གཉིས་པ་ལ་ཚོད་ལྟ་བྱས། སྨན་ནུས་ཐོན་པ་ཧ་ཅང་མགྱོགས་ཏེ། ཅང་མ་འགོར་བར“ངས་རང་ཉིད་ལ་བདག་བྱེད་མི་ཐུབ”ཅེས་ཁ་འཁྲུལ་འགོ་བརྩམས།
འཚོ་བའི་ཀུན་སྤྱོད་ཧ་ཅང་གཙིགས་ཆེན་དུ་འཛིན་པའི་དགེ་རྒན་ཉི་མས་ཚེ་གང་བོར་དུ་ཆང་ལ་རོལ་མྱོང་མེད་ལ། ངས་བཅར་འདྲི་བྱས་པའི་ཁོང་གི་སློབ་མ་གཅིག་གིས་ཀྱང་དུ་ཆང་མི་སྤྱོད་པས། ངས་ཁོ་ཚོར”ཁྱེད་ཚོའི་དགེ་རྒན་གྱིས་དེ་ལྟར་འགྲིག་ལམ་བཞག་པ་ཨེ་རེད”ཅེས་དྲིས་པ་ན། ཁོ་ཚོས“མ་རེད། དགེ་རྒན་གྱིས་མི་གཞན་གྱི་འཚོ་བར་ཐེ་གཏོགས་གཏན་ནས་མི་བྱེད་དེ། ང་ཚོར་ཁོང་གིས་ཤུགས་རྐྱེན་ཐེབས་པ་རེད་ཟེར།
རླུང་ཁའི་མར་མེ་ལྟར་ཉག་ཕྲ་བའི་སློབ་གྲྭ་དེ་རིམ་བཞིན་འཐུས་ཚང་དང་ཇེ་ཆེར་གྱུར། ཐོག་མའི་ལོ་ཟླ་དེ་ཚོར་སློབ་གྲྭའི་རྒྱུན་སྐྱོང་ཐུབ་པ་དེ་ཕྱུགས་ལས་ཐོན་སྐྱེད་ཀྱི་དགོས་མཁོའམ་དགེ་རྒན་རང་ཉིད་ཀྱི་ཤེས་ཡོན་དང་ཀུན་སྤྱོད་ལ་རག་ལས་ཤིང་། སློབ་མ་སྐོར་ཞིག་རྨང་གཞིའི་ཤེས་བྱ་དང་ཕྱུགས་ལས་ལག་རྩལ་ཁོང་དུ་ཆུད་པ་བྱས་ཏེ་ཕྱིར་རང་གི་ཚོ་བར་ལོག་ནས་ཕྱུགས་ཟོག་སྨན་པ་དང་། རྩིས་གཉེར་བ། སྐར་ཐོ་འགོད་མཁན། དམངས་བཙུགས་སློབ་གྲྭའི་དགེ་རྒན་བཅས་ཀྱི་འགན་ཁུར་ཏེ་རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་ལ། ཡང་བསྐྱར་སློབ་མ་གསར་བ་སྐོར་ཞིག་རང་འགུལ་གྱིས་སློབ་ཞུགས་འགྲོ་རིམ་ཅི་ཡང་མི་དགོས་པའི་སློབ་གྲྭ་དེར་རིག་གནས་ལག་རྩལ་སྦྱོང་བར་འོང་།
1965ལོའི་བར། དགེ་སློབ་ཡོངས་ཀྱིས་རང་སྟོབས་ཀྱིས་གྱང་བརྡུངས་པ་དང་། ཤིང་བཅད་པ། ཁང་ཀླད་བཀབ་པ། ཁང་ཐོག་ཏུ་ས་འདམ་བཏིང་བ་སོགས་བྱས་ནས་དགུན་གྱི་གྲང་ངར་འགོག་ཐུབ་པའི་ཁང་མིག་བཞི་བཅུ་ལྷག་ཕུབ།
དེ་ཡང་རིག་གནས་གསར་བརྗེའི་ཐོག་མའི་རླུང་འཚུབ་ཁྲོད་དུ། ལོ་རྒྱུས་དང་རིག་གནས་ཀྱི་ལྟ་བ་གང་ཡང་མེད་པའི་གྱེན་ལངས་པ་མགོ་སྟོང་ཆ་རེས་སྐྱོ་གར་ཅི་རིགས་འཁྲབ་པའི་སྒང་དེར། ཉི་མ་དང་ཁོང་གི་སློབ་གྲྭ་ལ་ཡང་ལས་འགུལ་གྱི་ཆག་སྒོ་དང་འཇིགས་སྣང་གང་མང་བསླངས་ཀྱང་། ཐོག་མའི་ཀུན་སློང་དེའི་ཆེད་དུ་བརྙེས་བཅོས་དང་ཟུར་ཟ་ཡོད་ཚད་སྣང་མེད་དུ་བཏང་སྟེ། ལྗིད་ཏིག་ཏིག་གི་ཁུར་བོ་ཤུགས་ཀྱིས་འཁུར་ནས་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་ནམ་ཡང་མ་ལྷོད་པར། སྔར་བཞིན་སློབ་མ་བསྐྱངས།
མའོ་ཙེ་ཏུང་གི་ལྔ་བདུན་བཀའ་སློབ་བཏོན་པ་དང་བསྟུན་ནས། ལས་འགུལ་ཆེན་མོའི་ཁྲོད་ཀྱི་ཀྲུང་གོ་ན་ལྔ་བདུན་ལམ་བུ་རུ་སྐྱོད་པའི་ཚ་རླབས་འཕྱུར།
ལས་དབང་གི་དཀྱོགས་མཚམས་གལ་ཆེན་ཞིག་དང་འཕྲད་པ་ནི་བཞག་སྡོམ་ཕྱུགས་ནད་འགོག་བཅོས་ས་ཚིགས་ཏེ་རང་འགུལ་གྱིས་བཙུགས་པའི་སློབ་གྲྭ་འདི་དང་མའོ་ཙེ་ཏུང་གི་བཀའ་སློབ་ཀྱི་དགོངས་དོན་མི་ཉུང་བ་ཞིག་མ་གྲོས་ངང་གིས་མཐུན་པས། ཁོ་ཚོའི་མགོ་ཡི་སྨག་རུམ་སྟུག་པོ་དེ་ཡང་རིམ་བཞིན་རྒྱང་རིང་དུ་ཡལ། རྒྱལ་ཡོངས་སུ་དར་བའི་ལྔ་བདུན་སློབ་གྲྭ་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བཙུགས།
3、སློབ་གྲྭའི་རྣམ་པ་གསར་བ།
