སང་ལོའི་དཔལ་འབྱོར་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞིགས་ནས་འགལ་བ་གཙོ་བོ་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་ཀྱི་བསམ་པའི་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ། འགག་རྩའི་ལྷུ་ཚིགས་གལ་ཆེན་དམ་འཛིན་བྱེད་པ་དང་རྐང་བཟུང་ན་ཡན་ལག་ངང་གིས་ཐོན་པའི་ལུགས་ལྟར་ལས་དོན་ལེགས་པར་བསྒྲུབ་དགོས།
(གཅིག)རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་དགོས།
སྤྱིའི་དགོས་མཁོ་མི་འདང་བ་ནི་མིག་སྔར་དཔལ་འབྱོར་འཁོར་སྐྱོད་ལ་འཕྲད་པའི་འགལ་བ་མངོན་གསལ་དོད་པོ་ཡིན། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ངེས་པར་དུ་ལག་བསྟར་ཤུགས་ཆེན་དང་། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མ་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་དགོས། རང་རྒྱལ་གྱིས་ནང་མཁོ་རྒྱ་སྐྱེད་བཏང་བ་བརྒྱུད་1998ལོའི་ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་། 2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། 2020ལོ་ཚུན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་བཅས་ལ་ཁ་གཏད་ནུས་ལྡན་བཅག་ནས་རྒྱལ་ཁ་ཐོབ་པའི་ཉམས་མྱོང་བསགས་ཡོད་པས། སྲིད་ཇུས་དང་བྱ་ཐབས་ལེགས་སུ་བཏང་སྟེ་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
གཅིག་ནི་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་སྔོན་ལ་འཇོག་དགོས། རང་རྒྱལ་གྱི་བཟོ་ལས་ཅན་གསར་པ་དང་། ཆ་འཕྲིན་ཅན་གསར་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། ཞིང་ལས་དེང་རབས་ཅན་གསར་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཛད་སྤྱོད་ནི་ཉིན་རེ་བཞིན་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་སུ་གྱུར་ཡོད། འཛད་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་འཛད་སྤྱོད་ཀྱི་བག་ཉལ་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། འཛད་སྤྱོད་ནི་ཡོང་འབབ་ཀྱི་རྟེན་འབྱུང་གྲངས་ཡིན་པས་ཐབས་ལམ་མང་པོའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་དང་། ལྷག་པར་དུ་འཛད་སྤྱོད་ཀྱི་འཕེལ་ཕྱོགས་མཐོ་ནའང་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་བའི་ཡོང་འབབ་འབྲིང་དམའི་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་དགོས། འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ལུགས་མཐུན་ངང་མང་དུ་བཏང་ནས་སྡོད་ཁང་ལེགས་སུ་གཏོང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར། རྒན་གསོའི་ཞབས་ཞུ། སློབ་གསོ་སྨན་བཅོས་རིག་གནས་ལུས་རྩལ་ཞབས་ཞུ་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་དགོས།
གཉིས་ནི་སྲིད་གཞུང་གིས་མ་དངུལ་འཇོག་པ་དང་སྲིད་ཇུས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་མ་དངུལ་འཇོག་པར་སྐུལ་ཁྲིད་ནུས་ལྡན་བྱེད་དགོས། མིག་སྔར། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་སྔོན་དཔག་ཅུང་ཞན་པས། སྲིད་གཞུང་གིས་མ་དངུལ་འཇོག་པར་ངེས་པར་དུ་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འདི་ནི་དཔལ་འབྱོར་དུས་འཁོར་རང་བཞིན་གྱི་འཕར་ཆག་ལ་ཁ་གཏད་འཇལ་བའི་ལག་ཆ་ནུས་ལྡན་ཞིག་ཡིན། སྲིད་གཞུང་གིས་མ་དངུལ་འཇོག་པར་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ། ཞན་ཆ་གསབ་པ། གྲུབ་ཚུལ་ལེགས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”ལས་གྲྭ་གལ་ཆེན་ལག་བསྟར་གང་མགྱོགས་བྱེད་པ། འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད། ཞིང་ལས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་བར་གྱི་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་མུ་ཁྱུད་དུ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། གྲོང་ཁྱེར་གསར་སྒྱུར་བྱེད་སྒོ་དང་གྲོང་གསེབ་འཛུགས་སྐྲུན་བྱེད་སྒོ་ལག་ལེན་བསྟར་དགོས། ཚན་རྩལ་དང་ཐོན་ལས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་འགག་རྩའི་ལྟེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཆེ་རུ་གཏོང་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་རྩས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་དང་ཐོན་ལས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་མཐུན་པའི་རྣམ་གྲངས་གལ་ཆེན་གྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་ལྟ་རྟོག་ཡག་པོ་བྱེད་དགོས། དམངས་ཁྲོད་ཀྱི་མ་འཇོག་ཚོང་རའི་འཇུག་འཐུས་ལྷུག་ཏུ་བཏང་ནས། དམངས་ཁྲོད་ཀྱི་མ་རྩ་དེ་བས་མང་བ་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་དང་ཞན་ཆ་གསབ་པའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་འགུག་ཐབས་བྱེད་དགོས། རྣམ་གྲངས་གྲབས་གསོག་དང་དུས་འགོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།
ཕྱིར་གཏོང་གིས་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཕྱིར་གཏོང་བརྟན་པོ་བྱེད་པ་དང་། གསར་དར་དཔལ་འབྱོར་དངོས་ཚན་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ། ལས་སྣོན་ཉོ་ཚོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཕྱིར་གཏོང་གི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཞབས་ཞུའི་ཉོ་ཚོང་རྒྱ་ཆེར་གཏོང་བ། གྲངས་ཀ་ཉོ་ཚོང་འཕེལ་རྒྱས་གཏོང་བ། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཐོན་ལས་གསར་པའི་ཕྱིར་གཏོང་དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་གལ་ཆེན། ནུས་རྒྱུའི་ཐོན་ཁུངས་སོགས་ཐོན་རྫས་ནང་འདྲེན་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚོང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
(གཉིས།)དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
ང་ཚོས་རང་རྩལ་ཡག་པོ་སྦྱངས་ནས་རྐང་པ་བརྟན་པོ་ཚུགས་དགོས། རང་རྒྱལ་ལ་འཛམ་གླིང་དུ་འཐུས་ཚང་ཆེ་ཤོས་ཀྱི་ཐོན་ལས་མ་ལག་དང་བག་ཉལ་སྟོབས་ཤུགས་ཆེ་ཤོས་ཀྱི་ནང་མཁོའི་ཚོང་ར་ཡོད་པས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་དང་བདེ་འཇགས་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཞན་ཆ་གསབ་པ་དང་ལེགས་ཆ་སྤེལ་བ་དམ་འཛིན་བྱེད་དགོས།
གཅིག་ནི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཐོན་ལས་སྤྱིའི་ཆ་ནས་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བཅས་ཏན་ཏིག་བྱེད་དགོས། འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ལྷག་པར་དུ་འབྲུ་རིགས་ཀྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེ་རུ་གཏོང་བའི་བྱེད་སྒོ་ལག་བསྟར་བྱས་ཏེ། རྨོ་ཞིང་དང་ཚན་རྩལ་ལས་ཐོན་ནུས་ལེན་པ་དང་། རྒྱལ་ཁབ་ཀྱི་ས་ཆའི་ཐོན་ཁུངས་ལས་ཟས་རིགས་ལེན་དགོས། ནུས་ཁུངས་དང་གཏེར་རྫས་ཐོན་ཁུངས་གལ་ཆེན་རྒྱལ་ནང་དུ་རྩད་ཞིབ་གསར་སྤེལ་དང་གསོག་འཇོག་འཕར་སྣོན་གྱིས་ཐོན་སྐྱེད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གློག་ཁུངས་དང་དྲ་བ་གསོག་འཇོག་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ནུས་ཁུངས་གསར་པའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱི་“ཚོགས་སྒྲིག་མཚོར་སྐྱོད་”ལ་རྒྱབ་སྐྱོར་བྱས་ནས། ནང་འདྲེན་སྣ་མང་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་རྫས་གྲབས་གསོག་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས།
