ད་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ངོ་བཅུ་པ་ཡིན། ལོ་བཅུའི་རིང་ལ་གྲི་གཅིག་བརྡར་ཞེས་པ་ལྟར། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པའི་ནང་བཅུག་པ་དང་། སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། ལོ་མང་རིང་ལ་བཀག་འགོག་བྱེད་མ་ཐུབ་པའི་ཚུལ་མིན་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་པ་དང་། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་གཅོང་ནད་མང་པོ་ཐག་གཅོད་བྱས་ཤིང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་གཙང་སེལ་བྱས་པས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཡངས་ལྷོད་འཇམ་གསུམ་གྱི་གནས་ཚུལ་དེ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་མེད་ན་ད་ལྟའི་ཚད་མཐོའི་མཐུན་སྒྲིལ་དང་འགྱུར་མེད་སྟོབས་ལྡན་གྱི་ཀྲུང་གོའི་གུང་ཁྲན་ཏང་ཡོད་མི་སྲིད་པ་དང་། དཀའ་ངལ་མདུན་དུ་མི་བརྒྱ་སེམས་གཅིག་དང་མི་མང་སེམས་གཅིག་གི་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཡོད་མི་སྲིད་ལ། རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་ལོ་རྒྱུས་ཀྱི་རང་དབང་ཐོབ་མི་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པས་ཕྱོགས་ཆ་ཀུན་དང་གཏིང་ཟབ་མོའི་ཤུགས་རྐྱེན་ཐེབས་ཡོད་ལ། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
གནའ་མིའི་ངག་རྒྱུན་དུ་“རང་ཉིད་ལེགས་པར་གྲུབ་ན་འཇིག་རྟེན་དེ་བཞིན་དེ། རང་ཉིད་ལེགས་པར་སྐྱོང་ན་འཇིག་རྟེན་དེ་བཞིན་ནོ་”ཞེས་པ་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ངས་རྒྱུན་དུ་ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་སྒྲོལ་བའི་གནད་དོན་གླེང་གི་ཡོད། དེ་ནི་ཏང་གི་ལོ་ངོ་སྟོང་ཕྲག་རིང་གི་བྱ་གཞག་རླབས་པོ་ཆེ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་ཇི་ལྟར་སྒྲོལ་དགོས་པ་དེར་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཏོང་གི་ཡོད་ལ་ཐོག་མཐའ་བར་གསུམ་དུ་འཚོལ་ཞིབ་བྱེད་ཀྱི་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་ཕུག་ནང་ནས་དྲི་བ་དེར་དྲིས་ལན་དང་པོ་བཏབ་གནང་སྟེ། ‘མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དགོས་’ཞེས་པ་དེ་རེད། ལོ་ངོ་བརྒྱ་ལྷག་ཙམ་འབད་འཐབ་བྱས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད་ཏང་གིས་སླར་ཡང་དྲིས་ལན་གཉིས་པ་བཏབ་པ་དེ་ནི་རང་ངོས་གསར་བརྗེ་ཞེས་པ་དེ་ཡིན། རང་ངོས་གསར་བརྗེ་ཞེས་པ་ནི་ཀལ་གསབ་རུས་གསོ་དང་། དུག་འདོན་སྲིན་སེལ། དཔའ་བོས་དཔུང་གཅོད། རུལ་འདོར་ཤ་གསོ་བཅས་བྱས་ནས་ཏང་གི་གཟུགས་གཞི་བདེ་ཐང་ལ་བསླད་སྐྱོན་གཏོང་བའི་ནད་དུག་ཟམ་མི་འཆད་པར་གཙང་སེལ་བྱས་ཏེ། རང་ངོས་ཀྱི་ནད་འགོག་ནུས་པ་ཟམ་མི་འཆད་པར་ཆེ་རུ་བཏང་ནས་མི་ཤི་སྲིད་བརླག་ཡོང་བ་སྔོན་འགོག་བྱ་རྒྱུ་དེ་རེད། རང་ངོས་གསར་བརྗེ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཕོད་པ་ནི་ནང་གནས་གཅིག་མཐུན་ཡིན་ཏེ། ཚང་མ་ཏང་གི་ཐོག་མའི་བསམ་འདུན་ལས་བྱུང་བ་རེད། ལོ་བརྒྱའི་རིང་ལ། ཏང་ཕྱི་རུ་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ཏང་ནང་ཁུལ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བརྟེན་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཞིང་། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། གྲི་ཁ་ནང་དུ་བསྐོར་བ་དང་རུས་འབྲད་དུག་སེལ་བྱེད་ཕོད་པ་བྱས་ནས་ཏང་གི་སྟོབས་ཤུགས་ཉམས་པ་མེད་ཅིང་། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཡོད། བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་ཞིང་། དམངས་ཀྱི་རེ་བ་སྟོང་ཟད་མི་སྟོང་བར་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱས་ཚེ། གཞི་ནས་རང་ཉིད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་ཞིབ་བརྟག་མཐར་ཕྱིན་པ་བྱེད་ཐུབ་ལ། རང་ཉིད་ཀྱི་སྐྱོན་ཆར་བསམ་བློ་ཡང་ཡང་གཏོང་ཐུབ་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཐུབ་པ་ཡིན་ལ། གཞི་ནས་ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། ཁྱད་དབང་རིམ་གྲས་བཅས་ཀྱི་“རུབ་རྔོན་”རུལ་བསླད་ཡོད་ཚད་ལས་ཐར་ཐུབ་པ་མ་ཟད། ཏང་ནང་གི་ཚོགས་ཁག་དང་། ཚོགས་པ། རིམ་གྲས་དེ་ཚོའི་གྲོགས་པོར་གྱུར་པའི་མིར་གཤག་བཅོས་བྱས་ནས་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱས་སུ་འཇུག་ཐུབ་པ་ཡིན། གཞི་ནས་མི་དམངས་ཀྱིས་ང་ཚོར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཅིང་། སྙིང་ཐག་པ་ནས་ང་ཚོར་སྐྱོན་ཆ་ཡོ་བསྲང་བྱེད་རོགས་དང་། བློ་རྩ་བརྟན་པོས་ཏང་དང་མཉམ་དུ་འབད་བརྩོན་བྱེད་ཐུབ་པ་ཡིན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་དང་ལག་ལེན་རླབས་པོ་ཆེ་ཞིག་ཡིན་པས། ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེའི་རྣམ་པ་གསར་པ་བཏོད་ཡོད།
དང་པོ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེ་བྱེད་པའི་རྩ་བའི་ཆབ་སྲིད་ཁ་ཕྱོགས་བརྟན་སྲུང་བྱས་ཡོད། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཏང་གི་སྲོག་རྩ་ཡིན་པ་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རྩ་བའི་འགན་ལེན་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཐོག་མར་ཆབ་སྲིད་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ཡིན། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩིས་ཏེ། ཏང་གི་འགོ་ཁྲིད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་དང་རྒྱལ་སྲིད་སྐྱོང་བའི་ཁྱབ་ཁོངས་ཁག་གི་ཕྱོགས་སོ་སོའི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་བ། “ཡོད་པ་བདུན་”མཐའ་གཅིག་ཏུ་སྔོན་འགོག་དང་བཅོས་སྐྱོང་བྱེད་པ། ཏང་ཀྲུང་དབྱང་ལ་མངོན་བརྩི་ལྐོག་འགལ་བྱེད་པའི་ངོ་གཉིས་མ་དང་མགོ་གཉིས་མ་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། ཏང་གི་འགོ་ཁྲིད་ཉམས་དམས་སུ་འགྲོ་བ་དང་ཏང་གི་འདུ་ཤེས་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་ཡོད། ཏང་ཡོངས་སུ་‘འདུ་ཤེས་བཞི་’རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་པ་དང་། ‘གདེང་ཚོད་བཞི་’ཉིན་བཞིན་བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས་’དེ་བས་རང་རྟོགས་སུ་གྱུར་པ་བཅས་རེད།