གོ་སྐབས་ཟེར་བ་དེ་ལོ་རྒྱུས་ཀྱི་ཆ་རྐྱེན་ཅི་རིགས་འོག་ནས་ཀྱང་འབྱུང་སྲིད་ལ། ཡིན་ན་ཡང་ཀུན་སློང་དང་བརྩོན་འགྲུས་ལྡན་པའི་མི་དེ་ཡིས་ད་གཟོད་གོ་སྐབས་དེའི་རིན་ཐང་རྟོགས་ཤིང་དམ་འཛིན་བྱེད་པ་ཆོས་ཉིད་དུ་གྲུབ་པས། 1969ལོར། བཞག་སྡོམ་ཡུལ་ཚོ་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ལོ་ངོ་བཅུ་ལྷག་གི་སྔོན་དུ་བཙུགས་པའི་སློབ་གྲྭ་འདི་བཞག་སྡོམ་ཡུལ་ཚོའི་ལྔ་བདུན་སློབ་གྲྭ་ཞེས་མིང་བཏགས།
ལོ་ངོ་བཅུ་ལྷག་ལ་དཀའ་སྤྱད་འབད་འབུངས་ཀྱིས་བསྐྱངས་པའི་སློབ་གྲྭ་དེ་ལ་མིང་ངོ་མ་ཞིག་ཐོབ་པ་དང་། ཉི་མ་སློབ་གྲྭའི་སློབ་གཙོ་རུ་བཞག ཉི་མས་དེ་སྔོན་སློབ་གྲྭ་འདིའི་ཆེད་དུ་མཐོང་བའི་དཀའ་སྡུག་དང་བསྡུར་ན་འདི་ལས་ཀྱིས་བསགས་པའི་འབྲས་བུ་ཅུང་ཞིག་སྨིན་པ་ལས་ཅི་ཡང་མིན་པས་ཁོང་ལ་དེ་ལྟ་བུའི་དགའ་རྒྱུ་ཅི་ཡང་མེད། ཡིན་ན་ཡང་ཁོང་དགའ་འོས་པའི་དོན་ཞིག་ཡོད་པ་ནི་ད་ནས་བཟུང་ཁོའི་གམ་དུ་ཡོང་བའི་སློབ་མ་ཚོ་དུས་འགྱུར་དང་ལས་འགུལ་གྱི་རླུང་འཚུབ་ཏུ་ཚུད་པར་སྐྲག་མི་དགོས་ལ། ཁོ་ཚོའི་མདུན་ལམ་ལ་གནོད་པར་སེམས་ཁྲལ་ཡང་བྱེད་མི་དགོས། དེའི་ཕྱིར་ཕུལ་བྱུང་སློབ་མ་ཁོང་གི་གམ་དུ་བཟུང་སྟེ་སློབ་ཁྲིད་དང་ཞིབ་འཇུག་གི་ལག་རོགས་བྱེད་ཆོག་ལ་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ་ཕྱོགས་ཡོངས་ནས་འཇོན་ཐང་ཅན་ཞིག་ཏུ་བསྐྱེད་བསྲིང་བྱེད་ཀྱང་ཆོག
དེ་ལས་ཀྱང་ཉི་མ་དགའ་འོས་པ་ཞིག་ནི་སློབ་མ་དེ་དག་ལ་འཚོ་བའི་འགྲོ་གྲོན་ཁག་ཐེག་བྱེད་པ་དེ་ཡིན་ལ། ལོ་ངོ་བཅུའི་རིང་ལ་སློབ་སྦྱོང་དུ་ཡོང་བའི་སློབ་མ་ཡོངས་ཀྱིས་རང་གིས་འགྲོ་གྲོན་ཕུད་ནས་ཡོང་བ་མ་ཟད་སྐར་མའང་མེད། ད་ཐེངས་སློབ་གྲྭ་ལ་མིང་ངོ་མ་ཞིག་ཡོད་པས་སློབ་གྲྭར་ཞུགས་མ་ཐག་ནས་ངལ་རྩོལ་བ་དང་འདྲ་བར་ལས་ཀའི་སྐར་མ་སྦྱིན་ངེས། སྔོན་ཆད། ཉི་མར་སེམས་ཁུར་ཆེ་བ་དེ་སློབ་མ་ཚོར་ལས་ཀའི་སྐར་མ་མི་སྦྱིན་པས་འཚོ་བའི་འགྲོ་གྲོན་ཡང་རང་གིས་འགན་ཁུར་དགོས་པ་དང་། དགེ་རྒན་ཉི་མའི་ཟླ་ཕོགས་ལ་ཡང་སྐབས་དེར་དམངས་སྒོར9ལས་མེད་པ་དང་ཕྱི་ནས་སྒོར15རུ་འཕར། དེ་ལྟར་ཡིན་ཡང་སློབ་མ་མི་ཉུང་བ་ཞིག་ལ་ཁོང་གིས་རོགས་སྐྱོར་བྱས་མྱོང་།
དགེ་སློབ་ཡོངས་རྫོགས་འབད་པ་ལྷོད་མེད་ཀྱིས་ལས་ཀ་གསར་བ་དེར་ཞུགས། ཁོ་ཚོས་ཕྱུགས་ནད་སྐོར་ཞིག་རིམ་བཞིན་སེལ་ཡོད་པ་འདི་ལྟ་སྟེ།
1967ལོར། རིགསOཅན་གྱི་ཁ་ཚད་རྨིག་ཚད་འཇོམས་པ་དང་།
1969ལོར། པུ་ཧྲི་འབུ་ཕྲ་ནར་མོའི་ནད་སེལ།
1967ལོ་ནས1969ལོར་རྟའི་ཨོལ་ཆམ་གྱི་ནད་སེལ།
1961ལོ་ནས1975ལོར་འཁྲུ་ནད་སེལ།
1967ལོ་ནས1975ལོའི་བར་གློ་སྲིན་གྱི་ནད་སེལ་ཏེ་ཕྱུགས་ནད་སྔོན་འགོག་སྐོར་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས།
ང་ཚོས་སྨན་བཅོས་བྱེད་སྐབས་ཤེས་ཚོར་བྱུང་བ་ནི། སྔོ་སྨན་དེ་མིའི་སྨན་ལ་ཧ་ཅང་ཕན་ཡང་ཕྱུགས་ཟོག་ལ་དེ་ལྟ་མིན་པ་དང་། རྒྱུ་མཚན་ནི་ཕྱུགས་ཟོག་གིས་དུག་གཤིས་ཆེ་བའི་སྔོ་སྨན་མི་ཟ་བ་དང་། སྤྱིར་བཏང་གི་སྔོ་སྨན་གཟན་རྩྭ་དང་མཉམ་དུ་ཟ་རུ་བཅུག་ན་སྨན་ནུས་གོ་ཟློག་ཏུ་འགྲོ་བའི་དབང་གིས་ཡིན་པ་རྟོགས་བྱུང་།
དེ་ནས་ཉི་མས་ཕྱི་ལུགས་ཀྱི་སྨན་གྱི་བཟང་ཆ་བསླབས་པ་དང་། ཚོད་ལྟ་བྱེད་བཞིན་རླངས་ཁབ་ཅི་རིགས་བཟོས་ནས་སྨན་གྱི་ནུས་པ་ཇེ་ཆེར་བཏང་། སྐབས་དེར་སྨན་ཁང་དུ་རླངས་སྒྱུར་དྭངས་འབྱེད་ཀྱི་འཕྲུལ་ཆས་མ་གཏོགས་སྔོན་ཐོན་ལག་ཆ་གཅིག་ཀྱང་མེད། སྨན་ཁུ་ལེན་པའི་སྐབས་སུ་རླངས་སྒྱུར་དྭངས་འབྱེད་ཀྱི་འཕྲུལ་ཆས་དེ་བཀོལ་དགོས་པར་མ་ཟད། དེར་ནད་འབུ་བསད་དེ་དུག་སེལ་དགོས། གཞན་ད་དུང་ཆང་བཅུད་སྒྲོན་མེ་འགའ་ཡོད་དེ། རླངས་ཁབ་བཟོས་ཚར་རྗེས་སྨན་བླུད་བྱེད་ཀྱི་ཤེལ་དམ་དུ་ལྡུག་པ་དང་། དེ་རྗེས་ཆང་བཅུད་སྒྲོན་མེས་དམ་ཁའི་དུག་སེལ་རྗེས་ཁ་དམ་པོར་སྦྱོར་དགོས།
