《 རླུང་ཁའི་ལས་འཕྲོ》 ཞེས་པའི་སྒྲུང་དེབ་འདི་ནི་ཚྭ་འདམ་གཞོང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གསར་སྐྱེས་རྩོམ་པ་པོ་འདམ་འཇིལ་ལིའམ་མིང་དངོས་ལ་པད་མ་རིག་འཛིན་དུ་འབོད་པས་གསར་རྩོམ་གནང་བའི་སྒྲུང་གཏམ་གྱི་དེབ་ཅིག་ཡིན། སྔོན་གྱི་དུས་སུ་ཁོང་གི་སྙན་ངག་བརྩམས་ཆོས་རེ་འགའ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་ནས་བཀླགས་མྱོང་ཡོད་པར་མ་ཟད། 2017ལོར་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྐྱོང་དང་།《 གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་གཙོ་འགན་དང་ཁོ་བོས་གཙོ་སྒྲིག་པའི་འགན་འཁུར་ཐོག མཚོ་ནུབ་ས་ཁུལ་གྱི་ན་གཞོན་སྙན་ངག་པ་སྐོར་ཞིག་གི་སྙན་དེབ་རྩོམ་སྒྲིག་བྱས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། ཁོང་གི་སྙན་དེབ《དབྱངས་ཀྱི་ང་རོ》 ཞེས་པ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པས་ན། དེས་མདོ་དབུས་ཁམས་གསུམ་གྱི་ཀློག་མཁན་གང་མང་ཞིག་ལ་བག་ཆགས་ཀྱི་ས་བོན་ཙམ་ཞིག་བཞག་མྱོང་ཡོད་པ་གདོན་མི་ཟ། བསམ་ཡུལ་ལས་འདས་པ་ཞིག་ལ་ཐེངས་འདིར་ཁོང་གིས་བརྩམས་སྒྲུང་གི་དེབ་ཅིག་ཀློག་པ་པོ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་ནི། ཁོ་བོར་མཚོན་ན་དགའ་བ་རབ་ཏུ་སྐྱེས་པ་དང་མཉམ་དུ་མཚར་སྣང་ཞིག་ཀྱང་སྐྱེས་པའི་གནས་སུ་ཕྱིན། རྒྱུ་མཚན་ནི་རང་ས་རང་ཡུལ་ནས་བཤད་ན་འདི་ནི་བོད་ཀྱི་རྩོམ་རིག་གི་གྲུབ་འབྲས་གསར་པ་ཞིག་ཏུ་བརྩི་ཆོག་པ་དང་། སྒོས་སུ་ཚྭ་འདམ་བོད་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་མཐོ་བརྒལ་ཞིག་ཏུའང་འཁུམ་པར་རིགས་སོ།།
དེ་ཡང་ལོ་རབས་དགུ་བཅུ་བའི་མཇུག་ཏུ། ཚྭ་འདམ་ཕྱོགས་སུ་རྩོམ་རིག་གསར་དར་གྱི་ཡོ་ལང་རྒྱས་པ་དང་མཉམ་དུ། 《 གངས་རྒྱན་མེ་ཏོག》དུས་དེབ་འདི་ཡང་ཚྭ་འདམ་བོད་ཀྱི་རྩོམ་རིག་གི་བགོ་སྐལ་དུ་ཐོག་མར་འཁྲུངས་པ་དང་། ས་གནས་ཀྱི་རྩོམ་པ་པོ་སྐོར་ཞིག་ཀྱང་དེ་དང་བསྟུན་ནས་ཆར་རྗེས་ཀྱི་ཤ་མོ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཡིན་ཡང་ཏག་ཏག་སྙན་ངག་དུས་དེབ་འདིའི་ཁྱད་ཆོས་དང་ཤུགས་རྐྱེན་འོག ས་གནས་གཞོན་སྐྱེས་རྩོམ་པ་པོ་མང་ཆེ་བ་ནི་སྙན་ངག་གསར་རྩོམ་གྱི་ལས་ཁོ་ནར་འཇུག་པ་ལས། སྒྲུང་གཏམ་སོགས་རྩོམ་ལུས་གཞན་པའི་གསར་རྩོམ་གྱི་ལས་ལ་འཇུག་མཁན་ནི་ཉིན་མོའི་སྐར་མ་བཞིན་ཧ་ཅང་དཀོན་པའི་གནས་སུ་མཆིས། དེ་བས་ས་གནས་འདིའི་རྩོམ་རིག་གི་སྐྱེད་ཚལ་འདི་ཡང་ཁ་དོག་གཅིག་རྐྱང་བ་ཞིག་ཡིན་པའི་སྣང་བ་བཅོས་མིན་དུ་སྟེར། ས་གནས་ཀྱི་རྩོམ་རིག་སྤྱིའི་འཕེལ་རྒྱས་ལ་དམིགས་ནས་བརྗོད་ན་ནི། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རྩ་དོན་ལྟར། རྩོམ་རིག་གི་རྣམ་པ་མི་འདྲ་བ་སྣ་ཚོགས་དར་བས་ད་གཟོས་དུས་རབས་གསར་པའི་ཀློག་པ་པོའི་འདོད་བློ་ཇི་བཞིན་དུ་བསྐང་ཐུབ་པ་དང་། མི་རིགས་ཀྱི་རིག་གནས་དང་རྩོམ་རིག་ལ་དར་རྒྱས་ཆེན་པོ་འབྱུང་བའི་རྒྱུ་མི་དམན་པ་ཞིག་ཆགས་ཐུབ་པ་སྨོས་མ་དགོས། རྒྱུ་མཚན་དེའི་དབང་གིས་རྩོམ་རིག་བརྩམས་ཆོས་ཅི་དང་གང་ཞིག་གསར་དུ་བྱུང་ཚེ་དེར་དགའ་བ་རབ་ཏུ་སྐྱེས་བྱུང་། དེ་ནས་ཡང་མཚར་སྣང་སྐྱེས་དོན་ནི་སྒྲུང་གཏམ་རྩོམ་རིག་ལ་ལས་འབྲས་ཅི་ཡང་མི་མཆིས་པའི་མི་ཞིག་ཡིན་པའི་ཆ་ནས་སྒྲུང་གཏམ་འདིར་བཀླགས་ཚོར་ཞིག་བྲི་རྒྱུ་ནི་ལོང་བ་ཞིག་གིས་གཞན་ལ་ལམ་སྟོན་མཛད་པའི་དཔེ་རུ་ཅིས་མི་འགྲོ་ཨང་། འོན་ཀྱང་། ལོ་ངོ་དུ་མའི་རིང་དུ་བོད་ཀྱི་རྩོམ་རིག་ལ་ལས་འབྲེལ་ཕྲན་བུ་རེ་བཞག་མྱོང་བ་དེ་ཙམ་པོ་དང་། སྒོས་སུ་འདས་པའི་དུས་སུ་རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་མྱོང་བ་བཅས་ལ་རྐྱེན་བྱས་ཏེ། ཉམས་མྱོང་ཁོ་ནའི་སྟེང་ནས་རང་