ང་རང་སློབ་གྲྭར་མ་སོང་བའི་ཡར་སྔོན་དུ། བསྟུན་མར་ལོ་ངོ་ལྔ་དྲུག་གི་རིང་ངེད་ཚང་གི་ལུག་རྫི་བྱས་ནས་བསྡད་པ་ཡིན།
ངེད་ཅག་ལུག་རྫི་ཚོའི་ཕྲག་ཏུ་བབས་པའི་འགན་འཁྲི་ནི་ལུག་ཁྱུ་ལུག་ས་བཟང་པོར་གཟན་པ་དང་། ཤ་ཤེད་རྒྱས་སུ་བཅུག་པ། ལུག་ཁྱུ་གཅན་གཟན་གྱི་ཁ་ཟས་སུ་མི་ཤོར་བ་བྱ་རྒྱུ་དེ་ཡིན།
ཞོགས་པ། ནམ་སྐྱ་རེངས་སྔོ་རེངས་ཀྱིས་ལེགས་པར་བསུས་པའི་རྟ་བདུན་བདག་པོའི་ཞལ་གྱི་གཟི་འོད། རྩེ་མོ་དགུང་དུ་ཟུག་པའི་རི་བོ་དམར་ཁྲ་རིང་གི་ཡང་རྩེར་ལྷམ་མེར་འཛུམ་པའི་དུས། ངས་འུར་ཆ་ལག་ཏུ་བཟུང་ནས་ལུག་ཁྱུ་དེ་རྩྭ་ཆུ་འཛོམས་སའི་རྫ་སྐེད་དུ་གཟན་པ་དང་། དགོང་མོར། ཉིན་གོང་བོར་འཇིག་རྟེན་གསལ་བའི་ལས་ཀས་དུབ་པའི་རྟ་ལྗང་ཅན། རེ་ཞིག་ནུབ་རིའི་ཕྲག་པར་སྔས་སུ་བྱེད་དུས། ངས་ལུག་ཁྱུ་བདས་ཏེ་ལྷས་སུ་བསྡུས་པ་ཡིན། དེ་ནི་ངའི་ཉིན་གཅིག་གི་ལས་ཀ་ཡིན་ལ། ཚར་རྒྱུ་དང་འགྱུར་རྒྱུ་མེད་པའི་དབྱར་དགུན་སྟོན་དཔྱིད་ཀྱི་ལས་ཀ་ཞིག་ཡིན།
ངེད་ཚང་གི་ལུག་ཁྱུ་མང་རྒྱུ་མེད་ལ་ཉུང་རྒྱུ་ཡང་མེད་དེ། ད་ལོའི་ལུ་གུ་དང་ཡར་སྦྱར་ནས་བརྩིས་ན་ཁྱོན་བསྡོམས་ལུག་ཆེ་ཆུང་བརྒྱ་དང་ཉེར་དགུ་ཡོད། དེ་དག་ལས་སུག་པ་ཡན་ལོན་པའི་ཤ་བཟན་སོ་ལྔ་དང་། ཚེར་མོ་ཡན་ལོན་པའི་མ་མོ་སུམ་ཅུ་སོ་གསུམ། སྙེད་པ་བཅོ་བདུན། ལག་ག་ཉེར་གཅིག ད་ལོ་གསར་དུ་སྐྱེས་པའི་ལུ་གུ་ཉེར་གསུམ་བཅས་སོ།། དེའི་ཁར་ཚེ་ཚེ་ར་བཅུ་ཁ་ཙམ་ཡོད་པ་དེ་བསྣན་ན། ར་ལུག་གི་བསྡོམས་གྲངས་བརྒྱ་དང་སུམ་ཅུ་སོ་ཁ་ཡོད།
དབྱར་ཟླ་གསུམ་གྱི་རིང་དུ་ཡུལ་ལ་རྩྭ་ཆུ་འཛོམས་པ་དང་ལུག་ཁྱུར་ཤ་ཤེད་རྒྱས་པས། ལུག་རྫི་ལས་སྐྱིད་པ་མེད་ཀྱང་སྐྱོ་བ་སངས་ཐུབ་པ་དང་། དགུན་ཟླ་གསུམ་གྲང་ལྷགས་ཁྲོད་དུ་ལུག་ཁྱུ་ལ་ནད་དང་མུ་གེ་འགོ་སླ་ཞིང་། ཁྱི་སྤྱང་གིས་ངན་གསོད་བྱེད་པའང་གྲངས་མང་འབྱུང་ཕྱིར། ལུག་རྫི་ལ་སྐྱིད་མེད་ཐོག་སེམས་ཁྲལ་གྱི་རྒྱུན་མི་ཆད།