སྡེབ་ཚར་རྗེས་ཤ་ལྤགས་བར་དང་གསང་མིག་བར་ལ་རྒྱག་དགོས།
ཁོ་ཚོས་ཕྱི་ལུགས་ཀྱི་སྨན་དང་བོད་སྨན་གཉིས་ཟུང་འབྲེལ་བྱས་པའི་ལམ་བུ་གསར་དུ་གཏོད་ཅིང་། བོད་ལུགས་གསོ་བ་རིག་པ་དང་། གྲངས་ཉུང་མི་རིགས་གཞན་གྱི་སྲོལ་རྒྱུན་གསོ་བ་རིག་པ་ལྷན་དུ་ཀྲུང་ལུགས་གསོ་རིག་གི་ཁོངས་སུ་བསྡུས། སྐབས་དེར། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨན་དཔྱད་ཟུང་དུ་འབྲེལ་བའི་ཐབས་དེ་ཡང་ཧ་ཅང་རྒྱུགས་ཆེ་བ་ཞིག་ཡིན།
ཉི་མའི་སྤང་ཐང་གི་དངོས་ཡོད་གནས་ཚུལ་ལ་དམིགས་པའི་ཞིབ་འཇུག་དང་སློབ་ཁྲིད་ཀྱི་བྱ་གཞག་རླབས་ཆེན་དེ་ག་དུས་ཡིན་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པས། དེ་དང་བསྟུན་པའི་འཚོ་གནས་དང་མུ་མཐུད་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ། འདི་ནི་སྐབས་དེའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་ཧ་ཅང་དཀོན་པའི་སྣང་ཚུལ་ཞིག་ཡིན་པས། མི་འཇོན་ཐང་ཅན་ཞིག་གིས་ཆེད་དུ་མུ་མཐུད་དུ་སྤྱི་ཚོགས་ལམ་ལུགས་དང་བསྟུན་ཐུབ་པའི་སྣང་ཚུལ་ལ་ཞིབ་འཇུག་བྱས་ན་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཐོབ་ངེས་རེད། ཡིད་ཕངས་པ་ལ་བདག་ནི་སྤྱི་ཚོགས་རིག་པ་དང་ཆབ་སྲིད་རིག་པ་བ་གང་ཡང་མིན་པས་འདིའི་སྐོར་གྱི་ནུས་པ་ཡོད་མ་ཡིན།
འདི་ལྟ་བུའི་གཅིག་རྗེས་གཉིས་མཐུད་ཀྱི་སྤྱི་ཚོགས་ལམ་ལུགས་དང་བསྟུན་པའི་བྱ་གཞག་འདི་དག་གིས་ཁོང་གི་སྣང་བརྙན་ལ་ཡང་འགྱུར་ལྡོག་ཆེན་པོ་ཐེབས་ཡོད། དུས་རབས་ཤིག་གིས་བསླངས་པའི་གད་མོ་བཞིན་དུ་གོ་མེད་ཚོར་མེད་ཀྱིས་འཁོར་སྐྱོད་ཀྱི་བགྲོད་ལམ་ལས་ཕྱིར་སྐྲོད་ལ་ཉེ་བའི་ཆོས་ལུགས་པ་ཞིག་ནས་དངོས་ཡོད་སྤྱི་ཚོགས་ལ་ཧ་ཅང་མཁོ་བའི་དཔེ་མཚོན་ཞིག་ཏུ་གྱུར།
1971ལོར་ཁོང་ཀྲུང་གོའི་གུང་ཁྲན་ཏང་ལ་ཞུགས། ལོ་དེར་གླང་ཆེན་འགྱིང་རིའི་གློག་བརྙན་བཟོ་སྐྲུན་ཁང་ནས་བརྙན་ཕབ་ཚན་ཆུང་ཞིག་བཞག་སྡོམ་ཡུལ་ཚོར་ཡོང་ནས《སྤང་ལྗོངས་ཀྱི་ཕྱུགས་ནད་འགོག་བཅོས་ས་ཚིགས》ཞེས་པའི་དངོས་དོན་མཚོན་པའི་གློག་བརྙན་ཕབ་ལེན་བྱས་ཤིང་། དེ་རྒྱལ་ཡོངས་སུ་བཀྲམ་པས་དྲིལ་སྒྲོག་གི་ནུས་པ་ཆེན་ཐོན་པས། རྔ་ཁུལ་གྱི་རྫོང་སོ་སོ་དང་འབྲོག་ལས་ཅན་གྱི་ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས། ཞིན་ཅང་། ནང་སོག ཡུན་ནན་ཞིང་ཆེན་སོགས་ནས་ཡོང་བའི་སློབ་མའི་རྒྱུན་མ་ཆད།
1871ལོའི་ཟླ8པར། མཛོད་དགེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐོན་སྐྱེད་བཀོད་འདོམས་པུའུ་ཡིས་བསྒྲིགས་པའི《 མཐོ་སྒང་གི་སྔོ་སྨན་བཅོས་ཐབས་ལག་དེབ》ཅེས་པའི་དཔེ་ཆ་དངོས་སུ་པར་དུ་བསྐྲུན་ཞིང་མཛོད་དགེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐོན་བསྐྱེད་བཀོད་འདོམས་རུ་ཁག་གིས་བསྒྲིགས་ཞེས་བཀོད་ཡོད་ལ་ཉི་མ་ནི་དཔེ་ཆ་འདི་རྩོམ་སྒྲིག་བྱེད་མི་གཙོ་བོ་ཡིན།