ནུས་ཅི་ལྕོགས་སྒོས་རྩོམ་རིག་གི་ཤེས་བྱ་སྣ་ཟིན་སྤུ་ཟིན་རྣམས་གུང་བསྒྲིགས་ཏེ་དེ་འབྲེལ་གྱི་གཏམ་ཆ་མ་ཆོ་ཞིག་བྲིས་པ་འདིས། གཅིག་བྱས་ན་ཨུ་ཚུགས་མཐར་སྐྱེལ་དང་རྡོ་ཆག་བཙན་བསྒྲིགས་ཀྱིས་ཡིག་ཚོགས་སྤུངས་པ་ལས་སྒྲུང་དེབ་འདིར་ཕྱར་བ་གྲུ་འདེགས་ཀྱི་དགེ་མཚན་ཅི་ཡང་ཐོན་མི་ཐུབ་ཅིང་། གཉིས་བྱས་ན་བྲིས་པའི་ནང་དོན་ཡང་གནད་དུ་ཐིངས་པ་ཞིག་འབྱུང་དཀའ་ཞིང་ཀློག་པ་པོ་སུ་དང་གང་ལ་གོ་བསྐོན་གྱི་བློ་བསྐྱེད་ཏོག་ཙམ་ཡང་བསྩལ་ག་ལ་ནུས། དེ་བས་ཀྱང་རྒྱ་ཆེའི་ཀློག་པ་པོའི་འདོད་བློ་ཅི་བཞིན་དུ་བསྐང་རྒྱུ་དེ་ཤིན་ཏུ་ཁག་པའི་གནས་ཡིན་པས་ན། ཀུན་གྱིས་འཕྱ་བའི་ཡུལ་དུ་མི་འཛིན་པའི་རེ་བ་སྔོན་དུ་ཞུའོ།།
གཤམ་དུ་སྒྲུང་དེབ་འདི་བཀླགས་པའི་མྱོང་ཚོར་ཕྲན་བུ་ཞིག་ཕྱོགས་གསུམ་གྱི་སྒོ་ནས་གླེང་བར་བྱ་སྟེ། དང་པོ་སྒྲུང་དེབ་ཀྱི་སྒྲོམ་གཞི་བཀོད་སྒྲིག་གི་སྟེང་ནས་བལྟས་ན། སྒྲུང་དེབ་ཧྲིལ་བོ“རླུང་རྒྱུ་བ”དང“རླུང་ལྡང་བ”“རླུང་འཇགས་པ”བཅས་ཁག་ཆེན་པོ་གསུམ་དུ་ཕྱེ་ཡོད་པ་དང་། ཕྱི་ངོས་ནས་བལྟས་པ་ཙམ་གྱིས་སྒྲུང་དེབ་འདིའི་ཁག་སོ་སོའི་དབྱེ་སྟངས་དང་མིང་འདོགས་ལུགས་བཅས་ཀྱི་ཐོག་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ལ་སྐྱ་ཐིག་ཅིག་བཏབ་ཡོད་པ་ལྟར་དུ་སྣང་ཞིང་། སྒྲུང་གཏམ་སྤྱི་ལ་མཆིས་ངེས་པའི་གཏམ་རྒྱུད་ཀྱི་མགོ་རྩོམ་པ་ནས་བྱུང་རིམ་གྱི་འཕེལ་རྒྱས། དེ་ནས་མཐོ་རླབས་སུ་འགྲོ་བ་དང་མཐའ་མར་མཇུག་འབྲས་ཤིག་ལ་བསྙེགས་ཡོད་པ་བཅས་གཏན་ཆགས་ཅན་གྱི་བྱུང་རིམ་ཆ་ཚང་ཞིག་ལྡན། སྒྲིག་གཞིའི་ཐད་ནས་ཀྱང་གོང་འོག་བར་གསུམ་རིས་སུ་ཆགས་ཤིང་རྣམ་པར་གསལ་བའི་དབང་རྩ་ལྟ་བུ་ཞིག་གི་དམ་དུ་སྦྲེལ་ཡོད་པ་དང་། བརྗོད་གཞི་གང་དེ་རྩོམ་པ་པོས་རྟོག་བཟོ་བགྱིས་པའི་བཀོད་སྒྲིག་ལྟར་དྲང་དོན་གྱི་རི་མོ་གང་མངོན་སུམ་དུ་ཀློག་པ་པོའི་སྤྱན་སྔར་བསྟར