ས་སྲོད་ཅིག་ལ། རླུང་བུ་གཡུག་ཐེངས་ཤིག་གིས་ངའི་བསམ་གཞིག་གི་སྒོ་མོ་ཕྱེས་ཏེ་ང་རང་འདས་སོང་གི་གཏམ་རྒྱུད་རེ་རེའི་ཀློང་དུ་བརྫངས་སོང་། ངས་འདས་ཟིན་གྱི་རི་མོ་ལྟ་བུའི་ལོ་ཟླ་རེ་རེ་ལ་བསམ་བློ་གང་མང་ཞིག་བཏང་མཐར། སླར་ཡང་འདས་སོང་ལ་བསམ་བློ་མི་གཏོང་རང་གཏོང་ལྟ་བུར་གྱུར་ནས་ངས་རང་ཉིད་ཀྱི་ལོ་ཟླ་དང་ལང་ཚོ་རིན་པར་བྱིན་པའི་གཏམ་རྒྱུད་ཀྱི་ཁབ་མིག་དེ་དག་ཡང་བཙལ་བསྐྱར་སློག་མི་བྱེད་ཐབས་མེད་བྱུང་།
སྐབས་དེར་ས་ཡོངས་སུ་རུབ་སྟེ་ཕྱི་རོལ་ན་ཁངས་ཆར་འདྲེས་མ་ཞིག་འབབ་བཞིན་འདུག །ང་སྒེའུ་ཁུང་ཁར་འགྲེངས་ཏེ་ཕྱི་རོལ་ལ་ལག་སྙོབ་བྱས་པ་ཡིན། ངའི་ལག་པ་སྟོང་པའི་ནང་དུ་ཁངས་ཆར་འདྲེས་པའི་ཆུ་ཐིགས་འགའ་ལྷུང་སྟེ་ལག་པ་སླར་ཡང་ཕྱིར་མི་འཐེན་རང་འཐེན་དུ་གྱུར་ནས་ལག་པ་ཕྱིར་བླངས་བ་ཡིན་མོད། འོན་ཀྱང་ལག་པ་ལེན་དུས་ངའི་ནང་སེམས་གློ་བུར་དུ་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་བསྡམས་ཏེ་ལུས་པོ་འདར་སིག་སིག་ཏུ་བཏང་། ཕྱི་རོལ་གྱི་ཁངས་ཆར་དང་བསྡོངས་པའི་ཙག་རླུང་གིས་ང་ལ་ཅི་ཞིག་འཆད་བཞིན་པ་འདྲ་ལ་མཚམས་རེ་གློ་བུར་དུ་ངའི་ངོ་གདོང་ལ་གདུག་རྩུབ་ཀྱི་འགྲམ་ལྕག་ལྟ་བུ་ཞིག་བཞུས་ཏེ་གང་ཞིག་ན་སུ་ཞིག་གིས་འབོད་པ་ནང་བཞིན་གློ་བུར་དུ་ཡལ་འགྲོ། ཡང་མཚམས་རེར་གླག་རྒོད་ཅིག་གི་གཤོག་རྡེབ་གཡུགས་པ་བཞིན་དུ་ངའི་ངོ་གདོང་ལ་ཙག་ངར་གྱི་རླུང་བུ་དེ་འུ་ཕོག་བལྟས་ཏེ་གང་ཞིག་ལ་འཕུར་འགྲོ། དེས་ཅི་ཞིག་མཚོན་པ་ངས་འདང་ཅི་ཙམ་བརྒྱབ་རུང་འདང་མ་ཕོགས། དེ་བས་ད་ལོའི་དགུན་ཐོག་འདིར་ངས་དོན་དག་དེ་ལ་བསམ་གཞིག་ནན་མོ་ཞིག་གཏང་རྒྱུ་དེ་ངའི་འོས་འགན་དུ་ཆགས་ཡོད།
ཉི་འོད་ཀྱི་ཟེར་ཐིགས་ཕྱོགས་བཅུར་འཕྲོས་ཤིང་ཕ་གའི་རྩྭ་ཐང་སྐྱ་ཐང་ངེར་ཁེར་རྐྱང་དུ་ལུས་འདུག །ངས་ཉི་ཟེར་གྱི་མདངས་ལ་བལྟས་ཏེ་སྒེའུ་ཁུང་གི་མདུན་དུ་འགྲེངས་ཤིང་ཁོད་ཡངས་པའི་རྩྭ་ཐང་ལ་བུང་བ་གཞོན་ནུའི་མིག་ཟུང་ཧད་དེ་སྙིང་རྗེ་ཡི་མཆི་མ་འགའ་འཐོར་མགོ་བརྩམས། ཏག་ཏག་སྐབས་དེར་སྒེའུ་ཁུང་ཁའི་མེ་ཏོག་དག་ཁངས་ཆར་དང་ཙག་རླུང་གིས་མནར་ཏེ་རྙིད་འདུག་པས་ང་ལ་ཕངས་སེམས་བཟོད་བླག་མེད་པར་ཞིག་སྐྱེས་ཏེ་ངའི་མིག་ལམ་དུ་མེ་ཏོག་དང་སྐྱ་ཐང་ངེར་ལུས་པའི་རྩྭ་ཐང་གཉིས་རེས་མོས་སུ་འཁོར་གྱི་འདུག །ཞོར་དུ་མིག་ཆུ་རྡོག་ཅིག་རྙིད་ཟིན་པའི་མེ་ཏོག་ཅིག་གི་ཐོག་ཏུ་ལྷུང་། ངའི་སེམས་སུ་མེ་ཏོག་དེ་སླར་ཡང་བཞད་དེ་དགུན་ཟླ་འདིར་མེ་ཏོག་དེ་མ་རྙིད་ན་བསམ་བྱུང་།