དཔེ་ཆ་དེའི་ནང་ས་དེ་གའི་སྔོ་སྨན་སྣ་ཁ443ལྷག་གི་ཁྱད་ཆོས་དང་སྐྱེ་ཡུལ། ལས་སྣོན་བྱེད་ཚུལ་དང་བཀོལ་སྤྱོད་བྱེད་ཐབས་བཅས་རེ་རེ་བཞིན་ཚན་རིག་དང་མཐུན་པར་གསལ་བཤད་བྱས་ཡོད།
1873ལོར། ཁོང་ཉིད་རྒྱལ་ཡོངས་ཀྲུང་ལུགས་ཕྱུགས་སྨན་ཚན་རིག་ཞིབ་འཇུག་ཚོགས་འདུར་ཞུགས་ཤིང་། དེར་ཁོང་གིས་སྲོལ་རྒྱུན་བོད་སྨན་གཞུང་ལུགས་ལེགས་སྒྲིག་བྱས་ཏེ་ཚན་རིག་དང་མཐུན་ཞིང་རང་རྐྱ་འཕེར་བའི་བོད་ལུགས་ཕྱུགས་ནད་རིག་པའི་མ་ལག་ཅིག་འཛུགས་རྒྱུའི་སྙན་ཞུ་ཕུལ་བས་ཀུན་གྱིས་གདེང་འཇོག་ཚད་མེད་གནང་། ཚོགས་འདུར་ཁོང་གིས་ད་དུང་བོད་སྨན་སྐོར་གྱི་གནའ་གཞུང་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་རྒྱུའི་འགན་ཁུར།
སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡངས་གླིང་རྡོ་རྗེས་གསུང་རྒྱུར། ཁོ་བོ་ཐོག་དང་བོ་ལྔ་བདུན་སློབ་གྲྭར་ལྟ་ཞིབ་ལ་སོང་དུས་དགུན་ཁ་ཞིག་ཡིན། ཉིན་དེར་ཁ་བ་འབབ་བཞིན་ཡོད་ལ། གནམ་གཤིས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ལྷག་ལ་སླེབས་ཡོད་ནའང་དགེ་སློབ་ཡོངས་ཀྱིས་གྲང་ངར་ལ་མ་འཛེམས་པར་སློབ་ཁྲིད་བྱེད་བཞིན་ཡོད། སློབ་ཁང་ནི་དམའ་ཞིང་ཆུང་བར་མ་ཟད། ད་དུང་གྲང་རླུང་དང་ཁ་བ་ཡང་མི་ཁོགས། ཆ་རྐྱེན་ཧ་ཅང་ཞན་པའི་སློབ་ཁང་དུ་སློབ་མ་བཅུ་ལྷག་ས་ལ་བསྡད་ནས་དགེ་རྒན་ཉི་མའི་སློབ་ཁྲིད་ལ་ཉན་བཞིན་ཡོད།
སློབ་ཁྲིད་གྲོལ་རྗེས། ཡང་ཉི་མས་སློབ་དེབ་སྣུམ་པར་བརྒྱབ་ནས་དཀའ་ལས་མྱོང་བཞིན་པ་མཐོང་བས། ཕྱིར་རྔ་བ་ཁུལ་དུ་ལོག་རྗེས་ལྷ་ས་ནས་སློབ་གྲྭ་འདི་ལ་བོད་ཡིག་གི་ལྕགས་པར་འཕྲུལ་ཆས་ཤིག་ཉོས་ཟེར་བ་ཡིན་ཞེས་གསུངས། འདི་དག་ཚང་མ་རྗེས་ཀྱི་བྱ་བ་རེད།
1975ལོར། མཛོད་དགེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་བཞག་སྡོམ་ཡུལ་ཚོའི་ལྔ་བདུན་སློབ་གྲྭ་དེ་མཛོད་དགེ་རྫོང་ལྔ་བདུན་སློབ་གྲྭར་བསྒྱུར་ཅིང་། སློབ་གྲྭ་དེ་ཡུལ་ཚོའི་ཕྱུགས་ནད་འགོག་བཅོས་ས་ཚིགས་ལས་ལོགས་སུ་བཀར། རྫོང་རིག་གནས་སློབ་གསོ་ཅུས་དང་རྫོང་ཞིང་འབྲོག་ཅུས་གཉིས་ཀས་སློབ་གྲྭ་དེར་དོ་དམ་བྱས་པ་དང་། རྫོང་ཡོངས་ལ་ཁ་ཕྱོགས་ཏེ་རིག་གནས་ལག་རྩལ་གསོ་སྐྱོང་གི་བྱ་འགུལ་སྣ་མང་སྤེལ། ཉི་མས་སྔར་བཞིན་ཕྱུགས་ནད་འགོག་བཅོས་ས་ཚིགས་ཀྱི་འགོ་འཛིན་དང་སློབ་གཙོ། དགེ་རྒན་བཅས་ཀྱི་འགན་བཞེས། རྫོང་ནས་ཆེད་གཉེར་དགེ་རྒན་འགའ་མངགས་པ་དང་མཉམ་དུ་གྲོན་དངུལ་སྒོར་ཁྲི་ལྔ་བཏང་ནས་ཡུལ་ཚོའི་ཕྱུགས་ནད་འགོག་བཅོས་ས་ཚིགས་བསྐྱར་དུ་བསྐྲུན་པ་དང་། ཕྱུགས་ནད་འགོག་བཅོས་ས་ཚིགས་ཀྱི་ཁང་རྙིང་རྣམས་ལག་རྩལ་སློབ་གྲྭའི་སློབ་ཁང་དང་སྡོད་ཁང་བྱས།
དེ་ནས་བཟུང་། ཉི་མས་གསར་དུ་བཙུགས་པའི་སློབ་གསོའི་མ་ལག་དེ་རིམ་བཞིན་ཚད་ལྡན་དུ་གྱུར། སློབ་གྲྭ་ལ་འཛིན་གྲྭ་བཞི་ཙམ་ཡོད་པ་དང་། ཉི་མ་དང་བཅས་དགེ་རྒན་ལྔ་དང་། སློབ་མ150ཙམ་ཡོད། ཡུལ་ཚོ་དང་རུ་ཁག་གིས་མངགས་པའི་སློབ་མ་ཚོར་ལས་ཐོ་འགོད་པ་མ་ཟད། ད་དུང་འཚོ་བའི་ཁ་གསབ་རོགས་དངུལ་ངེས་ཅན་རེ་ཡང་ཡོད་པ་རེད།
དེས་ན་སྐབས་བབ་ཀྱི་གནད་དོན་ཞིག་ནི་སློབ་གྲྭའི་ཆ་རྐྱེན་ཅུང་ལེགས་པ་དང་འཛིན་གྲྭའི་ལམ་ལུགས་དང་བསླབ་གཞི་གཏན་འཁེལ་སོགས་ཚད་ལྡན་སློབ་གྲྭ་ཞིག་གི་རྣམ་པ་དོད་པ་འདིས་སྔོན་གྱི་བྱེད་ནུས་ཐོན་ཐུབ་མིན་དེ་རེད། ཡང་ན་སྔོན་དང་འདྲ་བའི་བབ་བསྟུན་རང་བཞིན་གྱིས་ཕྱུགས་ལས་ལ་མཁོ་བའི་མི་སྣ་གསོ་སྐྱོང་ཐུབ་མིན་དེ་རེད། དང་ཐོག་དེ་འདྲའི་ནུས་པ་ཞིག་ཐོན་པ་དེའང་གཙོ་བོ་དགེ་རྒན་གྱིས་ལྡབ་གྱུར་གྱིས་བྱ་བ་བསྒྲུབ་པའི་འབྲས་བུ་མིན་ནམ།