་ཡོད། མ་ཟད་ནང་གསེས་ཀྱི་བརྗོད་བྱང་ཡང“རླུང་ལ་གཡེངས་པའི་གཏམ”“རྨི་ལམ་གཤོག་ཐོགས་མ”“ཤན་པ་ནག་རིས”“དཔའ་རྒོད་ཁེར་མོ”“རླུང་ཁའི་གྱོད་བཤད”“ལག་འཛིན་ལྷ་མོ”“ཚ་ཞང་འདན་མ་བྱང་ཁྲ”“རླུང་གི་གཤོག་ཡ”“རིལ་མའི་མོ་རྡེའུ”“རླུང་ཁའི་ལས་འཕྲོ”“རླུང་གསེབ་ཀྱི་མར་མེ”“ར་མའི་དཔར་ཤིང”“ཇུས་དབུ་ནག”“འདྲེ་རྔ་ལོ”“རླུང་གི་གཤོག་པ”“ཚོར་བ་རླུང་ཞོན་མ”བཅས་བསྡོམས་པས་ཚན་ཆུང་བཅུ་དྲུག་ཏུ་བཀར་ཏེ་སྤེལ་ཞིང་། ཚན་པ་རེ་རེ་སྲོག་ཤིང་མ་འཁྱོག་པ་དང་གོ་རིམ་མ་འཆོལ་བ། རྒྱབ་ལྗོངས་མ་ནོར་བ་དང་བྱུང་རིམ་མ་འཁྲུལ་བའི་སྒོ་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་གིས་བྱས་ཏེ། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཞིག་གི་ཚུལ་དུ་སྒྲུང་དེབ་སྤྱིའི་སྒྲོམ་གཞི་བཀོད་སྒྲིག་གི་ཆ་ནས་ཚགས་དམ་ཞིང་དབྱེ་མཚམས་གསལ་བ། གོང་འོག་འབྲེལ་མཐུད་ཅིང་ཁྲག་རྒྱུན་འདྲེས་ནས་ཡོད་ཕྱིར། ཁྱད་ཆོས་དེ་དག་གིས་སྒྲུང་དེབ་ལ་ཚེ་སྲོག་གི་གསོན་ཤུགས་ཆེན་པོ་ཞིག་བསྣན་ཡོད་དོ།།
གཉིས་པ་སྒྲུང་དེབ་ཀྱི་བརྗོད་དོན་ལ་ཉེ་བར་བཅར་ཚེ། སྒྲུང་དེབ《རླུང་ཁའི་ལས་འཕྲོ》 ཁྲོད་ཀྱི་བྱུང་རིམ་མཐའ་དག“ཐར་བྷ”ཞེས་པའི་མི་སྣ་འདི་ལས་འཕྲོས་ཤིང་། རྩོམ་པ་པོས་བསམ་གཟས་ནས་ཀྱག་ཀྱོག་གི་མི་ཚེའི་བཞུད་ལམ་ན་དཀའ་སྡུག་གིས་འཚོ་བཞིན་པའི་ཚབ་མཚོན་རང་བཞིན་གྱི་མི་སྣ་འདི་འདྲ་ཞིག་གསར་བཞེངས་བྱས་པ་བརྒྱུད། ཕ་ཡུལ“སོ་དེའུ་ཁ”ཡི་འདས་མ་ད་གསུམ་དང་ཕྱི་ནང་གསང་གསུམ་ཐམས་ཅད་བརྩམས་ཆོས་ཀྱི་སྲོག་སྙིང་དུ་བཟུང་ཡོད་པ་སྟེ། བརྗོད་འདོད་པའི“སོ་དེའི་ཁ”ཡི་སྐྱེ་ཁམས་ཁོར་ཡུག་དང་ལོ་རྒྱུས་རྒྱབ་ལྗོངས། རིག་གནས་འདུ་ཤེས་དང་འཚོ་བའི་གོམས་གཤིས། ཆོས་ལུགས་དད་མོས་དང་སྐྱེ་རྒ་ན་འཆི་སོགས་མི་ཚེའི་འཚོ་བའི་གོ་རིམ་མཐའ་དག་གསོན་ཉམས་ལྡན་ཞིང་བསམ་གཞིག་གི་བར་སྟོང་ངེས