ནང་དོན་གནད་བསྡུས། 《 རྒེལ་གྷ་མི་ཧྲི》 ནི་འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཐོག་མ་སྟེ། ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ཡི་ཉག་མ3000ཙམ་ལ་ཡི་གེར་ཕབ་པ་ཞིག་རེད། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ལོ་རྒྱུས་སྙན་རྩོམ་འདིས་ལོ་ངོ་ལྔ་སྟོང་སྔོན་དུ་ཆུ་བོ་གཉིས་ཀྱི་འབབ་རྒྱུད་དུ་གནས་པའི་མི་སྟེ། གནའ་བོའི་མའེ་སའོ་པུ་ཏ་ཉི་ཡའི་མི་རྣམས་ཀྱི་འཚོ་བ་མངོན་པར་མཚོན་ཡོད། དཔྱད་རྩོམ་ཐུང་ངུ་འདིར་ལོ་རྒྱུས་སྙན་རྩོམ་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་རྒེལ་གྷ་མི་ཧྲིའི་དཔའ་བོའི་སྣང་བརྙན་གྱི་སྐོར་གཙོ་གནད་དུ་བྲིས་ཡོད།
མིང་བརྡ་གཙོ་བོ། ལོ་རྒྱུས་སྙན་རྩོམ། རྒེལ་གྷ་མི་ཧྲི། དཔའ་བོའི་སྣང་བརྙན།
ལོ་རྒྱུས་སྙན་རྩོམ《རྒེལ་གྷ་མི་ཧྲི》 ལ་ཁྱོན་བསྡོམས་སྙན་ཚིག་གི་རྐང་བ་སུམ་སྟོང་ལྷག་ཡོད་ཅིང་“འདམ་པར”བཅུ་གཉིས་ཀྱི་སྟེང་དུ་འདྲ་གཟུགས་ཀྱི་ཡི་གེར་ཕབ་ཡོད། ཞིབ་འཇུག་པ་མང་ཆེ་བས“འདམ་པར”ཨང་བཅུ་གཉིས་པ་ནི་རྗེས་ནས་ཁ་གསབ་ཏུ་བརྐོས་པར་བཞེད། འདས་པའི་དུས་ཡུན་རིང་བོ་ཞིག་ཏུ《 རྒེལ་གྷ་མི་ཧྲི》 རང་རྒྱལ་གྱི་སྐད་ཡིག་ཏུ་བསྒྱུར་མེད་པས། ང་ཚོར་འདིའི་སྐོར་གྱི་ཤེས་རྟོགས་ཧ་ཅང་ཉུང་། ད་སྔ་བདག་གིས་མཐོང་བའི་རྒྱ་འགྱུར་ལ་རྒྱ་རིགས་ལོ་ཙཱ་བ་ཀྲའོ་ལི་ཧྲིན་གྱིས་ལོ་ཙཱ་བྱས་པ་གཅིག་དང་། ཙུང་ལེན་ཧྭ་ཡིས་ལོ་ཙཱ་བྱས་པ་གཅིག་སྟེ་རྒྱ་འགྱུར་མི་འདྲ་བ་གཉིས་ཡོད་པ་ལས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་དཔར་སྐྲུན་བྱས་པའི་ལོ་ཙཱ་བ་ཀྲའོ་ལི་ཧྲིན་གྱི་འགྱུར་ཡིག་འདིའི་འཕྲིན་ལས་ཆེ་བར་མངོན་ཞིང་། ང་ཚོས་ལོ་རྒྱུས་སྙན་རྩོམ་འདི་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་བདེ་ལ་བོད་འགྱུར་བྱེད་པར་ཡང་མཐུན་རྐྱེན་འཛོམས་འདུག
འགྲོ་བ་མིའི་ཤེས་རིག་འཕེལ་བའི་ལོ་རྒྱུས་སུ་རྒྱལ་ཁབ་དང་མི་རིགས་ཚང་མར་རང་ཉིད་ཀྱི་བླ་ན་མེད་པའི་ལྷ་དང་དེ་བཞིན་མི་རབས་ནས་མི་རབས་བརྒྱུད་པའི་ལྷ་སྒྲུང་གི་གཏམ་རྒྱུད་ཡོད་ཅིང་། ལྷ་སྒྲུང་དང་གཏམ་རྒྱུད་དེ་དག་ཏུ་ཉིན་མཚན་ཀུན་ཏུ་དད་ཅིང་མོས་པ་བྱེད་སའི་དཔའ་བོ་རེ་ཡོད་ངེས་ཏེ། ང་ཚོ་བོད་ཀྱི《 