གཉིས་པ། བསམ་བློ་འཛུགས་སྐྲུན་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེའི་རྣོ་ངར་ལྡན་པའི་བསམ་བློའི་མཚོན་ཆར་བཞུན་བརྡར་བྱས་ཡོད། ང་ཚོས་“གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བ་”ཞེས་པའི་དད་སེམས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ཏང་ཡོངས་ལ་ཀྲུང་གོའི་གུང་ཁྲན་ཏང་ཞེས་པ་ག་འདྲ་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་ངེས་དགོས་པའི་བླང་བྱ་བཏོན། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་འདས་ཟིན་པར་ང་ཚོར་རྒྱལ་ཁ་ཐོབ་དོན་ཅི་ཡིན་པ་གསལ་པོ་མཐོང་ཐུབ་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་རྒྱལ་ཁ་ལེན་ཐུབ་པ་ཤེས་རྟོགས་བྱུང་ནས། སྔ་རྗེས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སོགས་སྤེལ་བ་རེད། སློབ་སྦྱོང་དང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྙིགས་རོ་དོར་བ་དང་། ནད་དུག་སེལ་བ། སྦགས་བཙོག་སྔོན་འགོག་བཅས་ཟམ་མི་འཆད་པར་བྱས་ནས་གུང་ཁྲན་ཏང་མིའི་དད་མོས་དང་དད་སེམས་ཀྱི་ངར་ལྕགས་ལྟ་བུའི་སྙིང་སྟོབས་སྦྱོང་བརྡར་བྱས་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། ཁྱབ་ཁོངས་ཁ་ཤས་སུ་ཡུན་རིང་གནས་པའི་འདུ་ཤེས་འཛིན་སྟངས་ཟང་ཟིང་དང་རིན་ཐང་ལྟ་བའི་ཟང་ཟིང་དེ་གཞི་སྒྱུར་རྩ་སྒྱུར་བྱས་པ་དང་། ཏང་ཡོངས་ཀྱིས་རང་རྟོགས་ངང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྐྱེད་སྲིང་དང་། འགན་འཁྲི་ལ་སྣེ་ཁྲིད་ཅིང་། ཏང་ལ་དཀའ་ངལ་སེལ་རོགས་དང་། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་བ་དང་། ཆར་རླུང་གི་ཚོད་བགམ་ཁྲོད་བརྟན་པོར་ལངས་ཐུབ་པ་དང་། ‘རུབ་རྔོན་’གྱི་བསླུ་བྲིད་ཁྲོད་བློ་བརྟན་པོར་བྱས་ཏེ། རྙོག་འཛིང་ཆེ་ལ་ཛ་དྲག་གི་འཐབ་རྩོད་ཁྲོད་དུ་ཆབ་སྲིད་ཀྱི་རང་མདངས་མཐའ་འཁྱོངས་བྱས་ཡོད།
གསུམ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་སྤྱོད་ཚུལ་དག་ཐེར་བྱས་ཏེ་རང་ངོས་གསར་བརྗེའི་ནུས་ལྡན་ཐབས་ལམ་ཕུན་སུམ་ཚོགས་སུ་བཏང་ཡོད། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནི་ཕན་ཚུན་འབྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཡིན་པ་དང་། ཏང་གཤིས་ནི་རྩ་བ་དང་། ཏང་སྲོལ་ནི་མཚོན་ཚུལ། ཏང་གི་སྒྲིག་ཁྲིམས་ནི་འགན་སྲུང་བཅས་རེད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་གནད་འཕིགས་ནས་ཏང་ཀྲུང་དབྱང་གིས་སྔོན་ལ་མིག་དཔེ་བསྟན་ནས་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་སོགས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། བདེན་འཚོལ་དངོས་གཉེར། སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་སྤྱོད་བཟང་སྐྱེད་སྲིང་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་བཞག་པ་དང་། སྔ་ཙམ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན། ཆུང་ས་ནས་སྔོན་འགོག་དང་། རྐྱེན་རྩ་ཆུང་ཆུང་ནས་ཟློག་པ། སྐྱོན་ཆ་རེ་རེ་བཞིན་ཡོ་བསྲང་། གནད་དོན་རེ་རེ་བཞིན་སེལ་བ། ལོ་རེ་རེ་བཞིན་བརྟན་སྲུང་བཅས་བྱས་པ་རེད། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ཀྱི་སྲོལ་ངན་ཡོ་བསྲང་མཐའ་གཅིག་ཏུ་བྱས་པ་དང་། ཁྱད་དབང་གི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོས་ནས། མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། སྒྲིག་ཁྲིམས་ལྷོད་པོར་གྱུར་པ་དང་། སྤྱོད་ཚུལ་ནན་པོ་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། སྤྱིའི་ཆ་ནས་དོ་དམ་ངོ་མ་དང་གཟབ་ནན་ངོ་མ། དོ་དམ་ཕོད་པ་དང་གཟབ་ནན་ཕོད་པ། དོ་དམ་ཡུན་རིང་དང་གཟབ་ནན་ཡུན་རིང་བཅས་ཀྱི་རྣམ་པ་ཆགས་ཡོད། ཏང་སྲོལ་སྲིད་སྲོལ་གསར་རྐྱང་དུ་གྱུར་ཅིང་། སྤྱི་ཚོགས་ཀྱི་རྣམ་པ་དང་མི་དམངས་ཀྱི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ། མི་དམངས་ཀྱི་སེམས་ནང་གི་ཏང་གི་སྣང་བརྙན་བསྐྱར་བཞེངས་བྱས་ཡོད།