་ཅན་མཆིས་པའི་གཏམ་རྒྱུད་རེ་རེར་བརྒྱུས་ཏེ། དྲང་དོན་དང་ངེས་དོན་གང་རུང་གི་སྒོ་ནས་ང་ཚོའི་སྣང་ངོར་ལེགས་པར་མཚོན་ཡོད། བྱེ་བྲག་གི་སྒོ་ནས་བཤད་ན་གཏམ་རྒྱུད་ཀྱི་མགོ་ཡང་མི་སྣ་གཙོ་བོ“ཐར་བྷ”ཐོག་མར་མི་ཡུལ་དུ་སྐྱེས་པ་ནས་བཟུང་སྟེ་བརྩམས་ཡོད་པ་དང་། དེ་ནས་རིམ་བཞིན་དུ་ནོར་སོན་པའི་ལོ་ཟླ་དང་འཚོ་བའི་དཀའ་སྡུག ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་གཞན་ཕན་ལྷག་བསམ་གྱི་མི་གཤིས། ཕོ་མོའི་བརྩེ་དུང་དང་ལས་དབང་གི་འགྱུར་ལྡོག་བཅས་འཚོ་བའི་གྲུ་ཟུར་རེ་རེའི་བྱུང་རིམ་ཞིབ་ཚགས་སྒོས་ཞིབ་འབྲི་བྱས་ཤིང་། མ་ཟད་ད་དུང་དགའ་སྐྱོ་ཆགས་སྡང་དང་རྒྱལ་ཕམ་དགེ་སྡིག འདུ་བྲལ་གྱི་སྡུག་བསྔལ་དང་ནང་སེམས་ཀྱི་སྐྱོ་བ། མ་འོངས་ཕུགས་བསམ་དང་ཐ་ན་འཕྲུལ་སྣང་བཅས་ནང་སེམས་ཀྱི་རི་མོ་བག་ཐོན་པར་ཞིབ་འབྲི་བྱས་ཡོད་པས། ང་ཚོས་ཕུན་སུམ་ཚོགས་པའི་ཞིབ་འབྲི་འདི་དག་ལ་ཉམས་སུ་མྱངས་ཚེ། འདི་ནི་རླུང་ཁར་འཚོ་བའི་རུ་སྡེ་ཕྲ་མོ་ཞིག་གི་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་གི་རེག་ཟིག་ཅིག་དང་ཡང་ན་རྩོམ་པ་པོའི་སེམས་ཁམས་དང་ཆེས་ཐག་ཉེ་བའི་ཕ་ཡུལ“སོ་དེའུ་ཁ”ནས་བྱུང་བའི་གཏམ་རྒྱུད་ངོ་མ་ཞིག་ཡིན་པར་མ་ཟད། རླུང་དང་མཉམ་དུ་ནར་སོན་ཞིང་རླུང་དང་བསྡོངས་ནས་རྒྱལ་ཁམས་འགྲིམ་པའི་རྩོམ་པ་པོ་འདམ་འཇིལ་ལིའི་རྣམ་ཤེས་ཀྱི་ཆ་ཤས་སམ་སྒྲུང་གཏམ་འདིའི་མཐར་ཐུག་གི་བསམ་བློའི་སྙིང་སྟོབས་ཀྱང་ཡིན། ཡང་ཅིག་བཤད་ན། འདི་ནི་ལོ་ངོ་སྟོང་ཕྲག་དུ་མའི་མི་རབས་ནས་མི་རབས་བར་མདོ་དབུས་མཐོ་སྒང་དུ་འཚོ་བའི་མི་རིགས་ཤིག་གི་བདེ་སྡུག་མ་ལུས་ཡོངས་སུ་མཚོན་པའི་འཚོ་བའི་བཟླུས་གཟུགས་ཤིག་ཀྱང་ཡིན་པར་སེམས་སོ།།
གསུམ་པ་སྒྲུང་དེབ་ཀྱི་བརྗོད་བྱང་དག་གི་མཚོན་དོན་དང་ཁྱད་ཆོས་སྐོར་ནས་རགས་ཙམ་སྤྲོས་ན། ཐོག་མར་མཉམ་འཇོག་དགོས་ས་ནི《 རླུང་ཁའི་ལས་འཕྲོ》