གཉིས་ནི་ཐོན་ལས་མ་ལག་རིམ་སྤོར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་སྔ་ཙམ་ནས་བཀོད་སྒྲིག་བྱས་ནས་ཐོན་ལས་མ་ལག་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་སྲ་བརྟན་དུ་གཏོང་བ་མ་ཟད། འགྲན་རྩོད་ཀྱི་དགེ་མཚན་གསར་པའང་གཏོད་དགོས། གོ་ལ་ཧྲིལ་པོའི་ཐོན་ལས་གྲུབ་ཚུལ་དང་བཀོད་པ་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཆགས་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། ཁྱབ་ཁོངས་གསར་པ་གཏོད་ཕོད་པ་དང་འགྲན་ལམ་གསར་པ་གཏོད་ཕོད་པ་བྱེད་དགོས། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་ཡིན་པས། གྲངས་ཀ་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་བཏང་ནས། རྩེར་སོན་ཅན་དང་རིག་ནུས་ཅན་ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ནི་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཀ་རྟེན་གསར་པ་དང་འགྲན་ལམ་གསར་པ་ཡིན། ནུས་རྒྱུ་གསར་པ་དང་མི་བཟོས་རིག་ནུས། སྐྱེ་དངོས་བཟོ་སྐྲུན། ལྗང་མདོག་ཐཱན་ཉུང་། ཚད་རྡུལ་རྩིས་རྒྱག་སོགས་ལག་རྩལ་གསར་ཤོས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་གདལ་མགྱོགས་མྱུར་བཏང་ནས། སྤུས་ལེགས་ཁྱད་ལྡན་དམིགས་བསལ་གསར་གྲས་བཅས་ཀྱི་ཁེ་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། གྲངས་ཀ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། ལས་སྟེགས་ཁེ་ལས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་ལས་ཞུགས་གསར་གཏོད། རྒྱལ་སྤྱིའི་འགྲན་རྩོད་བཅས་ཀྱི་ཁྲོད་ནུས་ཤུགས་ཡོད་རྒུ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས།
(གསུམ།)“གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”དོན་འཁྱོལ་ཏན་ཏིག་བྱེད་དགོས།
དུས་སྐབས་ཤིག་གི་རིང་། སྤྱི་ཚོགས་ཐོག་ང་ཚོས་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྤེལ་མིན་དང་། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་བྱེད་མིན་ཐད་ཡང་དག་མིན་པ་དང་ཐ་ན་ནོར་འཁྲུལ་གྱི་གཏམ་གླེང་ཁ་ཤས་ཡོད། ང་ཚོས་ངེས་པར་དུ་རྣམ་འགྱུར་གསལ་སྟོན་དང་ཉག་ཉོག་གཏན་ནས་མེད་པར་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་དང་“གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་བྱེད་དགོས།
གཅིག་ནི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱེད་སྒོ་ལ་ཕན་འབྲས་ཐོན་ཡོད་པས་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས། ལྟེ་བའི་འགྲན་རྩོད་ནུས་པ་དང་ལྟེ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོའི་ཇུས་གཞི་འདིང་དགོས། རང་རྒྱལ་གྱི་གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གྱི་གཞི་ཁྱོན་ཆེ་བ་དང་། ཁེ་ལས་ཁ་ཤས་ཀྱི་རྒྱུ་ནོར་གྱི་ཁེ་བཟང་ཐོབ་ཚད་མི་མཐོ་བ་དང་གསར་གཏོད་བྱེད་ནུས་མི་འདང་བས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྟོབས་ལྡན་དང་ཕུལ་བྱུང་དང་རྒྱ་སྐྱེད་གཏོང་རྒྱུ་དང་། གཞུང་ཁོངས་དཔལ་འབྱོར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་རྒྱུ་བཅས་ཀྱི་བླང་བྱ་དང་མི་མཐུན། རིགས་འབྱེད་སྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། མ་རྩར་དོ་དམ་བྱ་རྒྱུ་གཙོ་བོར་བྱས་པའི་གཞུང་ཁོངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་མ་འཇོག་གཉེར་སྐྱོང་ཀུང་སིའི་ནུས་པ་འདོན་སྤེལ་བྱེད་པ། ཚོང་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ་བསྐྱར་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསར་གཏོད་རྣམ་པའི་གཞུང་ཁོངས་ཁེ་ལས་ཁག་ཅིག་གཏོད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞུང་ཁོངས་ཁེ་ལས་དེང་རབས་ཀུང་སིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས། ཏན་ཏིག་སྒོས་ཚོང་ར་ཅན་གྱི་ལམ་སྲོལ་གཞིར་བཟུང་གཉེར་སྐྱོང་བྱས་ཏེ་འཛམ་གླིང་གི་ཁེ་ལས་རྩེ་གྲ་མགྱོགས་མྱུར་བསྐྲུན་དགོས།