སློབ་མ་ཚོའི་གྲས་སུ་ཡི་གེ་མི་ཤེས་པའི་ཡིག་རྨོངས་ཡོད་ལ། སློབ་འབྲིང་གི་ཆུ་ཚད་ཅན་ཡང་ཡོད། ལོ་བཅུ་ཁ་ཅན་ཡོད་ལ་ཡང་ལོ་ལྔ་བཅུ་ཙམ་ལ་ཐོན་པའང་ཡོད། སློབ་གྲྭ་དེ་རྫོང་གི་སློབ་གྲྭར་གྱུར་རྗེས། འཛིན་གྲྭ་བཀོད་སྒྲིག་དང་། སློབ་ཡུན་རིང་ཐུང་སོགས་རིམ་བཞིན་ལམ་ལུགས་ཅན་དུ་གྱུར།
སློབ་གྲྭས་ཀྱང་སློབ་མའི་ལོ་རིམ་སྤར་བ་དང་། འཛིན་གྲྭ་བརྗེ་བ། ལོ་རིམ་འཕར་མ་ཐུབ་པ། སློབ་གྲྭ་ནས་ཕྱིར་འབུད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཀྱི་ཐད་ནས་མུ་མཐུད་དུ་གནས་བབ་དང་བསྟུན་རྒྱུ་རྒྱུན་བསྐྱངས་པས། སློབ་སྦྱོང་ལ་ཡོང་བསམ་པའི་སློབ་མ་ཡོངས་རྫོགས་དུས་ནམ་ཡིན་ཡང་སློབ་གྲྭར་ཞུགས་ཆོག
བཅར་འདྲིའི་སྐབས་སུ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་བུདྷས་ཟེར་བ་ན་ཁོ་རང་དེའི་སྐབས་སུ་དེར་ཡོང་བ་ཡིན་ལ་དེ་དུས་སུ་རྒྱ་ཡིག་གི་སློབ་འབྲིང་མཐར་ཕྱིན་པ་དང་ལོ་བཅུ་བཞི་ཙམ་རེད། སློབ་གྲོགས་སུ་ལོ་ལྔ་བཅུ་ང་གཉིས་ལ་ཐོན་པ་ཞིག་ཀྱང་ཡོད་ལ་ཡིག་རྨོངས་པ་ཞིག་རེད་ཟེར་ཡང་ཆོག ད་དུང་ཁ་སྐད་མི་འདྲ་བའི་ལྷ་ས་དང་ཁམས་པ། རྒྱལ་རོང་སོགས་ཀྱི་སློབ་མ་ཡོད་པ་དང་། ད་དུང་སྐད་ཡིག་གཏན་ནས་མི་འདྲ་བའི་ཞིན་ཅང་དང་ནང་སོག་གི་སློབ་མའང་ཡོད་པས། འདི་ལྟ་བུའི་རྨང་གཞི་དང་སྐད་ཡིག་མི་འདྲ་བའི་སློབ་མ་ཚོར་རིག་གནས་ཤེས་བྱ་སྤྲོད་ཐུབ་དགོས་པ་དེར་དངོས་གནས་དཀའ་ཁག་ཆེ་ཟེར།
གནའ་དུས་རྒྱ་རིགས་སློབ་གསོ་ཆེན་མོ་ཁུང་ཙི་ཡིས་རིགས་རུས་ཆོ་འབྲང་ལ་མི་ལྟ་བར་སློབ་མ་བསྡུ་ཟེར་ཡང་སྒེར་བཙུགས་སློབ་གྲྭ་དེར་འགྲོ་བསམ་མཁན་ཚང་མ་དེའི་མཐོ་ཞིང་ཆེ་བའི་སྒོ་གཏད་གོམ་པ་ཞིག་གང་ནས་ཡིན།
དུས་རབས་ལ་འགྱུར་ལྡོག་བྱུང་ཡང་། རིག་གནས་ཤེས་ཡོན་རྒྱུན་འཛིན་དང་དར་སྤེལ་དེ་རང་གི་འགན་དུ་ལེན་པའི་སློབ་དཔོན་ཉི་མས་བཙུགས་པའི་སློབ་གྲྭ་འདིས་འགན་དེ་མ་སྐུལ་དང་བླངས་ཀྱིས་ཕྲག་ཏུ་བླངས། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ལོ་རྒྱུས་སུ་དམངས་ཁྲོད་ཀྱི་མི་བསམ་བློ་དང་ཤེས་རྒྱ་ཅན་འགའ་རེས་རང་རྟོགས་ཀྱིས་སློང་བའི་བྱ་དངོས་གང་ཞིག་དབང་སྒྱུར་བའི་ཆོག་མཆན་དང་གཟེངས་བསྟོད་ཐོབ་པ་ན། དེའི་ལེགས་ཉེས་བླང་དོར་གྱི་ཁྱད་ཆོས་སྔོན་དང་མི་འདྲ་བ་ལྟ་བུར་འགྱུར་འགྲོ་སྟེ། བྱ་དངོས་དེ་སྔོན་ལྟར་གནས་དེ་རུ་གནས་ཀྱང་རང་ཚོད་ཚོད་ལ་འདྲི་རྟོག་དང་ཐེ་གཏོགས་ཀྱི་ཟུར་མིག་འཕེན་མཁན་མེད།
དེ་ལྟར་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བའི་སྐྱེས་མཆོག་དག་གིས་དུས་རབས་ཀྱི་དཀྱོགས་མཚམས་དང་ལོ་རྒྱུས་ཀྱི་རྩ་བའི་འགག་མདོ་རེ་ན་ལོ་རྒྱུས་ལ་ཀུ་རེའམ་སྐབས་དེའི་བླགས་འཚོལ་མཁན་ལ་ལར་ཚ་ཐག་གཅོད་ཀྱི་དགག་ལེན་གྱི་འགྲམ་ལྕག་རེ་ཡང་བྱིན་ངེས།
བྱ་བ་ལ་བྲེལ་འཚུབ་ཆེ་བའི་ཉི་མར་མཚོན་ན་ལོ་རྒྱུས་དང་དངོས་ཡོད་ལ་དབྱེ་ཞིབ་བྱེད་པའི་དལ་ལྷོད་ལྷོད་ཀྱི་ཁོམ་པ་ཞིག་གང་ནས་ཡོད།