ཞེས་པའི་དེབ་མིང་འདི་ཡིན་པར་སྙམ་ལ། འཆར་ཡན་གྱིས་ཀུན་ནས་ཕྱུག་པའི་དེབ་མིང་འདི་མཐོང་ཡོང་དུས། ཁོ་བོར་སྔར་བཞིན་དུ་འདི་ནི་སྙན་ངག་གི་དེབ་ཅིག་ཡིན་པའི་ཚོར་བ་ཞིག་སྐྱེས། ཀུན་གྱིས་ཤེས་གསལ་ལྟར་དུ་དེབ་མིང་ནི་ཀློག་པ་པོའི་མིག་དབང་འགུགས་བྱེད་ཀྱི་རྒྱུ་ཐོག་མ་ཡིན་པ་བཞིན་དུ། 《 རླུང་ཁའི་ལས་འཕྲོ》 ཞེས་པ་དང་དེ་ལས་འདས་ཏེ་ནང་ཚན་དུ་བཀོད་པའི“རླུང་ལ་གཡེངས་པའི་གཏམ”“རླུང་ཁའི་གྱོད་བཤད”“རླུང་གི་གཤོག་ཡ”“རླུང་ཁའི་ལས་འཕྲོ”“རླུང་གསེབ་ཀྱི་མར་མེ”“རླུང་གི་གཤོག་པ”“ཚོར་བ་རླུང་ཞོན་མ”སོགས“རླུང”གི་མིང་བྱང་རྐྱང་རྐྱང་འཁུར་བའི་བརྗོད་བྱང་འདི་དག་གིས། ང་ཚོར་ཡིད་འགུགས་ཀྱི་སྣང་ཚུལ་ཞིག་སྦྱིན་པ་དང་སྦྲགས། ང་ཚོར་གསང་བ་ལྐོག་གྱུར་གྱི་བསླུ་བྲིད་བར་མེད་དུ་གཏོང་བཞིན་པ་དང་ཇི་འདྲའི་མཚུངས་ཨང་། འོ་ན་རྩོམ་པ་པོས་ཅིའི་ཕྱིར་སྒྲུང་གཏམ་གྱི་ཐོག་མཐའ་བར་གསུམ་དུ“རླུང”དང་སྦྱར་ཏེ་བྲིས་པ་ཡིན་ནམ་ཞེ་ན། ཁོ་བོས་བསམས་ན་དེ་ནི་རྩོམ་པ་པོ་ཁོང་ཉིད་སྐྱེས་སའི་ཕ་ཡུལ“སོ་དེའུ་ཁ”ལ་རག་ལས་པ་སྟེ། རུ་སྡེ་འདི་ནི་་ཏག་ཏག་ཚྭ་འདམ་གཞོང་སའི་ཁོངས་གཏོགས་སུ་ཆགས་ཤིང་། ལོ་ཧྲིལ་བོར་རླུང་འཇགས་པ་མེད་པས་ཕྱིར་ན། ཁོང་ནི་རླུང་གི་ཞིང་ཁམས་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན། ཁོ་བས་བསམས་ན་ཡང“རླུང”ནི་རླུང་སྟེ། ཚྭ་འདམ་གཞོང་ནས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་བདས་སྐྱོམས་ཁྲོད་ནས་འཇིག་རྟེན་ལ་བསྐྱུར་བའི་ལོ་རྒྱུས་ཀྱི་རྐང་རྗེས་རེ་རེ་མངོན་པར་མཐོང་ཐུབ་ལ། ཆོས་ཐམས་ཅད་མི་རྟག་པ་ཡིན་པའི་བརྡ་རྟགས་ཀྱི་མདུན་ནས་མུ་མཐུད་དུ་མ་འོངས་པར་རེ་བཞག་འཆའ་བའི་འབོད་སྐུལ་རེ་རེ་ནི་རླུང་ཁའི་ལས་འཕྲོ་ཡི་བསྡུས་གཟུགས་རེ་རེ་ཅི་ལ་མིན། དེ་བས། རླུང་གིས་རྩོམ་པ་པོའི་འཚོ་བཞེས་ཀྱི་ཁོར་ཡུག་དང་གནམ་གཤིས། འཚོ་བ་དང་ཐོད་སྐྱེད་སོགས་ལ་འགྱུར་བ་བཏང་དང་གཏོང་གིན་ཡོད་པར་མ་ཟད། ད་དུང་ནང་སེམས་ཀྱི་ཚོར་འདུ་ལའང་ཤུགས་རྐྱེན་ཅི་རིགས་ཐེབས་སུ་བཅུག་དང་འཇུག་གིན་པས། རླུང་གིས་ཁོང་ལ་དཔག་ཏུ་མེད་པའི་རྟོག་འཆར་གྲངས་མེད་བསྐྲུན་ཡོད་པར་སྲིད་ལ། ཡང་རླུང་གིས་ཁོང་ལ་འཛིན་དུ་མེད་པའི་རེ་བ་དང་བག་ཆགས་ཀྱང་གང་མང་བཞག་ཡོད་སྲིད། གཞན་ཡང་རྩོམ་པ་པོ་ཁོང་ཉིད་སྙན་ངག་པ་ཞིག་ཡིན་པའི་ངོས་ཐད་ནས། ཐེངས་འདིའི་སྒྲུང་གཏམ་གསར་རྩོམ་བྱེད་པའི་གོ་རིམ་ཁྲོད་དུའང་ཁོང་གིས་ཕྱི་རོལ་གྱི“རླུང”དང་ནང་སེམས་ཀྱི“རླུང”གཉིས་གཞི་གཅིག་ཏུ་སྦྱར་ཞིང་། “རླུང”ཞེས་འཆར་ཡན་གྱི་ཚོར་རྟོག་ཅིག་ལ་གཞི་བཅོལ་ཏེ། ཕ་ཡུལ“སོ་དེའི་ཁ”ཡི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་འགྲོ་འདུག་འཆག་གསུམ་ཐམས་ཅད་གཟུགས་མེད་ཀྱི“རླུང”གི་ཁྲོད་ནས་ཆགས་ཤིང་འཇིག་པའི་རྟག་བརྟན་གྱི་ཆོས་ཉིད་ཅིག་བསྟན་པ་དང་། “རླུང”ནི་ཞི་རྒྱས་དབང་གྲགས་ཀྱི་མཚོན་བྱེད་དང་། ཡང་ན་སུས་ཀྱང་དཔག་པར་དཀའ་བ་དང་ངེས་པ་མེད་པའི་བདག་རྐྱེན་ལ་བརྟེན་ནས། ཀློག་པ་པོ་ཡོངས་ལ་ཀུན་རྟོག་དང་བསམ་གཞིག འཆར་ཡན་དང་ཡིད་འགུགས་སོགས་ཕུན་སུམ་ཚོགས་པའི་རྩོམ་རིག་གི་ཤུགས་བསྟན་སྣ་ཚོགས་ཤིག་ཞར་ནས་རྟོགས་ཡོང་བས། “རླུང”གིས་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་ལ་སྲོག་དབང་གཞན་ཞིག་བསྩལ་ཡོད་པ་དང་། སྒྲུང་དེབ་སྤྱིའི་རྟོག་བཟོ་བྱེད་སྟངས་དང་མཚོན་ཐབས། རྗོད་བྱེད་སོགས་གང་ཅིའི་ཐད་ཐུན་མོང་མ་ཡིན་པའི་བཀྲག་མདངས་གཞན་ཞིག་བསྣན་ཡོད་དོ།།