གཉིས་ནི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། དམངས་གཉེར་དཔལ་འབྱོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལས་ཞུགས། ནོར་སྲིད་ཁྲལ་བསྡུ། ཚན་རྩལ་གསར་གཏོད་སོགས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ལམ་ལུགས་དང་བཅའ་ཁྲིམས་ཐོག་ནས། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། སྲིད་ཇུས་དང་གླེང་ཕྱོགས་ཐོག་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། ཁྲིམས་ལྟར་དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་ཁེ་ལས་པའི་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྲིད་ཇུས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་བཟོ་བཅོས་བརྒྱབ་སྟེ་འདྲ་མཉམ་ཆོག་འཐུས་ལ་ཤུགས་རྐྱེན་བཟོ་བའི་བཀག་རྒྱ་མུ་མཐུད་མེད་པ་བཟོ་དགོས། དྲང་གཞག་འགྲན་རྩོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་སྲུང་སྐྱོབ་དང་སྲིད་འཛིན་སྒེར་སྡེམ་ལ་ངོ་རྒོལ་བྱས་ཏེ་དམངས་གཉེར་ཁེ་ལས་ལ་བར་སྟོང་དེ་བས་མང་བ་གཏོད་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་ཀྱི་དཀའ་གནད་སེལ་བ་དང་བྱ་བ་དངོས་བསྒྲུབ་བྱས་ནས། མཛའ་མཐུན་དང་དྭངས་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་དགོས། གཞུང་དབང་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱི་ཁེ་ལས་བཅས་ཚང་མས་ཁྲིམས་ལྟར་གཉེར་སྐྱོང་ལུགས་མཐུན་བྱེད་དགོས།
(བཞི།)ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།
ད་ལོར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་མུ་མཐུད་འཕར་སྣོན་མགྱོགས་ཙམ་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། གོ་ལ་ཧྲིལ་པོར་བལྟས་ན། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཚོགས་སྡེ་ཚང་མས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱ་རྒྱུ་དེ་རྒྱལ་ཇུས་གལ་ཆེན་ཞིག་ཏུ་བརྩིས་བས། ཚོང་འགུག་དངུལ་འདྲེན་གྱི་རྒྱལ་སྤྱིའི་འགྲན་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་དགེ་མཚན་ལ་བརྟེན་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགུག་ཐབས་བྱས་ཏེ། ཕྱི་ཕྱོགས་མ་དངུལ་གྱི་བསགས་འབོར་སྤུས་ལེགས་གསོག་འཇོག་བྱེད་དགོས་པ་མ་ཟད་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་མ་དངུལ་དེ་བས་མང་བ་ཚུར་འགུག་ནས་ཉོ་ཚོང་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས།
གཅིག་ནི་ཚོང་རར་ཞུགས་འཐུས་རྒྱ་སྐྱེད་གཏོང་དགོས། ཕྱི་དངུལ་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ལུགས་མཐུན་ངང་ཉུང་དུ་བཏང་ནས། དེང་རབས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ། རིགས་ཁག་གི་གསར་སྤེལ་ཁུལ། ཁྲལ་སྲུང་ཁུལ་སོགས་སྒོ་འབྱེད་ལས་སྟེགས་ཀྱི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཁྱབ་བསྒྲགས་བྱས་ཟིན་པའི་ཕྱི་དངུལ་འཇུག་འཐུས་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱེད་དགོས།
