ཤུ། ད་ཚང་མས་སེམས་སྡུག་མ་བྱེད། སྐྱེ་བ་དང་འཆི་བ་ཞེས་པ་འཇིག་རྟེན་ཆོས་ཉིད་ཡིན་པས་སེམས་སྡུག་བྱས་པས་ཅི་ཕན། སྐྱེ་བ་ཡོད་པས་འཆི་བ་ཡོད་པ་ང་ཚོས་རྟོགས་དགོས། རྟགས་དང་མཚན་མ་གང་ལ་བརྟགས་ཀྱང་དེ་རིང་ངའི་ཚེ་སྲོག་གི་མཐའ་མཇུག་དེར་སླེབས་སོང་བ་འདྲ། ད་ང་རང་ཕ་ཡུལ་དུ་ལོག་རན་སོང་བ་འདྲ། འཇིག་རྟེན་འདི་ང་ཚོའི་གནས་སྐབས་ཀྱི་འཚོ་གནས་བྱེད་ས་ཙམ་ཡིན་པ་ལས་གཏན་གྱི་འཚོ་གནས་དེ་མིན་པ་མངོན་གསལ་རེད།
ང་ལ་མཚོན་ནས་བཤད་ན། ནད་འདི་ང་ལ་ངོ་མ་དྲིན་ཆེན་ཡིན། དྲིན་ལན་འཇལ་ཐབས་མེད་པའི་དྲིན་ཆེན་ཡིན། ནད་འདིས་ང་ལ་ལེ་ལོ་དང་རྣམ་གཡེང་ལ་མ་འཁོར་བར་ཕྱི་མའི་གྲོ་ཆས་སྒྲུབ་པར་སྐུལ་མ་ཡང་ཡང་བཏང་བྱུང་། གལ་ཏེ་ནད་འདིས་ང་ལ་གོ་སྐབས་བཟང་པོ་དེ་འདྲ་བསྐྲུན་མེད་ན། ང་དེ་རིང་ཇི་ལྟར་འཆིའམ། ང་འཆི་བའི་སྤོབས་པ་ཞིག་གང་ན་ཡོད་ཨང་།
ངའི་ཚེ་སྟོད་དེ་ལོ་ན་སོ་གཞོན་དུས་མི་དགེ་བ་འབའ་ཞིག་ལས་བསམ་པ་བཟང་པོ་སྐད་ཅིག་ཙམ་ལ་ཡང་སྐྱེས་མ་མྱོང་། འཆི་ཟེར་བ་ཡིད་ལ་དྲན་མ་མྱོང་། མི་རྟག་པ་ཟེར་བ་བློ་ཡུལ་དུའང་འཁོར་མ་མྱོང་བས། རི་ནས་ལྕགས་རྙི་བཙུགས། མེ་མདའ་འཁུར་ཏེ་གླ་བ་དང་། ཤྭ་བ་སོགས་རི་དྭགས་དང་། བྱ་སོགས་བསད་དེ་རྔོན་བྱས་ཤིང་། གྲོང་ནས་འཇབ་བུའི་རྐུ་དང་། བཙན་པོའི་འཕྲོགས་ཟེར་བ་ལྟར་མཐའ་ན་ཁབ་དང་སྐུད་པ་ཡན་ཆད་རུམ་དུ་བསྡུ་ཅི་ཐུབ་བྱས་ཏེ། ཉམ་ཆུང་གི་རུམ་ནས་འཕྲོག་མྱོང་། བཙན་པོའི་ལག་ནས་བརྐུས་མྱོང་། མདོར་ན་སྲོག་བཅད་ཅིང་། མ་བྱིན་པ་བླངས། མི་ཚངས་པ་སྤྱོད། རྫུན་ལབ་ཅིང་གཡེན་དཀྲུགས་པ་སོགས་ངོ་མ་ད་ལྟ་བློ་ཡུལ་དུ་དྲན་ན་ང་རང་ཉིད་ཀྱང་ཧ་ལས་ཤིང་ཧང་སངས་འགྲོ། རང་ཉིད་རང་གི་ལས་ལ་ཡིད་ཆེས་ཐབས་མེད་པའི་མ་རུང་བའི་ལས་ཁོ་ན་བྱས་ནས་ལོ་ན་སོ་ཚེ་དུས་ཚོད་སོགས་རྫོགས་པ་རེད། ད་ལྟ་བསམ་ན་ངོ་མ་ཉེས་དམིགས་ཚབ་ཆེན་དག་དག སྡིག་པ་འབའ་ཞིག་བསགས་པ་རེད།