གླིང་རྗེ་གེ་སར་རྒྱལ་པོ》 དང་འདྲ་བར་གནའ་བོའི་པ་པི་ལུན་རྒྱལ་ཁབ་ལའང་ཁོ་ཚོས་དད་གུས་བྱེད་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཡོད། ཇི་སྐད་དུ།“མཆོག་རབ་ཏུ་གྱུར་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱིས་སྤྱི་ཚོགས་ཀྱི་རྣམ་པ་འཆམ་མཐུན་ཞིག་ཏུ་བཞེངས་དང་། སྤྱི་ཚོགས་ཀྱི་འགལ་བ་རྣམས་རུས་རྒྱུད་ལམ་ལུགས་དང་གནའ་བོའི་རྒྱལ་ཁབ་ལ་བསྔགས་བརྗོད་བྱེད་པའི་བསྟོད་དབྱངས་ཁྲོད་གཞི་ནས་ཡལ་ཏེ། ལོ་རྒྱུས་སྙན་རྩོམ་གྱི་ལོ་རྒྱུས་ལྟ་བ་དེ་མང་སེམས་གཅིག་མཐུན་གྱི་བསམ་བློའི་རྨང་གཞིར་གྱུར་པaབཞིན། དཔའ་བོའི་སྣང་བརྙན་དེ་རིགས་སྤྱི་ཚོགས་དང་འགྲོ་བ་མིའི་བསམ་བློའི་སྲོག་ཤིང་དུ་གྲུབ་པས། དཔའ་བོའི་ལོ་རྒྱུས་སྙན་རྩོམ་དག་ནི་མི་དམངས་ཀྱི་ལས་དབང་མཚོན་བྱེད་དུ་གྱུར། མི་རིགས་དང་ཆབ་སྲིད་མཉམ་འདྲེས་ཀྱི་དབང་གིས་མི་རིགས་ཀྱི་འདུ་ཤེས་རིམ་བཞིན་དྲག་ཏུ་ཕྱིན་པ་དང་། ལོ་རྒྱུས་སྙན་རྩོམ་ནང་གི་ལྷ་སྒྲུང་མི་སྣའི་ཚབ་ཏུ་རིམ་བཞིན་ལོ་རྒྱུས་ཀྱི་མི་སྣ་བྱུང་བར་ཞིབ་འཇུག་པ་རྣམས་འདོད། དེའི་ཕྱིར། ལོ་རྒྱུས་སྙན་རྩོམ་ལ་ལོ་རྒྱུས་རང་བཞིན་ལྡན་ཟེར་ཞིང་ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་ཐེར་ཟུག་གི་དཔའ་བོའི་སྣང་བརྙན་དེ་མི་རྣམས་ཀྱི་སེམས་སུ་ནམ་ཡང་མི་ནུབ་པར་གནས་ཡོད་པ་ཡིན་ནོ།།
གཅིག གནའ་བོའི་པ་པི་ལུན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ།
དཔའ་བོའི་ལོ་རྒྱུས་སྙན་རྩོམ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཤེས་དཔལ་གྱི་མཚོན་རྟགས་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། དེར་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་། མི་རིགས། རྒྱལ་ཁབ་བཅས་ཀྱི་ཁྱད་ཆོས་ལྡན། “དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྲུབ་པ་དང་འཕེལ་རྒྱས་ཀྱི་གོ་རིམ་ནི་གནའ་བོའི་རྒྱལ་ཁབ་གྲུབ་པའི་བརྒྱུད་རིམ་དང་འབྲེལ་བ་དམ་ཟབ་ཡོད་པས། དེ་ནི་ལོ་རྒྱུས་ཐོག་གི་སྙན་རྩོམ་གྱི་རྣམ་པ་ཞིག་ཡིན་ལ་འགྲོ་བ་མིའི་རིག་གནས་དུས་རིམ་ངེས་ཅན་ཞིག་ཏུ་འཕེལ་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