གཉིས་ནི་ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་པ་དང་། དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་བཏང་སྟེ། ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཁྲིམས་ལྟར་འདྲ་མཉམ་ངང་སྲིད་གཞུང་གི་ཉོ་སྒྲུབ་དང་འོས་སྐུལ་འོས་འཇུག །ཚད་གཞི་གཏན་འཁེལ་བཅས་ཀྱི་ནང་ཞུགས་རྒྱུར་འགན་ལེན་བྱེད་པ་དང་། ཤེས་བྱའི་བདག་དབང་དང་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། 《ཕྱོགས་ཡོངས་དང་ཡར་རྒྱས་ཀྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་》(CPTPP)དང་《གྲངས་ཀ་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་》(DEPA)སོགས་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གྲོས་ཆོད་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་མ་ཟད། རང་འགུལ་ངང་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་སྲོལ། དོ་དམ། ཚད་གཞི་དག་ཞིབ་བསྡུར་བྱས་ཏེ་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།
གསུམ་ནི་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལེགས་པར་བསྒྲུབ་དགོས། ཕྱི་རྒྱལ་གྱི་ཚོང་པ་དང་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཕྱི་རྒྱལ་གྱི་ཚོང་པ་ཀྲུང་གོ་རུ་ཉོ་ཚོང་མ་འཇོག་གི་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་རྒྱུར་སྟབས་བདེ་ཆེ་ཤོས་བསྐྲུན་པ་དང་། དུས་མཚུངས་སུ་དཔལ་འབྱོར་ཉོ་ཚོང་མི་སྣའི་རྒྱུན་རྣམ་ཅན་གྱི་ཕྱིར་སྐྱོད་ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད་གཏོང་དགོས།
(ལྔ།)དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས།
ང་ཚོས་ངེས་པར་དུ་རྩ་ལག་མཉམ་བཅོས་དང་ཉེ་རིང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ་མ་ལག་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་བརྟན་པོ་སྲུང་དགོས།
གཅིག་ནི་ས་ཁང་བདག་ཁོངས་ལས་རིགས་ཀྱིས་མ་ལག་རང་བཞིན་གྱི་ཉེན་ཁ་བསླང་བར་དོགས་ཟོན་བྱེད་དགོས། ས་ཁང་བདག་ཁོངས་ཀྱིས་དཔལ་འབྱོར་འཕར་བ་དང་ལས་ཞུགས། ནོར་ཁྲལ་ཡོང་འབབ། གྲོང་མིའི་རྒྱུ་ནོར། དངུལ་རྩ་བརྟན་པོ་ཡོང་བ་བཅས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། མ་ལག་རང་བཞིན་གྱི་ཉེན་ཁ་དང་ཀུན་སྤྱོད་ཉེན་ཁའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། ས་ཁང་བདག་ཁོངས་ཚོང་ར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་འཁུར་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྔོན་དཔག་ལེགས་བཅོས་ཤུགས་ཆེན་བྱེད་པ། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་གཏོང་བ། མེད་དུ་མི་རུང་བའི་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱེད་པ། བུ་བཙའི་སྲིད་ཇུས་དང་ཤེས་ལྡན་མི་སྣའི་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་པ། གྲོང་མི་གསར་པ་དང་གཞོན་ནུ་སོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ས་གནས་སྲིད་གཞུང་དང་དངུལ་རྩའི་སྒྲིག་གཞིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་བོགས་མར་གཏོང་ལེན་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་བྱེད་པ། ཡུན་རིང་བོགས་གཏོང་ཁང་པའི་ཚོང་ར་འཛུགས་སྐྲུན་འཚོལ་ཞིབ་བྱེད་པ་བཅས་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ས་ཁང་བདག་ཁོངས་ཚོང་རའི་སྤྲོད་མཁོའི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆགས་སྟངས་སོགས་འཕེལ་ཕྱོགས་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་གལ་ཆེན་ལ་ཞིབ་འཇུག་དང་བརྡར་གཅོད་གཏིང་ཟབ་བྱས་ནས། དུས་ཡུན་རིང་འབྲིང་གི་རྩ་བཅོས་ཐབས་ཇུས་ལ་ཞིབ་འཇུག་དམ་འཛིན་བྱེད་དགོས། ལོ་མང་རིང་གི་“བུ་ལོན་མང་པོ་ཟུག་པ་དང་། བཀན་ཤིང་མཐོ་བ། འཁོར་རྒྱུག་ཆེ་བ་”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ཀྱི་ཞན་ཆ་སེལ་ནས། ས་ཁང་བདག་ཁོངས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པར་བརྟན་པོའི་ངང་བར་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས།