ལས་དེ་དག་དྲན་ན་ངོ་མ་ནད་འདིར་ངས་བཀའ་དྲིན་ཞུ་འོས། ནད་བདག་དེར་བཀའ་དྲིན་ཞུ་འོས། ང་ལ་ནད་འདི་བྱུང་དུས་ལོ་ངོ་བཞི་ཡི་ཡར་སྔོན་སྟེ། ཏག་ཏག་ང་རང་ཕོ་ལོ་བཞི་བཅུའི་སྟོད་ཅིག་ལ་ཐོན་ཡོད་པའི་དུས་ཏེ། བསམ་ཤེས་ན་བསམ་པའི་དུས། བློ་རྟ་ཁ་བསྒྱུར་ན་བསྒྱུར་བའི་སྐབས་ལྟ་བུའི་ན་ཚོད་དེ་འདྲ་ཞིག་ལ་ཡིན། དང་ཐོག་ནད་འདི་ང་ལ་ཟིན་དུས་ངས་སྨན་ལ་གདམ་ག་མེད་པར་བསྟེན་ན་ཨེ་དྲག་བསམ། སྨན་པའི་ངག་ལྟར་གཏོ་དཔྱད་སྨན་གསུམ་འཕྲོད་པ་བསྟེན་ཅིང་། མི་འཕྲོད་པ་སྤངས་ཅི་ཐུབ་བྱས། ནད་དང་གདོན་ལས་གྲོལ་བའི་རིམ་གྲོ་ཞུས་ཏེ། མགོ་ལ་མེ་ཤོར་བ་ལྟར་ཐབས་ཡོད་རྒུ་བཏོན་ཏེ་ནད་འདི་ཉིད་དང་བྲལ་ཐབས། ནད་འདི་ལས་སངས་དྲགས་འགྲོ་ཐབས་ཀྱི་ལས་རྐྱང་པར་འབད་པ་བྱས་མོད། འོན་ཀྱང་། ཉིན་གྱི་རྔ་མ་མཚན་མཐུད་ནས་ལུས་ལ་ཟུག་གཟེར་ལངས། སེམས་ལ་སྡུག་བསྔལ་ཡང་ཡང་སྐྱེས་པ་ལས་ནད་གཞི་ལས་དྲག་བསྐྱེད་ཅི་ཡང་མ་བྱུང་། སྐབས་དེ་དུས་ད་གཟོད་ངས་འཆི་བ་མི་རྟག་པ་ཞེས་པའི་འཇིགས་སུ་རུང་བའི་ཐ་སྙད་དེ་དྲན་བྱུང་། ང་རང་འཆི་བའི་ཕྱོགས་སུ་བཅར་གྱིན་པའི་སྡུག་བསྔལ་གྱིས་མནར་གཅོད་བཏང་བྱུང་། ང་རང་སྡིག་པ་ཚབ་ཆེན་བསགས་མཁན་གྱི་སྡིག་རྒན་ཞིག་ཡིན་པས། ང་རང་འཆི་བར་ཧ་ཅང་སྐྲག་བྱུང་། ང་རང་འཆི་བར་ཧ་ཅང་འཇིགས་བྱུང་། ངའི་བློ་ཡུལ་དུ་ངས་བསད་པའི་ཉམ་ཐག་སེམས་ཅན་དེ་དག་རེ་རེ་བཞིན་འཕོས་བྱུང་ལ། སེམས་ཅན་དེ་དག་ངའི་མིག་མདུན་དང་གཡས་གཡོན་ནས་རུབ་ཀྱི་འདུག འཚང་ཁའི་ངང་རུབ་ཀྱི་འདུག ང་ལ་ཅོ་འདྲི་བ་ལྟ་བུའི་ངང་རུབ་ཀྱི་འདུག