སྤྲིན་ནག་ཅིག་གིས་ཉི་མ་ནུབ་ཕྱོགས་མཚམས་སུ་དེད་ནས་སྤྲིན་པ་ལེབ་མོ་འགའ་ཕྱོགས་གཅིག་ཏུ་འདུས་ཏེ་ཅི་ཞིག་ལ་གྲོས་མོལ་བྱེད་ཀྱི་འདུག །ང་བར་དེར་འཚང་ནས་ཁོ་ཚོས་གསང་གྲོས་ལ་ལྐོག་ཏུ་ཉན་པ་ཡིན། ཁོ་ཚོའི་ཁ་བ་འབབ་མི་འབབ་ལ་གྲོས་མོལ་བྱེད་ཀྱི་འདུག་པས་ང་དགའ་ཐག་ཆོད་ནས་སྒོར་བུད་དེ་ཁ་བ་འབབ་པར་རེ་ཞིང་སྒུག་སྟེ་དེ་ལ་ངང་སྒུག་གིས་ཁ་གནམ་ལ་འཁོར་ནས་བསྡད་པ་ཡིན། འཁྱག་སིབ་སིབ་ཀྱི་ཁ་བའི་འདབ་མ་འགའ་ངའི་ངོ་གདོང་ལ་ལྷུང་བྱུང་། ང་གཉིད་ལས་སད་པ་ལྟར་གློ་བུར་དུ་མིག་ཟུང་ཕྱེས་ཏེ་གནམ་ལ་བལྟས་པ་ན་བར་སྣང་ན་དཀར་ཡུག་ཡུག་གི་ཁ་བའི་འདབ་ལོ་གཅིག་རྗེས་གཉིས་འཕྲོ་བྱས་ཏེ་བབས་བྱུང་། ང་ལ་དགའ་ཚོར་ཞིག་གིས་དབང་གིས་ཡིན་ནམ་ཡང་ན་ཅི་ཞིག་ཡིན་པ་མ་ཤེས་མོད་གང་ལྟར་ཙག་རླུང་གིས་ང་ཐེངས་འགར་ཁྱིམ་ལ་བདས་པ་དེའང་མ་ཚོར་པར་ཁེར་ཧྲེང་དུ་ཁ་བའི་ཁྲོད་ན་ལུས་འདུག །ཡུད་ཙམ་གྱི་འཕྲོར་འཇིག་རྟེན་དུ་གངས་ཀྱི་མེ་ཏོག་འཐོར་ནས་ཁ་བའི་མཚོ་ཆེན་ཞིག་འཁྱིལ་འདུག །ང་མཚོ་ནང་དུ་ལྡིང་སྟེ་མཚོ་ནང་གི་ནོར་བུ་སྟེ་གངས་ཀྱི་མེ་ཏོག་རེ་རེ་བཏུས་ནས་ངའི་སྔས་འགྲམ་དུ་འཇོག་དགོས་བསམ།
ས་རུབ་སྟེ་བྱ་དངོས་ཅི་ཡང་མཐོང་སྣེ་དང་ཚོར་བའི་གསེང་ན་མེད་མོད། འོན་ཀྱང་ང་ཡི་གངས་ཀྱི་མེ་ཏོག་གིས་གྲུབ་པའི་མཚོ་ཆེན་དེ་ད་རུང་ཤུལ་དུ་ལྷག་འདུག་ཡོད། དེ་བས་ང་རང་སེམས་བདེ་བདེ་ངང་གཉིད་དུ་ཡུར་ནས་རྨི་ལམ་ཞིག་གི་ལྟག་རྒྱབ་བསྔོག་སྟེ་གྲང་ཤུར་ཤུར་གྱི་དགུན་ཟླ་འདི་ལ་ག་ལེར་བསུ་མ་བགྱི་དགོས་བསམ་པའི་མཚམས་དེར་ང་གཉིད་ལས་སད་བྱུང་། ཉི་འོད་རིམ་པ་བཞིན་དུ་འཕྲོས་ཏེ་ཉི་ཟེར་གྱིས་ངའི་མིག་མདངས་ལ་ཁབ་ཀྱིས་གཙེས་པ་ལྟ་བུའི་ཚོར་བ་ཞིག་བྱིན་སོང་། ཡང་ང་སྒེའུ་ཁུང་མདུན་དུ་སོང་ནས་མདང་དགོང་གི་གངས་ཀྱི་མེ་ཏོག་གིས་གྲུབ་པའི་མེ་ཏོག་མཚོ་ཆེན་ལ་ལྟ་རུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཡི་མེ་ཏོག་གི་མཚོ་དེ་སྐམ་འདུག །མེ་ཏོག་ཐམས་ཅད་རྙིད་འདུག །ངས་སྐྱོ་སྣང་གི་སྡུག་ཡུས་ཐེངས་ཤིག་བོས་ཏེ་འདི་ནི་ཕྱི་དྲན་དང་ལོ་ཟླ་ཡིན་པར་སྣང་སྟེ་འདི་ལ་ལོ་ཟླ་དང་འཕྲེང་སེམས་ཞེས་བཏགས་ཏེ་མགོ་བོ་བཏུམ་ནས་སླར་ཡང་འདང་རྒྱག་ཅིག་ཏུ་ཚུད། །