མདོར་ན། རྩོམ་རིག་གསར་རྩོམ་ནི་སེམས་ཀྱི་སྦྱོར་བ་དང་ལུས་ཀྱི་རྩོལ་བ་གཉིས་ཀར་བརྟེན་དགོས་པས་ལས་དཀའ་མོ་ཞིག་རེད། ཐེངས་འདིར་རྩོམ་པ་པོ་འདམ་འཇིལ་ལིས་དུས་རྒྱུན་གྱི་ལས་ཀའི་བར་གསེང་ནས་རང་གི་དགའ་ཕྱོགས་རྒྱུན་བསྐྱངས་བྱས་ཤིང་། རྒྱང་རིང་གི་ཕུགས་བསམ་དེ་སེམས་ནས་མ་དོར་བར་མུ་མཐུད་དུ་མདུན་ཕྱོགས་སུ་གོམ་སྟབས་བསྒྱུར་བཞིན་པའི་གོ་རིམ་ཞིག་ང་ཚོར་བདེན་དཔང་བྱས་སོང་། མཚོ་ནུབ་ཁུལ་ལ་མཚོན་ན་ས་རྒྱ་ཆེ་ནའང་བོད་རིགས་ཀྱི་མི་གྲངས་ཧ་ཅང་ཉུང་ལ། རྩོམ་རིག་གི་ལས་ལ་འཇུག་མཁན་དང་གསར་རྩོམ་ཕྱོགས་སུ་བརྩོན་པའི་རྒྱུན་བསྲིང་མཁན་ནི་དེ་བས་ཀྱང་དཀོན་པས་ན། རྩོམ་པ་པོ་འདམ་འཇིལ་ལིའི་སྒྲུང་གཏམ་རླུང་ཞོན་མ《རླུང་ཁའི་ལས་འཕྲོ》 ཞེས་པ་འདི་འཁྲུངས་པ་ནི། ཁོང་ཉིད་གཙོ་བྱས་པའི་རང་ས་གནས་ལ་མཚོན་ནས་བཤད་ནའང་གྲུབ་འབྲས་ཤིག་ཏུ་བརྩི་བར་རུང་ལ། སྒྲུང་རིང་གསར་རྩོམ་གྱི་མཐོ་བརྒལ་ཞིག་ཏུའང་བརྩི་ཆོག་ཆོག་ཡིན། སླད་མར། ཁོ་བོས་བརྗོད་འདོད་པ་ནི་གོང་ནས་སྒྲུང་དེབ་འདིའི་སྒྲོམ་གཞི་དང་བརྗོད་དོན་མདོར་བསྡུས། བརྗོད་བྱང་གི་མཚོན་དོན་བཅས་ཕྱི་ཚུལ་ཁོ་ནའི་སྟེང་ཐོག་མའི་བམ་ཀློག་གི་མྱོང་ཚོར་ཕྲན་བུ་ཙམ་བྲིས་ནས། ཀློག་པ་པོར་སྣ་འདྲེན་ཙམ་དུ་ཨེ་འགྲོ་སྙམ་པའི་ཀུན་སློང་གཙང་མས་སྤེལ་བ་ལགས་མོད། ལྷག་དོན་སྒྲུང་དེབ་ནང་གི་མི་སྣའི་ཁྱད་ཆོས་དང་སྐད་ཆའི་མཚོན་སྟོབས། སྒྱུ་རྩལ་གྱི་རིན་ཐང་དང་བསམ་གཞིག་གི་བར་སྟོང་། བསམ་བློའི་སྙིང་སྟོབས་དང་སྤྱི་ཚོགས་ཤན་ཤུགས་བཅས་སྤྱིའི་མཆོག་དམན་སོགས་ནི་ཁྱེད་ཅག་གིས་ལྟ་ཀློག་གི་གོ་རིམ་ཁྲོད་ནས་རིམ་བཞིན་དུ་ཉམས་སུ་མྱངས་ཏེ་གོ་འབྱེད་བྱ་དགོས་པ་དང་། མཇུག་མཐའི་ལེགས་ཉེས་ཀྱི་བརྡར་ཤ་གཅོད་མཁན་ཡང་རྒྱ་ཆེའི་ཀློག་པ་པོ་རྣམས་ཡིན་པས་ཕྱིར་ན། བློ་དཀྱེལ་ཡངས་པའི་ཀློག་མཁན་ཚོས་སྒྲུང་རིང་འདིར་རྣལ་སེམས་དང་བཅས་གཟིགས་མོལ་ཞུ་བ་དང་མཉམ་དུ། གོང་བརྗོད་ལ་ལྟ་ཚུལ་མི་མཐུན་པ་དང་ཐུན་མིན་གྱི་བཞེད་ཚུལ་གང་ཡོད་དུས་ལྟར་དུ་དག་སེལ་དང་ཡང་ན་དེ་འབྲེལ་གྱི་དཔྱད་གཏམ་གང་རུང་སྤེལ་བའི་རེ་འདུན་སྙིང་ནས་ཞུ་ཞུ།།