ངའི་དྲན་ངོགས་སུ་ངས་རྐུ་བྱས་ཤིང་མགོ་གཡོག་པའི་ལས་དེ་དག་ཤར་བྱུང་། དེ་དག་ལ་རྣམ་སྨིན་ཟེར་བ་ཞིག་ཡོད་པ་གཞི་ནས་དྲན་བྱུང་། སྔར་བྱས་ཀྱི་ལས་དེ་དག་ལ་འབྲས་བུ་ཟེར་བ་ཞིག་ཡོད་པ་ད་གཟོད་ཧ་གོ་བྱུང་། དེ་དག་གི་སྐྱིན་ཚབ་ལུས་ཀྱིས་གསབ་དགོས་པ་དྲན་བྱུང་། ཤ་ཁྲག་གིས་འཇལ་དགོས་པ་དྲན་བྱུང་། ང་ལ་ལུས་ཕུང་འདམ་གང་དང་། ཚེ་སྲོག་རྟ་རྔ་འདྲ་བ། རྣམ་ཤེས་ཕྲ་མོ་ཏིལ་འབྲུ་ཙམ་ཞིག་ལས་མེད་མོད། དེས་སེམས་ཅན་མང་པོར་སྲོག་ལན་འཇལ་དགོས་པའི་གནས་ལུགས་གོ་བྱུང་། གང་ལྟར་ངས་བློ་རྩེ་གཞན་དུ་གཡེང་ཐབས་ཇི་ལྟར་བྱས་ཀྱང་། ངའི་ཚེ་སྟོད་ལ་བསགས་པའི་མི་དགེ་བ་དེ་དག་ངའི་མིག་ལམ་དང་། ངའི་བློ་ཡུལ་དུ་བརྙན་འཕྲིན་བསྟན་པ་ལྟར་ཤར་བྱུང་། དེ་དག་ལས་ང་ལ་ཅི་ཡང་དྲན་རྒྱུ་མི་འདུག ང་ལ་དྲན་རིན་ཡོད་ཅིང་།
ངའི་སེམས་སུ་དྲན་དགོས་པའི་དཀར་པོ་དགེ་བའི་ལས་ཏིལ་འབྲུ་ཙམ་ཡང་འཁོར་རྒྱུ་མི་འདུག ངར་མཚོན་ན་ནད་འདི་ནད་མ་ཡིན། ནད་འདི་ང་རང་རྨོངས་ག ཉིད་ལས་དཀྲོགས་པའི་དྲིལ་བརྡ་ལྟ་བུ་ཡིན། དུང་སྒྲ་ལྟ་བུ་ཡིན། ནད་འདིས་ང་ལ་མཐར་ཐུག་འཆི་བ་ལས་འགྲོ་ས་གཞན་མེད་པ་བསྟན་བྱུང་། དབང་ཆེ་ཆུང་དང་། རྒྱུ་ཡོད་མེད། གཟུགས་ལང་ཚོ། ལོ་རྒན་གཞོན་སོགས་ལ་མ་ལྟོས་པར་འཆི་བ་ཞེས་པའི་ལོག་མལ་དེ་ང་ཚོ་སྲོག་ལྡན་ཡོད་དོ་ཅོག་ལ་ཡོད་ཅིང་། ལོག་མལ་དེར་ཇི་ལྟར་ལོག་པ་དང་། ག་དུས་ལོག་མིན་དེའང་ངེད་ཅག་ལ་རང་དབང་མེད་ཅིང་། འཆི་བདག་གིས་ཞགས་པ་ནམ་ཐེབས་ལ་འགྲོ་ས་དང་གབ་ས་མེད་ཅིང་། རྒྱུ་ལོངས་སྤྱོད་དང་། ཐོབ་གོ་ས། ཐ་ན་གདོས་བཅས་ཤ་ཁྲག་གིས་གྲུབ་པའི་རང་ལུས་འདི་དང་བཅས་པ་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ་ལོག་དགོས་པ་བསྟན་བྱུང་། འཇིག་རྟེན་གཞན་དེའམ། ཚེ་ཕྱི་མའི་ཡུལ་དུ་དཀར་པོ་དགེ་བའི་འབྲས་བུ་བདེ་བ་དང་། ནག་པོ་སྡིག་པའི་འབྲས་བུ་སྡུག་བསྔལ་འབའ་ཞིག་ལས་མེད་པའི་གནས་ལུགས་དེ་ཡང་ཡང་བསྟན་བྱུང་།