ངེད་ཚང་གི་སྒོ་ཐད་ཀྱི་རྫ་རི་མཐོན་པོ་གནམ་ལ་ཟུག་པ་ལྟ་བུའི་རི་བོ་དེའི་མིང་ལ་རྨ་ཁྲ་རིང་ཟེར་ཞིང་། དེ་ནི་ངེད་སྡེ་བའི་ཕ་མེས་ཡང་མེས་ཀྱི་གནས་རི་འགང་ཆེན་དུ་བཀུར་བཞིན་ཡོད། རི་བོ་དེ་ནི་སྤྱིར་བཏང་གི་རི་ཞིག་མ་ཡིན་པར་བཙན་རི་གདུག་རྩུབ་ཅན་ཞིག་འདོད་ཕྱིར། རྒྱུན་པར་སྡེ་བའི་མང་ཚོགས་ཀུན་གྱིས་བཙན་རི་དེ་ལ་གནོད་དོགས་དགྲ་དོགས་དང་ཁ་ཡ་ངོ་བསྲུང་ཅི་ཐུབ་བྱེད་ཀྱིན་ཡོད། ལྷག་པར་ལོ་རེའི་སྡེ་བའི་སྤྱི་རིམ་སྐབས་བླ་མ་རི་བོ་དེར་གདན་དྲངས་ཏེ་གསས་མཁར་བསྐྱར་བཞེངས་དང་ལྷ་གསོལ་ཀླུ་དགུག་གི་ཆོ་ག་རབ་དང་རིམ་པ་སྤེལ། རི་བོ་དེའི་གྲོགས་ཁ་བཟང་པོའི་མཐུ་ལས། རྫ་འདབས་སུ་གཞིས་ཆགས་པའི་འབྲོག་སྡེ་ཁག་གི་ནོར་ལུག་གི་འཕེལ་ཁ་དར་ཞིང་། གེགས་དང་བར་ཆད་མེད་པར་བདེ་སྐྱིད་ཀྱི་ལམ་ཁར་བསྐྱོད་བཞིན་ཡོད།
རྫ་གསེབ་དེ་ནི་གནའ་ནས་ད་ལྟའི་བར་ལུག་ས་བཟང་པོ་ཞིག་གྲགས་ཤིང་། ཨ་ཕས་རྟག་ཏུ་ལུག་ས་བཟང་པོ་གྲགས་པའི་རྫ་གསེབ་དེར་ངེད་ཚང་གི་ལུག་ཁྱུ་གཟན་དུ་བསྐུལ། ངས་ཀྱང་གཡང་ལུག་ལ་ཤ་ཤེད་རྒྱས་ཕྱིར་ཉིན་ལྟར་ལུག་ས་བཟང་བའི་རྫ་གསེབ་དེ་རུ་ལུག་ཁྱུ་དེད་དེ་རྩྭ་ཆུར་གཟན་པ་ཡིན། དུད་འགྲོ་ལའང་གོམས་པར་གྱུར་ཏེ་ཞོགས་པར་ལུག་སྒོ་ཕྱེས་མ་ཐག ལུག་ཁྱུ་དེ་ར་མ་འགས་སྣེ་ཁྲིད་དེ་ཐད་ཀར་སྒོ་ཐད་ཀྱི་རྩེ་མོ་དགུང་དུ་ཟུག་པའི་བཙན་རིའི་རྫ་གསེབ་ཏུ་བཤར། སྤྱང་ལྟོག་གིས་ལུག་ཁྱུ་དང་རྫི་བོ་གཉིས་ཁ་འབྲལ་བའི་གོ་སྐབས་ཁོ་ནར་བསྒུག་ནས་བསྡད་ཡོད་པས། ང་ནི་རྫི་འགྲོ་ཟོག་འགྲོ་བྱས་ཏེ། ཞོགས་པའི་ཉི་འོད་འཐུང་བཞིན་རྫ་གསེབ་ན་བག་ཡངས་འཁོད་པའི་ལུག་ཁྱུ་དང་གཏན་ནས་བྲལ་མ་མྱོང་།
ང་རྒྱུན་པར་ལུག་རྫི་འགྲོ་རྒྱུར་དེ་ཙམ་སུན་པོ་མེད་ཐོག མར་ཀའི་སྡེ་བའི་བུ་མོ་ཚེ་རིང་མཚོ་ནི་ངའི་རྫི་རོགས་ཡིན་པས་ང་ལ་ལྷག་ཏུ་ལུག་རྫིའི་སྐྱིད་ཅིག་མེད་པའི་སྣང་བ་སྟེར་མྱོང་། ཚེ་རིང་མཚོ་ད་ལོ་མོ་ལོ་བཅོ་བརྒྱད་ཡིན། ང་ལས་ལོ་བཞི་ཆེ། ཁོ་མོ་ལ་མི་གཤིས་ཤིག་ཡོད། གཞན་ལ་འགྲིག་མཐུན་ཨ་མཐུན་ལ་དགའ་བའི་མི་གཤིས་ཤིག་ཡོད། མི་གཤིས་དེས་ངའི་ལུག་རྫིའི་འཚོ་བ་དྲིན་གྱིས་བསྐྱངས།