བཞི་པ། གནམ་ལྕགས་ཐོག་འབེབས་ཀྱི་ཟིལ་ཤུགས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་དང་ནག་ཉེས་ལ་ཆད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་བརྒྱབ་ཡོད། གནའ་མིའི་ངག་རྒྱུན་དུ་“རྒྱལ་ཁབ་རྒུད་པའི་གནད་དམ་པ། དཔོན་ཉིད་ཚད་ལྡན་མིན་པས་ལན་”ཞེས་པ་ལྟར། རུལ་སུངས་ནི་སྲིད་དབང་རྩ་སློག་བྱེད་སླ་བའི་གནད་དོན་ཞིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཆེས་མཐར་ཕྱིན་པའི་རང་ངོས་གསར་བརྗེ་ཞིག་ཡིན། ང་ཚོས་“མི་བརྒྱ་སྟོང་མང་པོར་ཕོག་ཐུག་གཏོང་དགོས་རུང་། མི་དམངས་དུང་ཕྱུར་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་”འགན་འཁྲི་ཕྲག་ཏུ་འཁུར་ནས་གནད་དོན་གཙང་སེལ་བྱེད་པ་དང་། བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། བཟོད་སྒོམ་སྤུ་ཙམ་མེད་པ་བཅས་རྒྱུན་འཁྱོངས་དང་། བཀག་སྡོམ་གལ་ཆེན་དང་། མཐོ་གནོན་དྲག་པོ། ཡུན་རིང་ཟིལ་གནོན་བཅས་རྒྱུན་འཁྱོངས། ལྐོག་རྔན་སྤྲོད་པ་དང་ལྐོག་རྔན་ལེན་པ་གཉིས་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས། གྱོད་གཞི་ཡོད་ན་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་རུལ་སུངས་སུ་གྱུར་ན་ངེས་པར་དུ་ཉེས་ཆད་གཅོད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གྱོད་དོན་ཚབས་ཆེན་ཁག་ཅིག་བརྟན་བརླིང་དང་ནུས་ལྡན་སྒོས་རྩད་ཞིབ་ཐག་གཅོད་བྱས་པ་དང་“སྟག་རྡུང་”དང་། “སྦྲང་གསོད།” “ཝ་རྔོན་”བཅས་ཐབས་མང་མཉམ་སྤྱོད་ཀྱིས་རུལ་སུངས་སུ་འགྱུར་བའི་ཉེན་ཁ་ཆེ་ཤོས་དེ་སེམས་ཐག་རྦད་བཅད་ཀྱིས་གཙང་སེལ་བྱས་ཏེ་ཕམ་དུ་མི་རུང་བའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དེར་རྒྱལ་ཁ་བླངས་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་སོང་ཞིང་། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་གང་ལེགས་མངོན་པ་དང་། རུལ་སུངས་བྱེད་མི་ནུས་པའི་རླུང་ཙི་སྲ་མོར་བསླས་ཤིང་། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་མངོན་གསལ་དོད་དུ་ཕྱིན་པ་བཅས་རེད། དེང་གི་འཛམ་གླིང་ན་སྲིད་ཏང་གཞན་པ་དང་རྒྱལ་ཁབ་གཞན་པ་གང་ཞིག་ཡིན་རུང་ང་ཚོ་ལྟ་བུའི་གཞི་ཁྱོན་ཆེ་བ་དང་། སྤེལ་ཤུགས་ཆེ་བ། རུལ་སུངས་ལ་ཆད་གཅོད་རྒྱུན་འཁྱོངས་ལྷོད་མེད་བཅས་བྱེད་ཐུབ་མཁན་མེད། ང་ཚོ་ལམ་ལུགས་ཀྱི་དགེ་མཚན་དང་ཁྲིམས་སྐྱོང་གི་དགེ་མཚན་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བདེ་བླག་ངང་བསྐྱོད་དེ་མིའི་རིགས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
ལྔ་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་དང་གོང་བུར་འགྲིལ་ཤུགས་བཅས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་བྱས་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་ལས་བྱེད་པ་ཡག་པོའི་ཚད་གཞི་ལག་ལེན་མཐར་ཕྱིན་བསྟར་ནས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། གོང་འོག་འབྲེལ་མཐུད་དང་། ལག་བསྟར་ནུས་ལྡན་ཡིན་པའི་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲིད་ཕྱོགས་གསལ་པོ་འཛུགས་པ་བཅས་བྱས་ཏེ་ཏང་རྩ་འཛུགས་རིམ་པ་ཁག་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་། ཕྱོགས་ཡོངས་ནས་ཚོད་བགམ་ཐེག་ཐུབ་པར་སྐུལ་འདེད་བཏང་། ཏང་གིས་གསོག་འཇོག་བྱས་པའི་འཐབ་རྩོད་རླབས་པོ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་དེ་བེད་སྤྱོད་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་ཐབས་ཇུས་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་འཇོན་ཐང་སྦྱོང་བ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དབུལ་བྲལ་འགག་སྒྲོལ་དམག་འཐབ་རྒྱག་པ། རིམས་ནད་ལ་འགོག་རྒོལ་བྱེད་པ། ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་བྱེད་པ། ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་བཀག་སྡོམ་ལ་ཁ་གཏད་འཇལ་བ་སོགས་ཀྱི་མདུན་གྲལ་དུ་ཚོད་བགམ་དང་ལེན་བྱེད་དུ་འཇུག་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། གཞི་རིམ་ཏང་གི་རྩ་འཛུགས་སྐོར་ཞིག་ཉམས་དམས་སུ་འགྲོ་བ་དང་ཤུགས་ཆུང་དུ་འགྲོ་བ། གྲལ་མཐར་ལུས་པ་བཅས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཤིང་། སྒྲོ་ལ་གཅེས་སྤྲས་བྱེད་པའི་“མི་བཟང་ཇོ་བཟང་”དང་། ཁག་འགན་ཕར་དཀྲི་ཚུར་དཀྲི་བྱེད་པའི་“མགོ་བདེ་དཔོན་པོ་”དང་། ཉི་མ་འཁྱོལ་ཐབས་བྱེད་པའི་“ཞི་བདེའི་དཔོན་པོ་”བཅས་འགྲོ་ས་མེད་པར་གྱུར་པ་དང་། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་ཞིང་། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་རྒྱུན་ཆད་མེད་པར་རྒྱལ་ཁ་ལེན་པའི་དགེ་མཚན་དུ་གྱུར་ཡོད།
དྲུག་པ། རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ཀྱི་ལམ་ལུགས་ཚད་ལྡན་མ་ལག་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་འཛིན་པ་དང་། སྐོར་གཟིགས་ལྟ་སྐུལ་གྱི་རལ་གྲི་རྣོན་པོའི་ནུས་པ་དང་མངགས་གཏོང་ལྟ་སྐུལ་གྱི་མྱུལ་ཞིབ་བརྙན་མིག་གི་ནུས་པ་འདོན་སྤེལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་དང་། རྒྱལ་ཁབ་ལྟ་ཞིབ་ཀྱི་སྒྲིག་སྲོལ། རྩིས་བཤེར་ལྟ་སྐུལ་གྱི་སྒྲིག་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ལྟ་སྐུལ་ཁག་རྒྱུན་མཐུད་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཕྱོགས་ཡོངས་ལ་ཁྱབ་པ་དང་གཞུང་ལས་མི་སྣར་ལྟ་ཞིབ་བྱ་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཡོད། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ནས་ཏང་གི་རྩ་འཛུགས་ཁྲིམས་སྲོལ་དང་། འགོ་ཁྲིད་ཁྲིམས་སྲོལ། རང་ངོས་འཛུགས་སྐྲུན་གྱི་ཁྲིམས་སྲོལ། ལྟ་སྐུལ་འགན་སྲུང་གི་ཁྲིམས་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལ་“མཆེ་བ་ཡོད་པ་”དང་“གློག་ལྡན་པ་”བྱས་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། ང་ཚོར་ཅུང་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་ཡོད་ལ། ཏང་གིས་གཅིག་གྱུར་གྱི་འགོ་ཁྲིད་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་དང་ལས་ཕྱོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་བསྐྲུན་ཡོད། ལམ་ལུགས་ལ་གོང་བཀུར་དང་ལམ་ལུགས་ལ་བརྩི་སྲུང་ཞུ་བའི་རྣམ་པ་བཟང་པོ་བཏོད་ཅིང་། ཕྱོགས་སོ་སོའི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་བཅོས་སྐྱོང་དང་ཀྲུང་གོའི་བཅོས་སྐྱོང་གི་ཐུན་མོང་མ་ཡིན་པའི་དགེ་མཚན་ཞིག་གྲུབ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། དུས་ཡུན་རིང་པོར་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་དང་། དུས་ཡུན་རིང་པོར་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད།