་འོག་གྲུབ་པ་”ཞིག་རེད།bའགྲོ་བ་མིའི་ཤེས་རིག་འཕེལ་བའི་ལོ་རྒྱུས་སུ། ཤར་ཕྱོགས་དང་ནུབ་ཕྱོགས་གང་ཡིན་རུང་། རྒྱལ་ཁབ་དང་མི་རིགས་ཕལ་ཆེ་བས་རང་ཉིད་ཀྱི་དཔའ་བོར་དད་གུས་བྱེད་ཅིང་། དེ་མཚུངས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཡོད། བརྗིད་ཉམས་ཆེ་ཞིང་ཁེབས་རྒྱ་ཡངས་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ《 རྒེལ་གྷ་མི་ཧྲི》 ནི་འཛམ་གླིང་གི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཆེན་པོ་བཞིའི་ཡ་གྱལ་པ་པི་ལུན་ནས་བྱུང་ཞིང་། རྒྱལ་ཁབ་དེ་ལ་ཤེས་རིག་གི་ལོ་རྒྱུས་ཡུན་རིང་ལྡན་པས་ཤེས་དཔལ་གྱིས་ཕྱུག་པའི་རྒྱལ་ཁབ་གཞན་དང་འདྲ་བར་རང་ཉིད་ལ་དབང་བའི་ཐུན་མིན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་འདི་བྱུང་ངོ་།། ཟམ་མི་ཆད་པར་འཕེལ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་བློ་རིག་བཀྲ་བའི་གནའ་བོའི་པ་པི་ལུན་གྱི་མིས་རླབས་ཆེན་གྱི་ཤེས་དཔལ་དང་། རླབས་ཆེན་གྱི་སྙན་རྩོམ། རླབས་ཆེན་གྱི་དཔའ་བོ་བཅས་བསྐྲུན་ཡོད་དེ། 《 རྒེལ་གྷ་མི་ཧྲི》 ནི་ངོ་མཚར་ཆེ་བའི་ས་གཞི་དེ་ནས་འཁྲུངས་པའི་འགྲོ་བ་མིའི་ལོ་རྒྱུས་སྙན་རྩོམ་ཐོག་མ་ཡིན་པས། དེ་ནི་གནའ་བོའི་པ་པི་ལུན་གྱི་མཚོན་རྟགས་ཡིན་ལ་། འགྲོ་བ་མིའི་བློ་གྲོས་དང་ཤེས་རིག་གི་མཚོན་རྟགས་སུའང་གྲུབ།
དཔའ་བོའི་ལོ་རྒྱུས་སྙན་རྩོམ《རྒེལ་གྷ་མི་ཧྲི》 ཡིས་ཕྱིས་བྱུང་ལོ་རྒྱུས་སྙན་རྩོམ་གྱི་རྩོམ་རིག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་ཕྱིར། གལ་ཏེ་ཡི་གེ་གསར་གཏོད་བྱས་པ་ནི་འགྲོ་བ་མི་དཔལ་ཡོན་དར་བའི་དུས་རབས་སུ་སྐྱོད་པའི་སྐས་རིམ་སྔ་ཤོས་ཤིག་ཏུ་བཤད་ན། པ་པི་ལུན་གྱི་དུས་རབས་སུ་ཡི་གེར་བཀོད་པའི《 རྒེལ་གྷ་མི་ཧྲི》 ཡིས་འགྲོ་བ་མིའི་རིགས་ཡར་ཐོན་ཡོང་བའི་སྐས་རིམ་གཞན་ཞིག་མཚོན་པ་ཡིན། འདི་ནི་འགྲོ་བ་མིའི་རིགས་ཡར་ཐོན་བྱུང་བའི་གཟི་འོད་ཀྱི་བཀྲག་མདངས་ཤིག་ཡིན་པས། སུའུ་མེའར་རྒྱལ་པོས་དམག་འཁྲུག་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་སུའུ་མེའར་ས་ཁུལ་དབང་དུ་བསྒྱུར་པ་ལྟར་མ་ཡིན་པར། སུའུ་མེའར་ནས་པ་པི་ལུན་དུས་རབས་བར་གྱི་འགྲོ་བ་མིའི་བསམ་བློའི་ཡར་རྒྱས་མཚོན་གྱི་ཡོད། 