གཉིས་ནི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་དགོས། དངུལ་རྩ་ནི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། དངུལ་རྩའི་ཉེན་ཁ་དང་ཀུན་སྤྱོད་ཀྱི་ཉེན་ཁ་གལ་ཆེན་སྔོན་འགོག་དང་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་དུས་ཐོག་ཏུ་ཐག་གཅོད་བྱས་ནས། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ཆགས་རྒྱུ་སྔོན་འགོག་བྱེད་དགོས། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།
གསུམ་ནི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་མངོན་མེད་བུ་ལོན་སྔོན་འགོག་དང་སེལ་ཐབས་བྱེད་པའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། མངོན་མེད་བུ་ལོན་བསགས་འབོར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། བུ་ལོན་གྱི་དུས་བཀག་གྲུབ་ཆ་ལེགས་སུ་གཏོང་བ་དང་སྐྱེད་ཀའི་ཁུར་པོ་ཡང་དུ་བཏང་སྟེ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་དང་ཁྲིམས་བཀོད་ཀྱི་བུ་ལོན་ཟླ་སྒྲིལ་དང་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་བརྟན་པོ་བཏང་ནས། མཐའ་གཅིག་ཏུ་འཕར་ཚད་བཀག་འགོག་དང་བསགས་འབོར་སེལ་ཐབས་བྱེད་དགོས། རྣམ་པ་འགྱུར་བའི་བུ་ལོན་བསྐྱིས་པའི་བྱ་སྤྱོད་སྣ་ཚོགས་གཏན་འགོག་བྱས་ནས། ས་གནས་ཀྱི་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་“ལས་སྟེགས་ཅན་”དུ་འགྱུར་བར་དོགས་ཟོན་བྱེད་དགོས། མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀུང་སིའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིགས་དབྱེ་རིགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ནས་ས་གནས་ཀྱི་གཞི་རྩའི་ནོར་ཤུགས་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་བརྟན་དུ་གཏོང་དགོས།
སང་ལོ་ད་དུང་ལས་དོན་གལ་ཆེན་མང་པོ་བསྒྲུབ་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་པ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་འབྱུང་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་དང་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བཅས་བྱས་ནས། གནས་བཅའ་ལ་འཚམ་པ་དང་ལས་གཉེར་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། རེས་སྐོར་གསར་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་དམིགས་དགོས། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ལེགས་པར་གཉེར་རྒྱུ་ལ་སྟ་གོན་བྱས་ནས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དགེ་མཚན་གསབ་རེས་དང་རང་རང་སོ་སོའི་འཇོན་ཐང་ངོམ་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་ཡོང་བ་བཅས་ལ་མཐུན་འགྲིག་ངང་སྐུལ་འདེད་བཏང་སྟེ། ཆ་རྐྱེན་བསྐྲུན་ནས་ནུས་རྒྱུ་ཟད་གྲོན་“ཚོད་འཛིན་གཉིས་”དེ་ཐཱན་འབུད་ཚད་“ཚོད་འཛིན་གཉིས་”ཀྱི་ལམ་ལུགས་སུ་བསྒྱུར་རྒྱུ་མགྱོགས་སུ་གཏོང་བ་དང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་བྱེད་པའི་དམག་འཐབ་མུ་མཐུད་དུ་གཏིང་ཟབ་བརྒྱབ་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
སྒྲོལ་མ་འཚོས་བསྒྱུར།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་12ཚེས་15ཉིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་ཆ་ཤས་ཤིག་ཡིན།