(གཅིག)ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་བ་དང་གཟབ་ནན་ཞིག་ཏུ་བརྩིས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལས་དོན་ཧྲིལ་པོའི་ནང་ལག་བསྟར་བྱས་ནས་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པར་འགན་ལེན་བྱས་ཏེ་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བར་བྱས་ནས་དམར་པོའི་སྲིད་དབང་གི་ཁ་དོག་ནམ་ཡང་མི་འགྱུར་བ་འགན་ལེན་བྱེད་དགོས།
(གཉིས།)ཏང་གིས་ཏང་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེ་རླབས་པོ་ཆེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ལ་ཁྲིད་སྟོན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བར་ངེས་པར་དུ་ཆབ་སྲིད་ཀྱི་འགན་ལེན་ནུས་པ་འདོན་སྤེལ་བྱེད་དགོས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཡང་འདོན་སྤེལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོ་དང་ཏང་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་ཁྱབ་པ་བྱས་ནས་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཟམ་མི་འཆད་པར་ཆེ་རུ་བཏང་སྟེ་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
(གསུམ།)ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱེད་པ། ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་རྨང་གཞིར་འཛིན་པ་དང་། ཆབ་སྲིད་ཀྱི་འཚོ་བ་ནན་དུ་གཏོང་བ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་སྐྱེད་སྲིང་བྱེད་ཅིང་། ཏང་ཡོན་དང་ལས་བྱེད་པར་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ཐོག་ནས་མཚོན་པར་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
(བཞི།)དགོངས་གཞི་གཙོ་བོ་ནན་པོ་བྱེད་པར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་བ། ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ཏེ་སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་བྱེད་པ་མ་ཟད། ནན་པོ་མཐར་ཕྱིན་པ་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་དུ་གཏོང་བ་དང་། སྒྲིག་བསྟར་དང་ཁྲིམས་བསྟར་གཉིས་འབྲེལ་མཐུད་རྒྱུན་འཁྱོངས་བྱེད་ཅིང་། “རྣམ་པ་རིགས་བཞི་”ཡི་སྲིད་ཇུས་དང་ཐབས་ཇུས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། སྒྲིག་བསྟར་ངེས་པར་དུ་ནན་པོ་དང་སྒྲིག་འགལ་ངེས་པར་དུ་རྩད་གཅོད་བྱས་ནས་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ཡོངས་ཀྱི་དམིགས་འབེན་གཅིག་གྱུར་དང་། མཐུན་སྒྲིལ་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བའི་འགན་ལེན་བྱེད་དགོས།