ཁོ་བོས་བློ་སེམས་གཅིག་སྒྲིམ་གྱིས་སྤང་ཐང་གི་ནོར་ལུག་དང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་འཚོ་བར་རེ་ནས་ཁ་གཡེང་མིག་གཡེང་ཙམ་ཡང་མི་བྱེད། མཛེས་པའི་སྤང་ཐང་འདིར་མ་རིག་རྨོངས་མུན་གྱིས་བཀབ་པའི་དུས་ཡུན་དེ་ཇི་འདྲའི་རིང་ཞིང་དལ་ལ། ཤེས་བྱའི་གནས་ཀྱི་ཆ་གང་ལ་ཕྱོགས་པའི་རེ་འདུན་ཉག་གཅིག་འཁྲུངས་པ་དེ་ཡང་སྤང་ཐང་འདིར་ཡང་བསྐྱར་དཔྱིད་དཔལ་བུ་མོའི་འཛུམ་ཞལ་མངོན་པའི་མེ་ཏོག་རྐང་གཅིག་བཞད་པ་མིན་ནམ། དེ་བས་ཁོ་བོས་ལས་བྲེལ་གྱི་གོམ་ཁ་ནམ་ཡང་ལྷོད་མ་མྱོང་།
ཉི་མའི་སློབ་ཁྲིད་ཀྱི་ལོ་རྒྱུས་སུ། ངོ་མ་བཤད་ན་ཚོགས་གྲོལ་མིན་གྱི་དུས་ཚོད་ངེས་གཏན་ཞིག་མེད་པར། སློབ་ཁྲིད་སྐབས་སུ་རིག་གནས་ལག་རྩལ་ཁྲིད་ཡུལ་གཙོ་བོ་ཆུ་ཚད་འབྲིང་ཙམ་ཡོད་པའི་སློབ་མ་རྣམས་ཡིན་ལ། ཚོགས་བར་དུ་སློབ་ཁྲིད་ནང་དོན་མི་གོ་བ་དང་ཆུ་ཚད་ཅུང་མཐོ་བའི་ཤེས་བྱའི་དཀའ་གནད་གྲོལ་འདོད་པ་དག་ལ་ཁྲིད་དགོས། ཚོགས་གྲོལ་བ་ན་ཡང་། ཁོང་གི་ཁང་མིག་ཆུང་ཆུང་དེའི་སྒྱེད་པའི་འགྲམ་ནས་སློབ་ཁྲིད་རིགས་གཉིས་པ་དེའི་མགོ་རྩོམ་དགོས་པ་མ་ཟད། སྨན་པ་བསྟེན་དུ་ཡོང་མཁན་ཡང་མང་བོ་ཡོད།
ཁོང་ནི་ཁྱད་དུ་འཕགས་པའི་ཕྱུགས་ཟོག་སྨན་པ་ཞིག་ཡིན་པ་སྨོས་མ་དགོས་ཀྱང་། མི་ནད་གསོ་བ་རིག་པ་ལ་ཡང་ཤིན་ཏུ་མཁས་པས། ཁོང་ལ་བསྟེན་དུ་ཡོང་བའི་ནད་པ་ཡང་ཧ་ཅང་མང་། ཚོད་ཚོད་ལ་སློབ་མ་ཚོས་ཁོང་གི་དཀའ་ཁག་མྱོང་བ་གཟོད་མ་ཐུབ་པར། ནད་པ་ཚོར་ཨ་ཁུ་ཉི་མ་ས་ཐག་རིང་བོ་ཞིག་ལ་སྐུ་ལུས་གསོ་བར་ཕེབས་སོང་ཞེས་རྫུན་བཤད་པར་ཁོང་གིས་སློབ་མ་ཚོར་བཀའ་སྐྱོན་ནན་མོ་གནང་ངེས་པས་སློབ་མ་ཚོས་ཀྱང་རྗེས་ནས་དེ་འདྲ་ཟེར་མི་ཕོད། འོན་ཀྱང་ཕར་བལྟས་ཚོད་ཀྱིས་ནད་ལྕི་མོ་མིན་པ་དག་ལ་ཁོང་གིས་ཀྱང་ཨ་ཁུ་ཉི་མ་མེད། ས་ཆ་གཞན་ཞིག་ལ་བུད་ད་ཞེས་བཤད་མོད། ནད་པ་ཚོས་འདི་ཨ་ཁུ་ཚང་གི་ཁང་བ་ཡིན་པས་ངས་འདི་ལས་སྒུག་ཅེས་ཨུ་ཚུགས་ཐར་བསྐྱེད་བྱེད་སྐབས། ཁོང་གིས་དེས་ན་ཨ་ཁུ་ཚང་ཡོང་རེག་བར་ངས་བལྟས་ན་ཅི་འདྲ་རེད། ཅེས་དྲིས་པར་ལམ་སང་ལག་པ་ཕུ་ཐུང་དུ་རྐུམ་ནས་མི་དགོས་ངའི་ནད་འདི་ལྕི་བས། ཁོང་མ་གཏོགས་སུས་ཀྱང་གསོ་ཐབས་མེད་ཅེས་བཤད་དུས། ཁོང་དགོད་ཞོར་དུ་ང་ཨ་ཁུ་ཉི་མ་ཡིན་ཡང་སངས་རྒྱས་སྨན་ལྷ་མིན་ཞེས་དང་ཐོག་སློབ་མ་ཚོར་བརྟག་ཏུ་འཇུག་ཅིང་རྗེས་ནས་རང་གིས་སྤྱི་བསྡོམས་དང་འགྲེལ་བཤད་གནང་ངེས། དེ་ལྟར་ནད་པར་བལྟ་བ་དང་སློབ་ཁྲིད་བྱེད་པའི་བྱ་བ་གཉིས་ལེགས་འགྲུབ་བྱུང་ཡང་། བ་མའི་ནང་གི་ཐུག་པ་སྔ་མོ་ནས་འཁྱགས་པར་གྱུར། སྐབས་འགའ་རེར། གློ་བུར་ཕྱུགས་ར་ག་གེ་མོར་ཕྱུགས་ནད་ཕོག་པའི་བརྡ་གོ་མ་ཐག་དཀར་ཡོལ་ནང་གི་བཞེས་འཕྲོ་ཡང་བསྐྱུར་ནས་ལམ་ལ་བུད་པས་རིམ་བཞིན་ཁོང་ལ་ཕོ་བའི་ནད་དེ་ཕོག
4、འབད་འབུངས་ཁྲོད་སྨིན་པའི་གྲུབ་འབྲས།
ཉི་མའི་ཕྱུགས་ནད་གསོ་བ་རིག་པར་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་ཀ་དང་མཉམ་དུ་འཁྲབ་པའི་མ་བརྙེས་ཁ་གཡོགས་དང་དོན་མེད་གཡམ་རྒྱུགས་ཀྱི་སྐྱོ་གར་དེ་དག་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་ལོ་རྒྱུས་ཀྱི་རྡུལ་དུ་ཚུད་པས། ལྷག་ཟིན་པ་ཐམས་ཅད་མིག་མཐོང་ལག་ཟིན་དུ་གྱུར་བའི་ལྗིད་ཏིག་ཏིག་གི་འབྲས་བུ་དག་ཡིན་ལ།