རྒྱུ་མཚན་དེ་བས་སྐབས་དེ་དུས་ད་གཟོད་ང་རང་སྔར་བྱས་ཀྱི་ལས་ལ་འགྱོད་སེམས་དྲགས་པོ་སྐྱེས་ཤིང་། དགེ་བའི་ལས་ཁོ་ནར་འབད་པ་ཡིན། སྐབས་དེ་དུས་ཤྭ་བ་གསོད་ཁར་མདའ་སྦྲན་ཟེར་བ་ལྟར། ཕེའེ། ད་འདི་འདྲ་རེད། སྡིག་རྒན་ངའི་ཁ་ནང་དུ་སྡིག་ལས་ཀྱི་དཔེ་ཁོ་ན་ལས་ཡོང་གི་མི་འདུག
འཆི་ཁ་མ་དེར་བདག་གིས་བླ་མ་ལ་རྩེ་གཅིག་པའི་ངང་བསྟེན་པ་ཡིན། ངས་འཆི་བ་ལས་ཐར་ཐབས་མི་འདུག་བསམ་ཞིང་བླ་མ་ཁོང་ཉིད་དབང་སྐུར་དུ་གདན་དྲངས་ཞུས་པ་ཡིན། ཁོང་གིས་དབང་བསྐུར་ཞིང་བར་དོའི་གནས་དང་། བར་དོའི་འཆར་རིམ་སོགས་རེ་རེ་བྱས་ནས་ངོ་སྤྲོད་ཅིང་། འགྲེལ་ཡང་ཡང་བརྒྱབ་བྱུང་། མཇུག་མཐར་ཁོང་གིས་ང་ལ་འཆི་བར་འཇིགས་སྐྲག་བྱ་མི་ཉན་ཞིང་། འཆི་བ་ནི་བདེ་བ་ཞིག་ཡིན་པ་དང་། ནད་ཀྱིས་བཏབ་པ་ནི་རང་ཉིད་ལ་གསལ་འདེབས་གཅིག་གམ། གོ་སྐབས་ཤིག་བསྐྲུན་པ་ཡིན་པས་དེར་འཁོན་སེམས་དང་། ཞེ་སྡང་སྐྱེ་མི་རུང་བར་ཡང་ནས་ཡང་དུ་གསུངས་བྱུང་། སྐབས་དེར་ང་ལ་མཚོན་ན་འཆི་བ་ནི་སྡུག་བསྔལ་ཞིག་ཡིན་པ་མ་གཏོགས། བདེ་བ་ཞིག་ག་ལ་ཡིན། ནད་འདི་ང་ལ་གནོད་སྐྱེལ་མཁན་ཞིག་ཡིན་པ་མ་གཏོགས་གོ་སྐབས་ཤིག་ཅི་ལ་ཡིན་ཨང་།
ངོ་མ་བླ་མས་གསུངས་པ་ལྟར། སྐབས་དེར་ནད་འདིས་ང་རང་ལ་གསལ་འདེབས་ཙམ་བྱས་པ་ལས་ང་རང་ཕྱི་མའི་ཡུལ་དུ་ཁྲིད་མ་སོང་། དེ་ནི་ང་ལ་འཆི་བ་ལས་གཞན་པའི་འགྲོ་ས་མེད་པའི་བརྡ་ཐོ་ཙམ་བཏང་བ་རེད། གོ་སྐབས་ཕྲན་ཙམ་གནང་ནས་ཡར་དྲག་བསྐྱེད་ཅུང་ཙམ་བྱུང་སོང་། ངས་བློ་ཐག་རྦད་བཅད་སྒོས་སྔར་ལས་ངན་བསགས་པ་འདག་ཕྱིར་དང་། ཕྱི་མར་འགྲོ་བའི་ལམ་གྲོ་གཅིག་མ་བསག་ན་མི་འགྲིག་པའི་ངེས་ཤེས་རྙེད། ཡིན་ནའང་། དྲག་བསྐྱེད་ཅུང་ཙམ་རེ་བྱུང་བ་མ་གཏོགས། ནད་ཀྱིས་ང་རང་རྩ་བ་ནས་བཏང་མ་བྱུང་། དེར་བསམ་ན་ངས་ནད་འདིར་ངོ་མ་བཀའ་དྲིན་ཞུ་དགོས་ཡོད། གལ་ཏེ་ང་རང་ལ་ངེས་འབྱུང་སྤུ་ཙམ་ཞིག་ལས་སྐྱེས་མེད་པའི་སྐབས་ཐོག་དེར་ང་རང་བཏང་བྱུང་ན། ང་རང་གིས་ཡང་བསྐྱར་འཆི་བ་དྲན་མི་སྲིད། མི་རྟག་པ་སྒོམ་མི་ཐུབ། དཀར་པོ་དགེ་བར་གཏན་ནས་ཕྱོགས་མི་སྲིད་པ་རེད།
ད་ལྟ་ང་རང་འཆི་དགོས་བསམ་ན། དགའ་ཚོར་ལྟ་བུ་ཞིག་འདུག གདེང་ཚོད་ཀྱང་གང་འཚམས་ཤིག་ཐོབ་བྱུང་། ནད་འདི་ང་ལ་ཕོག་པ་ནི་ང་ལ་གོ་སྐབས་ཕོག་པ་ཉག་ཅིག་རེད་འདུག
ངས་ནད་འདིར་བཀའ་དྲིན་ཞུ་འོས། ནད་བདག་དེར་བཀའ་དྲིན་ཞུ་འོས། ནད་དང་ནད་བདག་དེར་ངའི་སྲོག་གི་དབང་པོ་ནམ་བླངས་ལ་རང་དབང་ཡོད་ཀྱང་། ད་ལྟའི་བར་དུ་ང་རང་སྒུག་པ་རེད། ངོ་མ་ངས་ནད་འདིར་བཀའ་དྲིན་ཞུ་དགོས། བཀའ་དྲིན་ཆེ།
ད་ནི་ང་ལའང་འཇིག་རྟེན་དཀར་ངོགས་འདི་ཉིད་བློས་མི་ཐོངས་བའི་བསམ་པ་ཡང་མི་འདུག་ལ། ཡོད་ཀྱང་ཕན་པ་མེད་པའི་གནས་ལུགས་རྟོགས་བྱུང་། ང་ལ་ཁ་ཆེམས་ཟེར་བ་ལོགས་སུ་ཅི་ཡང་འཇོག་རྒྱུ་མེད་དེ། ངས་ཡིད་སེམས་ཚིམས་པའི་མི་ཚེ་ཞིག་སྐྱེལ་མ་ཐུབ་རུང་། འཆི་ཁ་འདིར་བློ་འགྱོད་མེད་པ་ཞིག་བྱུང་སོང་བས། ངས་ཁ་ཆེམས་ཟེར་བ་ཞིག་བཞག་དགོས་དོན་ཅི་ཡོད། དེ་བས་ཁྱོད་ཚོས་ངའི་ཆེད་དུ་མཆི་མ་མ་གཏོང་། སེམས་སྡུག་མ་བྱེད།
ང་ཤི་རྗེས་ངའི་ཕུང་པོ་འདི་བྱ་གཏོར་གྱིས་ཤིག དེ་ལྟར་བྱས་ན་མ་དང་མཁའ་འགྲོའི་ཚོགས་རྫས་དང་། ཤ་གཟན་བྱ་རྒྱལ་རྒོད་པོའི་ཁ་ཟས་སུ་འགྱུར་སོང་བ་ཡིན་པས། ངའི་རོ་ཡང་དོན་ལྡན་དུ་སོང་བ་རེད།
ད་ཁྱོད་ཅག་ཧངས་ནས་མ་འདུག་པར་ངའི་མདུན་ངོས་དེར་བདེ་ཆེན་ཞིང་ཐང་དེ་ཤོམས་ཤིག ཁྱེད་ཅག་ཡིག་རྩ་བཟང་བ་ཞིག་གིས་བར་དོའི་ངོ་སྤྲོད་དེ་སྒྲ་དག་སྒྲོས་གཙང་གིས་ངའི་རྣ་ལམ་དུ་ཚར་གཅིག་འདོན་རོགས།