《 རྒེལ་གྷ་མི་ཧྲི》 ནི་གནའ་བོའི་པ་པི་ལུན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་མཚོན་བྱེད་ཡིན་པའི་ཆ་ནས། དེའི་ཁྲོད་ཀྱི་སྐྱེ་འཆི་དང་མཐར་ཐུག་དོན་སྙིང་གི་འཚོལ་འདྲི། གཞན་ཡང་མཚན་ཉིད་རིག་པའི་རྟོག་གཞིགས་དང་སྒྱུ་རྩལ་རིན་ཐང་བཅས་ཀྱིས་ཕྱིས་བྱུང་རྩོམ་རིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། མི་རབས་རྗེས་མས་དཔའ་བོའི་སྣང་བརྙན་གསར་བཟོ་དང་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གསར་སྐྲུན་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པར་མཁས་པ་རྣམས་བཞེད་དོ།།
གཉིས། ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་དཔའ་བོའི་སྣང་བརྙན།
ལོ་རྒྱུས་སྙན་རྩོམ་ནི་ལོ་རྒྱུས་དང་སྙན་རྩོམ་ཟུང་དུ་འབྲེལ་བ་ཞིག་སྟེ། “ལོ་རྒྱུས་སྙན་རྩོམ”ཞེས་པ་ནི་ལོ་རྒྱུས་དང་འདྲ་བར་བརྗིད་ཆགས་ཤིང་ཕུགས་རིང་ལ་ཀྱ་ཀྱུ་ཆེ་བའི་སྙན་རྩོམ་གྱི་རྣམ་པ་ཞིག་རེད། ཤེས་རིག་དར་བའི་རྒྱལ་ཁབ་དང་མི་རིགས་ཚང་མར་རང་རང་གི་ལྷ་སྒྲུང་གི་ལོ་རྒྱུས་ཡོད་ཅིང་། ལྷ་སྒྲུང་གི་ལོ་རྒྱུས་ཚང་མར་རང་རང་ལ་དབང་བའི་དཔའ་བོ་རེ་ཡོད། སྙན་རྩོམ་དང་སྒྲུང་གཏམ། ཡང་ན་ལྷ་སྒྲུང་སོགས་གང་ཞིག་ཡིན་རུང་། དེ་དག་གིས་ངོ་མཚར་ཆེ་བའི་རྟོག་འཆར་དང་ཐབས་རྩལ་ལ་བརྟེན་ནས་འགྲན་ཟླ་བྲལ་བའི་དཔའ་བོའི་སྣང་བརྙན་བཞེངས་བསྐྲུན་བྱས་ཡོད།
ལོ་རྒྱུས་སྙན་རྩོམ་ཚང་མ་ནི་ལོ་རྒྱུས་དང་འདྲ་བར་བླ་ན་མེད་པའི་དཔའ་བོ་དག་བརྗིད་རྔམ་ལྡན་པ་ཞིག་ཏུ་བཞེངས་བསྐྲུན་བྱས་ཤིང་། དཔའ་བོའི་སྣང་བརྙན་དེ་དག་གིས་དུས་ཚོད་ཀྱི་ཉམས་སད་ཐེག་སྟེ་མི་རྣམས་ཀྱི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད། དཔའ་བོའི་ངག་རྒྱུན་ནི་གནའ་སྔ་མོའི་ལོ་རྒྱུས་ལ་དྲན་གསོ་བྱས་པ་ཞིག་ཡིན་ལ། གཙོ་བོ་རང་བྱུང་དང་སྤྱི་ཚོགས་ཀྱི་འཐབ་རྩོད་ཁྲོད་དུ་བྱས་རྗེས་བཞག་པའི་རུས་རྒྱུད་དང་དཔའ་བོར་བསྟོད་བསྔགས་བྱེད་པ་སྟེ། མང་ཆེ་ཤོས་ནི་ལྷ་དང་མི་བཤོས་པའི་རྗེས་རབས་སུ་བརྗོད་ནས་ལུས་སྟོབས་ཆེ་བ་དང་། བློ་གྲོས་ལྡན་པའི་ཁར་དཔའ་ངར་ཞུམ་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་པར་བརྗོད་འདུག རྒྱལ་ཁབ་དང་མི་རིགས་ཁག་གི་ལྷ་སྒྲུང་ནང་དཔའ་བོ་དེ་དག་གི་གཏམ་རྒྱུད་ནི་ངོ་མཚར་ཆེ་ཤོས་དང་ཡིད་འགུག་ཆེ་ཤོས་ཀྱི་ཆ་ཤས་སུ་གྲུབ་ཡོད།