1970ལོར་ལན་ཀྲུའུ་ན་འཚོགས་པའི་རྒྱལ་ཡོངས་ཕྱུགས་ནད་གསོ་བ་རིག་པའི་ལས་ཀའི་ཚོགས་འདུ་རུ་གདན་འདྲེན་བྱས་པ་དང་ཆེད་དོན་སྙན་ཞུ་ཕུལ་བར་གདེང་འཇོག་མཐོན་པོ་གནང་།
1974ལོར་ཁུན་མིང་དུ་འཚོགས་པའི་བོད་ལུགས་ཕྱུགས་སྨན་ཚོགས་འདུར་ཞུགས་ཏེ་དུས་ཚོད8ཙམ་ལ་ཆེད་དོན་སྙན་ཞུ་ཕུལ་ཞིང་། ཞིང་ལས་པུའུ་ཡིས་ཁོང་གི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་དེ་ཡུལ་གྲུ་སོ་སོར་ཁྱབ་གདལ་བཏང་། ཁོང་གིས་ད་དུང་འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་གི་འགན་ཡང་བཟུང་ཡོད།
1972ལོར། བོད་སྨན་དང་བོད་ཀྱི་གསོ་བ་རིག་པར་བཀོལ་བའི་ཉམས་མྱོང་དེ་རྒྱལ་ཡོངས་ཞིང་ཕྱུགས་ལས་ཚན་རིག་ལག་རྩལ་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུའི་ཐོག་ཏུ་བཀྲམ་པས་གདེང་འཇོག་ཆེན་པོ་གནང་།
ལས་དོན་གྱི་གྲུབ་འབྲས་འདི་དག་གིས་ཁོང་ཉིད་ཡིད་མི་ཚིམ་ལ། གཞན་དང་འདྲ་བར་འདི་དག་རང་གཅིག་པུའི་མདུན་ལམ་དང་ཐོབ་ཤོར་ཙམ་གྱི་ཆེད་དུ་འབད་པའང་གཏན་ནས་མིན་པས། ཡང་མཛོད་དགེའི་སྤང་ཐང་དུ་ཡོང་ནས་ཉམས་མྱོང་སྤྱི་བསྡོམས་དང་ཞིབ་འཇུག་གི་དཔེ་ཆ་རྩོམ་སྒྲིག་གི་ལས་ལ་འབད།
མིག་རྒྱང་དེ་བས་རིང་བོ་དང་བྱ་བར་དགའ་ཞེན་དེ་ལས་ཆེ་བའི་སྤྱོད་ཚུལ་དེ་ནི་ནམ་ཡང་ཁོང་གི་བྱ་བ་ལེགས་གྲུབ་ཡོང་བའི་རྨང་རྡོ་ཡིན།
ཁོང་གི་ཕྱག་ལེན་མྱོང་གྲུབ་གྱི་དཔེ་དེབ་དང་པོ་ནི《 མཐོ་སྒང་སྔོ་སྨན་གྱི་བཅོས་ཐབས་ལག་དེབ》དེ་རེད། དུས་རིམ་དེ་ནི་མི་སྒེར་གྱི་བྱེད་ནུས་ལ་གཙིགས་ཆེན་དུ་མི་འཛིན་པའི་སྐབས་ཤིག་ཡིན་པས་ཁོང་གིས་དཀའ་བ་ཁྱད་བསད་ཀྱིས་ལས་ཀར་འབད་པའི་སྐབས་ཀྱི་དགེ་རྒན་ཉི་མའི་མིང་ཙམ་ཡང་བཀོད་མེད་པར། 1960ལོར་ཞིང་འབྲོག་དབུལ་བོ་ལྔས་སྲོལ་རྒྱུན་གྱི་བྱེད་ཐབས་བཀོལ་ནས་སྔོ་སྨན་བཟོ་གྲྭ་ཞིག་བཙུགས་ཤིང་། ཁོ་ཚོས་རང་གི་ཀུན་སློང་དང་ས་དེ་གའི་རྒྱུ་ཆ་བཙལ་ནས། ལོ་ཕྱེད་ཙམ་གྱི་རིང་སྨན་སྣ80ལྷག་ཐོན་སྐྱེད་བྱས་པས། ཕྱུགས་ནད་འགོག་བཅོས་ལ་ནུས་པ་ཆེན་པོ་ཐོན། 1970ལོར། མ་དཔེ་འཚོལ་བསྡུ་ཚན་ཆུང་མངགས་ཏེ་ལྷོ་ནུབ་མི་རིགས་སློབ་གྲྭའི་སློབ་ཁྲིད་བཅོས་བསྒྱུར་ལས་དོན་རུ་ཁག་ལ་རམ་འདེགས་བྱས་ཏེ་མཉམ་དུ་སྔོ་སྨན700ལྷག་འཚོལ་བསྡུ་བྱས། གཞན་ད་དུང་རྩི་ཤིང་དང་སྲོག་ཆགས་གཏེར་རྫས་སོགས་ལས་སྨན་སྣ443ལེགས་སྒྲིག་བྱས་ཞེས་བྲིས་ཡོད།
དཔེ་ཆ་འདི་སྒྲིག་སྐབས་ཉི་མ་དང་ཁོང་གི་སློབ་མ་ཚོས་མ་དཔེ་འདོན་སྤྲོད་བྱས་པ་མ་ཟད། ལོ་མང་བོར་དཀའ་ཚེགས་ཀྱིས་གསོག་འཇོག་བྱས་པའི་སྔོ་སྨན་རེ་རེའི་བྲོ་བ་དང་ཁྱད་ཆོས། སྨན་འདུལ་ཐབས། བཀོལ་སྤྱོད་བྱེད་ཐབས་སོགས་ཀྱི་ཉམས་མྱོང་ཡང་མཁོ་སྤྲོད་བྱས།
དེ་ཡང་ཉམས་མྱོང་གསོག་རྒྱུ་དེ་ལས་སླ་མོ་ཞིག་མིན་ཏེ། སྔོ་སྨན་སྲོ་ལོ་དཀར་བོར་མཚོན་ན། སྨན་གཞུང་དུ་དེ་ནི་རི་མཐོ་སའི་རྡོ་ཁྱོབ་ཏུ་སྐྱེས་ཡོད་ཟེར་བ་ལས་རི་མོ་ཙམ་ཡང་བཀོད་མེད། 1960ལོ་ནས་བཟུང་། ཉི་མས་སློབ་མ་ཚོ་ཁྲིད་དེ་ལྷམ་རལ་རལ་དུ་སོང་ནས་སྨན་འདི་བཙལ་བ་དང་། སྨན་ནུས་དཔེ་ཆ་ལས་བཀོད་པ་ལྟར་ཡོང་མི་ཐུབ་པས། ཉི་མས་ཡང་ཡང་ཚོད་ལྟ་བྱས་པ་དང་། སྨན་གཞུང་དུ་མར་གཟིགས་ཞིབ་གནང་མཐར། 1976ལོར། 《 རྒྱུད་བཞི》 ཡི་དགོངས་འབྲེལ་ཞིག་ལས་སྨན་འདིའི་སྐོར་ཀྱི་གསལ་བཤད་འགའ་རྙེད་པས། ལོ་ངོ་བཅུ་དྲུག་གི་རྗེས་སུ་ད་གཟོད་སྔོན་སྨན་འདི་ངོས་ཟིན།