(ལྔ།)ལྕགས་གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་གཏོང་བར་སྐུལ་ཁྲིད་བྱེད་པ། ངེས་པར་དུ་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ་དང་། དུས་རྒྱུན་དང་ཡུན་རིང་། གཟབ་ནན་དང་ཏན་ཏིག །གཏིང་ཟབ་དང་ཞིབ་ཕྲ་བཅས་ཀྱི་ཐོག་ཏུ་ཤུགས་བརྒྱབ་སྟེ། “སྤྱོད་ཚུལ་བཞི་”བཅོས་པ་དང་སྲོལ་གསར་གཏོད་རྒྱུ་མཉམ་འཛིན་བྱས་ནས་རུལ་སུངས་འབྱུང་རྐྱེན་གྱི་སྤྱོད་ཚུལ་ངན་པ་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས་སྤྱོད་ཚུལ་བཟང་པོར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་དགོས།
(དྲུག)བཟོད་སྒོམ་སྤུ་ཙམ་མེད་པར་རུལ་སུངས་ལ་ཆད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བསྐྱོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ལམ་ཐོག་ན་ཡོད་པ་ངེས་པར་དུ་ཡིད་ལ་བརྟན་པོར་ངེས་དགོས། ཆད་གཅོད་ནན་པོ་བྱེད་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ཆད་གཅོད་ཀྱིས་ཟིལ་གནོན་དང་། ལམ་ལུགས་ཀྱིས་གཅུན་སྡོམ། གོ་རྟོགས་མཐོར་འདེགས་བཅས་ལ་གཞི་གཅིག་ཏུ་ཤུགས་སྣོན་རྒྱག་དགོས། ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་ཐབས་ཤེས་ལ་བརྟེན་ནས་རུལ་སུངས་ལ་ཆད་གཅོད་བྱེད་ཅིང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་ཐོག་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱས་ནས་ལས་བྱེད་པ་སྤྱོད་བཟང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་མངོན་འགྱུར་ཡོང་བ་བྱེད་དགོས།
(བདུན།)མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཡན་ཐམས་ཅད་ཡོ་བསྲང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཉེ་འགྲམ་དུ་ཡོད་པ་ཚོར་དུ་བཅུག་པ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་བྱེད་དགོས་པ་དང་། མང་ཚོགས་ཀྱི་བསམ་ལུགས་དང་བསམ་ཚུལ། སེམས་ཁྲལ་དང་རེ་སྒུག་བཅས་ལ་བསྟུན་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས།
(བརྒྱད།)“འགག་རྩའི་ཉུང་ཤས་”དམ་འཛིན་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་བཏང་བ། ངེས་པར་དུ་འགོ་ཁྲིད་ལས་བྱེད་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཅིང་། འགོ་ཁྲིད་ལ་དམ་འཛིན་བྱ་རྒྱུ་དང་འགོ་ཁྲིད་ཀྱིས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་ནས་འགོ་བཙུགས་ཏེ་སྒྲུབ་པ་དང་། མཐོ་རིམ་ལས་བྱེད་པ་ནས་འགོ་བཙུགས་ཏེ་ནན་པོ་བྱེད་ཅིང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དཔེ་སྟོན་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་ནས་སྒྲུབ་པ་དང་། སྒེར་སེམས་མེད་ལ་འཇིགས་པ་མེད་པ། དར་ཆ་གསལ་པོར་བསྒྲེང་བ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་གཉིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
(དགུ།)ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱུན་རིང་དང་ཕུགས་ཕན་གྱི་ལྟ་སྐུལ་སྡོམ་ཤུགས་ཤིག་ཆགས་པར་བྱེད་པ། ངེས་པར་དུ་ཏང་གི་རང་ངོས་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་འཛིན་པ་དང་། རིགས་སྣ་ཚོགས་པའི་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་གྱི་ལམ་སྲོལ་བཙུགས་ཏེ། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ལ། ལྟ་སྐུལ་ལམ་ལུགས་ཀྱི་དགེ་མཚན་ཉིད་དེ་བས་ལེགས་པའི་སྒོ་ནས་བཅོས་སྐྱོང་གི་ཕན་ནུས་ལ་འགྱུར་བ་བྱེད་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་དང་པོའི་ཚེས་18ཉིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་ཡིན།