དཔའ་བོའི་ལོ་རྒྱུས་སྙན་རྩོམ་དག་གི་ནང་དུ་དཔའ་བོའི་སྣང་བརྙན་སྣ་ཚོགས་བཞེངས་ཡོད་མོད། འོན་ཀྱང་དེ་རྣམས་ལ་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད་དེ། དཔའ་བོ་དེ་དག་ནི་བློ་གྲོས་དང་མཐུ་སྟོབས། དཔའ་ངར་བཅས་གཞི་གཅིག་ཏུ་འཛོམས་ཡོད་པ་ཞིག་ཡིན་ཞིང་། ཁོང་ཚོར་ངོ་མཚར་ཆེ་བའི་སྟོབས་ཤུགས་དང་། ལྷ་ཡི་སྲུང་མ། རིན་ཆེན་ལག་ཆ་སོགས་མངའ་བར་བརྟེན་ལོ་རྒྱུས་ལ་ཁ་ལོ་སྒྱུར་ཐུབ་པ་དང་རྒྱལ་ཁབ་དང་མི་རིགས་ཤིག་བསྐྱར་དུ་འཛུགས་ཐུབ་ཀྱི་ཡོད།
“ལོ་རྒྱུས་སྙན་རྩོམ་ནང་དཔའ་བོའི་སྣང་བརྙན་ཡོད་པ་དང་དཔའ་བོའི་སྣང་བརྙན་ནང་རྟག་བརྟན་གྱི་བདེན་ལུགས་སིམ་ཡོད། འདི་ནི་ནང་གནས་དང་རྟག་བརྟན་གྱི་བླ་ན་མེད་པའི་བདེན་ལུགས་ཤིག་སྟེ། ཏག་ཏག་འདི་ལྟ་བུའི་བླ་མེད་ཀྱི་བདེན་ལུགས་ཡོད་པའི་རྐྱེན་གྱིས་ད་གཟོད་སྙན་རྩོམ་ཡོད་ཚད་ཡུན་རིང་བོར་ངག་རྒྱུན་དུ་ཉར་ཚགས་ཐུབ་པར་གྱུར། བླ་ན་མེད་པ་ཞེས་པའང་སྟོབས་དང་ལྡན་པའི་ཤ་ཁྲག་གི་ཕུང་བོ་ལ་མི་ཟེར་གྱི། བརྗིད་ཉམས་ལྡན་ཞིང་མཆོག་ཏུ་གྱུར་པའི་བླ་སྲོག་མངའ་བར་གོའོ།།”c
གསུམ། 《རྒེལ་གྷ་མི་ཧྲི》ཡི་དཔའ་བོའི་རང་བཞིན།
གནའ་བོའི་པ་པི་ལུན་གྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་སུ《 རྒེལ་གྷ་མི་ཧྲི》 ནི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་སྔ་ཤོས་དེ་རེད། ལོ་རྒྱུས་སྙན་རྩོམ་ཁྲོད་གསར་བཞེངས་བྱས་པའི་མི་སྣ་རྒེལ་གྷ་མི་ཧྲི་ནི་དཔའ་ངར་ཞུམ་པ་མེད་ཅིང་རྒྱང་སྐྱོད་ཀྱི་ཉེན་ཁ་བརྒྱུད་དེ། རང་ཉིད་ཀྱི་ལག་ཟུང་དང་བློ་གྲོས་ཀྱིས་བཀག་སྡོམ་དང་དབྱེ་མཚམས་སྣ་ཚོགས་གཏོར་བའི་རླབས་ཆེན་གྱི་དཔའ་བོ་ཞིག་རེད། འོན་ཀྱང་མི་རབས་རྗེས་མའི་འཛིན་སྤེལ་གྱི་ཁྲོད་དུ་དཔའ་བོའི་སྣང་བརྙན་དེ་རིགས་སྔར་བས་ཁྱད་འཕགས་སུ་བསྒྱུར་ཏེ། དངོས་པོའི་གནས་ཚོད་དང་མི་མཐུན་པའི་བློ་གྲོས་དང་ནུས་པ་ཀུན་འཛོམས་ཀྱི་བསམ་བློའི་མཚོན་རྟགས་ཤིག་ཏུ་གྱུར་པ་རེད།
ལོ་རྒྱུས་སྙན་རྩོམ《རྒེལ་གྷ་མི་ཧྲི》 ཡི་མི་སྣ་གཙོ་བོ་ནི་དཔའ་བོ་གཉིས་ཡིན་ཏེ། ཝུའུ་ལུའུ་ཁེའི་རྒྱལ་པོ་རྒེལ་གྷ་མི་ཧྲི་དང་ཁོང་གི་གྲོགས་པོ་ཨིན་ཁི་རྡུའུ་རེད། ལོ་རྒྱུས་སྙན་རྩོམ་གྱིས་བསྟོད་གླུ་ལེན་ས་ནི་ཁོང་གཉིས་སྤུན་གྲོགས་བསྒྲིགས་རྗེས། སྲིན་པོ་ཧོམ་པཱ་པཱ་དང་གནམ་གྱི་གླང་བོ་བསད་ནས་མི་དམངས་ཀྱི་གནོད་འཚེ་བསལ་ཀྱང་གོང་མ་ལྷ་ལ་ཕོག་ཐུག་བཟོས་པས། གྲོགས་པོ་གཉིས་ལས་གཅིག་ངེས་པར་འཆི་དགོས་པའི་ཆད་པ་བཅད། དེ་ལྟར་ཨིན་ཁི་རྡུའུ་ནད་ཀྱིས་གྲོངས་རྗེས། རྒེལ་གྷ་མི་ཧྲི་སྡུག་བསྔལ་གྱི་གཡང་དུ་ལྷུང་སྟེ་ཐག་རིང་དུ་ཁོང་གི་མེས་པོར་མཇལ་འཕྲད་དུ་སོང་ནས་འཆི་སོས་སྨན་རྩྭ་བཙལ་བའི་དཔའ་བོའི་བྱུང་བ་བརྗོད་ཡོད་པ་དེའོ།། ལོ་རྒྱུས་སྙན་རྩོམ་འདིའི་མགོ་ནས་མཇུག་བར་དུ་རྒེལ་གྷ་མི་ཧྲི་དང་ཨིན་ཁི་རྡུའུ་གཉིས་ཀ་རྟག་བརྟན་ཐེར་ཟུག་དང་། དཔའ་ངར་ཞུམ་མེད། མཐོ་རིས་མཐུ་སྟོབས་ལྡན་པ་བཅས་ཀྱི་དཔའ་བོའི་སྣང་བརྙན་དུ་བཞེངས་འདུག
ཝུའུ་ལུའུ་ཁེའི་རྒྱལ་པོ་རྒེལ་གྷ་མི་ཧྲི་ནི་དཔའ་ངར་ཆེ་ལ་སྤྱང་གྲུང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་གདུག་རྩུབ་ཆེ་བའི་རྒྱལ་པོ་ཞིག་ཡིན་པས། མ་གཞི་ནས་འགྲོ་བ་མིར་གནོད་ཅིང་འཚེ་བ་ཞིག་ཡིན་པར་གྲགས། མཁར་གྲོང་གི་སྐུ་དྲག་དག་གིས་ཁོང་གི་གདུག་རྩུབ་མ་བཟོད་པར་གསར་བཟོའི་ལྷ་མཆོག་ཨ་ལུའུ་ལ་ཞུས་ཏེ་མི་ཕྱེད་གཅན་གཟན་གཟུགས་ཀྱི་ཨིན་ཁི་རྡུའུ་བཟོ་རུ་བཅུག་ནས་རྒེལ་གྷ་མི་ཧྲི་ལ་འཐབ་འཛིང་བྱེད་པའི་གྲོས་ཐག་བཅད་ཀྱང་། མཐའ་མཇུག་རྒེལ་གྷ་མི་ཧྲི་དང་ཨིན་ཁི་རྡུའུ་གཉིས་ཀྱི་འཐབ་འཛིང་ལ་རྒྱལ་ཕམ་གྱི་དབྱེ་བ་མ་བྱུང་བས་ཁོ་གཉིས་ཕན་ཚུན་ལ་མོས་གུས་སྐྱེས་ཏེ་སྤུན་གྲོགས་བསྒྲིགས། 《 རྒེལ་གྷ་མི་ཧྲི》 ཡི་དུམ་མཚམས་གཉིས་པར། ཁོ་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་ནགས་ཀྱི་སྲིན་པོ་ཧོམ་པཱ་པཱ་བསྒྲལ་ཏེ་མི་དམངས་ཀྱི་གནོད་འཚེ་བསལ་པ་མ་ཟད་ལྷ་མོ་དབྱི་ཧྲི་ཐར་ཡང་བསྐྱབས། ལྷ་མོ་དབྱི་ཧྲི་ཐར་ནི་རྒེལ་གྷ་མི་ཧྲི་ཡི་དཔའ་ངར་གྱིས་ཡིད་དྲངས་ཏེ་དགའ་ཞིང་དུངས་པར་གྱུར་ཅིང་འདོད་འདུན་བསྟན་མོད། འོན་ཀྱང་རྒེལ་གྷ་མི་ཧྲིས་ལྷ་མོའི་སྐྱུག་བྲོ་བའི་རང་གཤིས་རྟོགས་ནས་ཁོ་མོའི་འདུན་མར་ཁས་ལེན་གཏན་ནས་མ་བྱས་པས། ཁོ་མོར་ངོ་ཚ་དང་ཁོང་ཁྲོ་ཅིག་ཅར་དུ་སྐྱེས་ནས་ཡབ་ཆེན་ལ་ཞུས་ཏེ་གནམ་གྱི་གླང་བོ་མངགས་ཏེ་ཝུའུ་ལུའུ་ཁེའི་མི་དམངས་ལ་གནོད་འཚེ་ཡང་ཡང་བཏང་། རྒེལ་གྷ་མི་ཧྲི་དང་ཨིན་ཁི་རྡུའུ་གཉིས་ཀྱིས་སླར་ཡང་དཔུང་བ་མཉམ་གཤིབ་ཀྱིས་གནམ་གྱི་གླང་བོ་བསད་ཅིང་མི་དམངས་ཀྱི་གནོད་འཚེ་སེལ་བར་བྱས་པ་ནི་སྙན་རྩོམ་ལས་འབྱུང་སྟེ།