1960ལོ་ནས1977ལོའི་བར་ཉི་མ་དང་ཁོང་གི་ལས་གྲོགས། སློབ་མ་ཚོས་ཁྱོན་བསྡོམས་སྨན་སྣ1200ལྷག་འཚོལ་བསྡུ་བྱས་ཡོད་པ་དང་། ཁྱོན་ལྗིད་ཚད་རྒྱ་མ་ཁྲི40ལྷག་ཡོད། དེ་དག་རིལ་བུ་དང་བྱུག་སྨན། སྨན་ཕྱེ། རླངས་ཁབ་སོགས་སུ་བཟོས་པས། ས་དེ་གའི་ཕྱུགས་སྨན་གྱི་དགོས་མཁོ་བསྐངས་ཐུབ་པ་མ་ཟད་ལྗིད་ཚད་ཁྲི་གཉིས་ལྷག་གི་སྔོ་སྨན་ས་ཕྱོགས་གཞན་པའི་ཕྱུགས་སྨན་དུ་རོགས་རམ་བྱས།
1978ལོར་ཁོང་གིས་རྒྱུན་པར་སློབ་ཁྲིད་བྱས་པའི་རྨང་གཞིའི་ཐོག་མུ་མཐུད་དུ《 བོད་ཕྱུགས་ནད་གསོ་བ་རིག་པའི་ཉམས་མྱོང་ཕྱོགས་བཏུས》ཞེས་པ་འཚོལ་བསྡུ་དང་ལེགས་སྒྲིག་སྒྲིག་རྩོམ་བྱས། ཁོང་ནི་ཚན་རིག་ལག་རྩལ་ལས་ཀའི་ཁྲོད་བྱས་རྗེས་ཅན་དུ་བདམས་པའི་ཆ་ནས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཟེངས་རྟགས་ཐོབ། ལོ་དེར་མི་བཞི་ཚོགས་ཁག་རྩ་མེད་བཏང་རྗེས་ཚོགས་པའི་རྒྱལ་ཡོངས་ཚན་རིག་ཚོགས་ཆེན་དུ་ཞུགས།
མེས་རྒྱལ་གྱི་རྒྱལ་ས་པེ་ཅིང་དུ། ཁོང་ཉིད་གནམ་བདེ་སྒོ་མོ་ཆེའི་ཐོག་ཏུ་འཛེགས་ཏེ་བྱང་གི་མཚོ་མོའི་སྤྱི་གླིང་ནང་གི་བོད་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མཆོད་བརྟེན་དཀར་བོར་རྒྱང་གཟིགས་བྱས།
ཤར་ཕྱོགས་དག་པའི་ཞིང་གི་གངས་རི་ར་བས་སྐོར་བའི་མཐོ་སྒང་གི་ཕ་ཡུལ་ལ་རྒྱང་བལྟ་བྱས་ཚེ། མིག་གི་མཐོང་ལམ་ཀུན་དུ་སྤྲིན་དཀར་གྱི་འདམ་མས་བཀག་ཅིང་། འདིའི་བར་ནའང་སྔོན་ཆད་པེ་ཅིང་མཁར་ལ་ཐོན་པའི་ལམ་ཐིག་ཅིག་ཡོད་མྱོང་བ་ཁོང་གིས་རྟོགས། དེ་ནི་ཆོས་ལུགས་རིག་གནས་ཀྱི་ལམ་བུ་ཞིག་སྟེ། ལྷ་ས་ནས་མཚོ་སྔོན་ཡང་ན་སི་ཁྲོན་བརྒྱུད་དེ་རྒྱ་ནག་རི་བོ་རྩེ་ལྔ་དང་། ཁྲིན་ཏུ་གོང་མས་དབྱར་འབུད་ཕོ་བྲང་གི་ཕྱིའི་དགོན་པ་བརྒྱད་དང་། པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་ལ་ཕྱོགས་པའི་ལམ་བུ་དེ་ཡིན་ཞིང་།
ད་ལྟ་མགོ་ནག་བོད་མི་རྣམས་ཀྱང་ཀྲུང་གོ་གསར་བའི་ལྟོ་བ་ཆེན་མོར་ཡང་བསྐྱར་རིག་གནས་ཀྱི་འགྲུལ་བཞུད་ཇི་འདྲ་ཞིག་གི་འགོ་རྩོམ་དགོས་པར་ཉི་མས་ཐུགས་འདང་རྒྱག་བཞིན་པའི་སྐད་ཅིག་མ་དེར། ལྗིད་ཏིག་ཏིག་གི་ཕྲག་བབ་ཀྱི་འོས་འགན་དེ་ཅི་ཡིན་རྟོགས་བྱུང་། རེད་དེ་དུས་རབས་གསར་བར་མི་རིགས་ཤིག་གི་སྟོབས་འབྱོར་དང་འཕེལ་རྒྱས་ཀྱི་རྩ་བར་གྱུར་བའི་ལམ་བུ་ཉག་གཅིག་ནི་སློབ་གསོ་ཡིན་ལ། དེ་ཡིས་རྨོངས་མུན་གྱི་ཞིང་ཁམས་ལས་ཡུན་རིང་འཁུམས་པའི་མི་རིགས་ཤིག་གཉིད་ལས་དཀྲོགས་ཤིང་འཕེལ་རྒྱས་སུ་གཏོང་ཐུབ། སྐབས་དེར་བརྗིད་ཆགས་ཀྱི་མཆོད་བརྟེན་དཀར་བོའི་མཐའ་ན་ཡུལ་སྐོར་བ་གྲོག་མ་ལྟར་མང་ཞིང་གང་སར་རྒྱུ་ལ། ཉི་མ་ཁོ་རང་ཕ་ཡུལ་ཕྱོགས་སུ་འཁོར་ཏེ་བསམ་གཞིགས་ཀྱི་མཚོ་མོའི་ཀློང་དུ་ལྷུང་འདུག
རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པས་སྒྲོག་པའི་ཚན་རིག་ཏུ་སྐྱོད་པའི་འབོད་སྐུལ་རྣ་ལམ་ན་གྲག་ཀྱང་། ཉི་མས་སྤང་ཐང་ལ་མཚོན་ན་སྔོན་ལ་སློབ་གསོའི་གནད་དོན་མ་སེལ་ན་ཚན་རིག་ཅེས་པ་ནམ་ཡང་ཡོད་མི་ཐུབ་སྙམ།
གལ་ཏེ་སྔོན་ཆད་ཁོང་འོས་འགན་སློབ་གསོའི་ལམ་དུ་སྐྱོད་པ་དེ་ལས་ཀ་བདེ་བླགས་ངང་འགྲུབ་པའི་ཆེད་དུ་ཡིན་ན། ད་ལྟ་ཁོང་ཉིད་ལ་སློབ་གསོ་དང་། མི་རིགས་སློབ་གསོའི་ཐད་ནས་ངོས་འཛིན་དང་ཤེས་རྟོགས་གསར་བ་ཞིག་རྙེད་བྱུང་།