“གནམ་གྱི་གླང་བོས་ཤུ་སྒྲ་སྒྲོག་བཞིན་དུ།། ཨིན་ཁི་རྡུའུ་ལ་སྣ་ཡིས་བསྣུན་པའི་ཚེ།། ཡང་དག་དཔའ་བོས་རྭ་རྩེ་བཟུང་བྱས་ཏེ།། གྲོགས་པོའི་ཕྱོགས་སུ་རྒྱལ་ལོ་རྒྱལ་ལོ་ཞེས།། གླང་བོ་རྣོ་ངར་མཚོན་གྱི་རྩེར་དྲངས་ཤིང་།། གླང་རོའི་མཆོད་པ་སྲུང་མ་ལྷ་ལ་ཕུལ།།”dདེའི་རྗེས་སུ་ལྷ་ཡི་ཆད་པ་ལྟར་ཨིན་ཁི་རྡུའུ་ནད་ཀྱིས་གྲོངས་རྗེས། རྒེལ་གྷ་མི་ཧྲི་ལ་སེམས་སྡུག་མི་ཟད་པ་སྐྱེས་ནས་འཆི་སོས་སྨན་རྩྭ་འཚོལ་བའི་ལམ་དུ་ཞུགས་པ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་འདིའི་ཆ་ཤས་རེ་རེའི་ཁྲོད་དུའང་ཆེས་བླ་ན་མེད་པའི་དཔའ་བོའི་སྣང་བརྙན་བཞེངས་འདུག
བཞི། ཁྱད་དུ་འཕགས་པའི་དཔའ་བོའི་ངར་ཤུགས།
དཔའ་བོའི་ལོ་རྒྱུས་སྙན་རྩོམ་དང་ལྷ་སྒྲུང་ཁྲོད་དུ་དཔའ་བོ་གཙོ་བོ་ཚང་མར་འགྲོ་བ་མི་ལས་བརྒལ་བའི་ནུས་མཐུ་མཆིས། ཁོང་ཚོ་ནི་དཔའ་ངར་ལྡན་པའི་ལྷ་ཚོགས་ཀྱི་སྤྱི་གཟུགས་ཏེ། འགྲོ་བ་མིས་བློ་ཡིས་བཏགས་པའི་དབང་ཆ་དང་མཐུ་སྟོབས་ཀྱི་མཐོ་མཐའ་དེའོ།། མི་རིགས་དང་རྒྱལ་ཁབ་ཚང་མར་རང་ཉིད་ཀྱི་དཔའ་བོའི་བརྩེ་སེམས་དང་དཔའ་བོའི་དད་སེམས་ཡོད་ཅིང་། ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་དག་གི་ཁྲོད་དུ། དཔའ་བོ་ཚང་མ་རྟུལ་ཕོད་ཆེ་ཞིང་བློ་གྲོས་ཟབ་པ་དང་། འགྲོ་བ་མི་སྡུག་བསྔལ་ལས་བསྐྱབས་ཏེ་རྗེས་རབས་ལ་བདེ་སྐྱིད་བསྐྲུན་གྱི་ཡོད། 《 རྒེལ་གྷ་མི་ཧྲི》 རུ་བཞེངས་སྐྲུན་བྱས་པའི་དཔའ་བོའི་སྣང་བརྙན་ནི་གཙོ་བོ་རྒེལ་གྷ་མི་ཧྲི་དང་མིའི་བར་དང་། ལྷ་དང་རང་བྱུང་ཁམས་བར་གྱི་འཐབ་རྩོད་ལས་མངོན་ཏེ། ཚེ་སྲོག་གི་གསང་བ་འཚོལ་ཞིབ་དང་། འཆི་བར་ཁ་ལོ་སྒྱུར་བ། ནག་པོའི་སྡེ་ལ་འཐབ་རྩོད་བྱེད་པ་བཅས་ཡིན། ལོ་རྒྱུས་སྙན་རྩོམ་འདིའི་མགོ་ཙམ་ལ། རྒེལ་གྷ་མི་ཧྲི་ནི་གདུག་རྩུབ་ཆེ་བའི་རྒྱལ་པོ་ཞིག་ཡིན་མོད། འོན་ཀྱང་ཁོང་ལ་ཟིལ་ཤུགས་ཧ་ཅང་ཆེན་པོ་མངའ། ཨིན་ཁི་རྡུའུ་ལ་འཐབ་འཛིང་བྱས་པའི་རྗེས་དགྲ་ཡ་ཕན་ཚུན་གྱིས་ཕ་རོལ་པོའི་དངོས་ཡོད་སྟོབས་ཤུགས་ལ་མོས་པ་བྱས་ཤིང་། སྲོག་བསྡོས་ཀྱི་གྲོགས་པོར་གྱུར། འདི་ལྟ་བུའི་མི་གཤིས་དང་འཆམ་མཐུན་གྱི་རྟོག་སྣང་གིས་རྒེལ་གྷ་མི་ཧྲི་ནི་གྲོགས་ཀྱི་རྩིས་འདང་ཟབ་ཅིང་གནས་ལུགས་ལ་དགའ་བའི་དཔའ་བོ་རླབས་ཆེན་ཞིག་ཏུ་བཞེངས་ཡོད། ཁོང་གིས་ཨིན་ཁི་རྡུའུ་ལ་འདི་ལྟར་སྙིང་ཕུར་བརྡབས་མྱོང་སྟེ།“ང་ཡི་གཏམ་ལ་གསོན་ཅིག་གྲོགས་མཆོག་ཀྱེ།། མཐོ་རིས་ལྷ་རུ་སྐྱེས་མི་སུ་ཞིག་མཆིས།། ཉི་འོག་འདི་ན་གཏན་དུ་འཚོ་བ་ལ།། ལྷ་ལས་མ་མཆིས་མི་ཚེ་ཚད་ཡོད་ཕྱིར།། ཕལ་བའི་བྱེད་ལུགས་སྒྱུ་མའི་དུ་སྤྲིན་འདྲ།། འདི་རུ་སྐྲག་ཅིང་དངངས་པའི་དོན་ཅི་ཞིག།ཁྱེད་ཀྱི་དཔའ་བོའི་རྔམ་ཟིལ་ཡལ་དོན་ཅི།། ང་རང་ཁྱེད་ཀྱི་མདུན་ནས་སྔོན་དུ་འགྲོ།། ཁྱེད་ཀྱི་ཞལ་ནས་མ་སྐྲག་མདུན་སྐྱོད་ཟློས།།”eརྒེལ་གྷ་མི་ཧྲི་ནི་དཔའ་ངར་ཆེ་བ་དང་སྤྱང་གྲུང་ལྡན་པའི་དཔའ་བོ་ཞིག་ཡིན་པ་མ་ཟད། མཛའ་གྲོགས་ལ་མཐོང་ཆེན་བྱེད་མཁན་གྱི་དཔའ་བོ་ཞིག་ཀྱང་རེད། ཁོང་ནི་སྲིན་པོ་བསྒྲལ་ཏེ་མི་དམངས་ཀྱི་གནོད་འཚེ་སེལ་བའི་དཔའ་བོ་ཞིག་ཡིན་པ་མ་ཟད། ལས་དབང་ལ་ངོ་རྒོལ་དང་འཆི་བ་ལ་བཀོད་སྒྲིག་བྱེད་ཕོད་པའི་དཔའ་བོ་ཞིག་ཀྱང་རེད། ཁོང་གིས་རང་གི་མེས་པོ་འཚོལ་བར་འགྲོ་བའི་ལམ་བར་དུ་སྲུང་མ་ཧྲིན་མཱ་ཧྲི་ལ་འདི་སྐད་བོས།“ང་ཡི་མིག་གིས་ཉིན་བྱེད་མཐོང་བར་གྱིས།། འོད་ཀྱི་ཟེར་མས་ལུས་ཕུང་འཁྱུད་གྱུར་ཅིག། གང་ན་འོད་དཀར་ཕྲེང་བ་རབ་རྒོད་པ།། དེ་རུ་སྨག་ནག་མུན་པ་རང་སར་ཞི།། ང་རང་ཉི་ལྷའི་འཁོར་དུ་སྙེག་བྱེད་ཅིང་།། འཆི་བ་ཤི་བོའི་ཚོགས་ལ་ཡོངས་སུ་སྟེར།།”fའདི་ནི་ཇི་འདྲའི་གཟེངས་མཐོ་བའི་སྤོབས་གདེངས་ཀྱི་ངར་སྐད་ཅིག་རེད་ཨང་། ཁོང་ཉིད་འཆི་བར་མི་འཇིགས་པར་འཆི་བ་དབང་དུ་བསྡུ་ཞིང་ཕམ་ཁ་ལ་མི་སྐྲག་པར་ཕམ་ཁ་ཆམ་ལ་ཕབ་སྟེ། ཁོས་ལྷ་ཡི་མཐུ་སྟོབས་ལ་བརྟེན་ནས་དགྲ་བོ་ཡོད་ཚད་ཕམ་པར་བྱེད་པས་དུས་ཇི་སྲིད་བར་གནས་ངེས་སོ།།
a(俄)E.M.梅列金斯基,《英雄史诗的起源》(M),王亚民,张淑民,刘玉琴译,北京:商务印书馆,2007
b(俄)E.M.梅列金斯基,《英雄史诗的起源》(M),王亚民,张淑民,刘玉琴译,北京:商务印书馆,2007
c〔英〕托玛斯.卡莱尔,《论英雄、英雄崇拜和历史上的英雄业绩》(M),周祖达译,北京:商务印书馆,2010
d赵乐甡译,《吉尔伽美什》,辽宁:人民出版社,2015
e 赵乐甡译,《吉尔伽美什》,辽宁:人民出版社,2015
f 赵乐甡译,《吉尔伽美什》,辽宁:人民出版社,2015