ཚེ་རིང་མཚོ་ནི་ཡག་མོ་སྒོ་རྩེ་གྲ་ཞིག་མིན་ཡང་། མིག་ཟུང་ཁྲ་ཞིང་ཆེ་ལ་དེའི་ཐོག་ཏུ་བཀོད་པའི་ཆ་ག་གཉིས་བརྩེགས་དེ་དམིགས་བསལ་མཛེས། ནམ་རྒྱུན་སྐད་ཆ་བཤད་ཚེ་མིག་ཟུང་འཛུམ་ཆིམ་ཆིམ་འཕྲོས་པས། ཅིས་ཀྱང་ཡིད་དུ་འོང་བའི་རྣམ་པས་ཁེངས་ཡོད། ཡིན་ནའང་། ཆུང་དུས་གཉེར་སྐྱོང་མ་ལེགས་པའི་དབང་གིས་ཁོ་མོའི་མ་མཆུའི་པདྨའི་ཐོག་ཏུ་རྨ་ཤུལ་མི་ཆུང་བ་ཞིག་ཤུར་རེར་ལུས་ཡོད། མོས་རྟག་པར་རྨ་ཤུལ་དེ་གཞན་གྱིས་མཐོང་དོགས་བྱས་ཏེ་སྐེ་རས་དམར་པོ་ཞིག་མགོ་ལ་དཀྲིས་ཏེ་མར་ལ་ཕུད་པའི་སྲོལ་མེད། ཁོ་མོ་ང་ལས་ཆེ་བས་རྟག་པར་ངའི་ཨ་ཅེ་ལྟར་ང་ལ་གཅེས་སྐྱོང་བྱེད་པ་དང་། རྒྱུན་པར་ངའི་ལུག་ཁྱུ་འཚོ་སྟངས་མི་འགྲིག་པར་ཁ་ཏ་དང་གནས་ལུགས་མང་པོ་ཞིག་གིས་ལམ་སྟོན་བྱེད་ཀྱིན་ཡོད།
མར་ཀའི་སྡེ་བ་དང་ངེད་ཚང་བར་ལམ་ཐག་དེ་ཙམ་མི་རིང་ཞིང་། ངེད་ཚང་གི་སྒོ་ཁ་ནས་མར་བལྟས་ཚེ་ཏག་ཏག་མར་ནང་ཁང་ཀླད་ཀྱི་དུ་བ་འཕྱུར་བ་མཐོང་ཐུབ་ཅིང་། དཔྱིད་ཀར་ངེད་ཚང་ཕྱོགས་སུ་ཁ་བ་བབས་ནས་ཁ་བས་ས་གཞི་ཡོངས་སུ་དཀར་བོང་བོང་བཟོས་ཏེ་དགུན་ཁའི་རྣམ་པ་ཡལ་མེད་ཀྱང་། མར་ཀའི་སྡེ་བ་ནི་དེ་ལས་ལྡོག་སྟེ་ཁ་བ་ཞི་སྟེ་དཔྱིད་ཀའི་རྣམ་པ་མངོན། མར་ཀའི་སྡེ་བར་དུད་ཚང་གསུམ་ཡོད་ཅིང་། གསལ་སྒྲོན་ཚང་ནི་དུད་གསུམ་གྱི་ཡར་སྣེ་རུ་ཡོད་པས་རྒྱུན་པར་ངེད་ཚང་གི་ནོར་ལུག་གི་བཟའ་རྩྭའི་གཟན་ས་གཅིག་ཏུ་ཁེལ་ཡོད། ལྷག་ཏུ་གསལ་སྒྲོན་ཚང་གིས་ཀྱང་ཕར་ཀའི་རྫ་གསེབ་དེར་ལུག་ས་བཟང་པོ་ཡོད་པ་ཤེས་ཏེ། རྟག་པར་ཚེ་རིང་མཚོ་ལ་ལུག་ཁྱུ་དེད་དེ་དེར་གཟན་དུ་བཅུག དེ་བས་ཚེ་རིང་མཚོ་ངེད་གཉིས་ནི་ཕར་ཀའི་རྫ་གསེབ་ཀྱི་ལུག་ཁྱུའི་བདག་པོ་ཡིན་ལ། ཉིན་ལྟར་ལུག་ཁྱུ་འདྲེས་ནས་གཟན་ས་གཅིག་ལ་འཁོད་པས། ཕར་བལྟས་ཚོད་ལ་དེ་ནི་དུད་ཚང་གཅིག་གི་ལུག་ཁྱུ་ལས་གཉིས་ཡོད་པར་མི་ཤེས།
ནམ་རྒྱུན་ཚེ་རིང་མཚོ་ནི་ང་ལས་སྔ་བར་ལུག་སར་ལུག་ཁྱུ་དེད་དེ་ཐོན་ཞིང་། ང་ལུག་སར་ཐོན་ཚེ་ཁོ་མོས་མགྱོགས་པོར་ངའི་ལུག་ཁྱུའི་སྣེ་བསུས་ཏེ། ཁོ་མོའི་ལུག་ཁྱུའི་ཕྱོགས་ལ་བདས་པས་ལུག་ཁྱུ་ནི་སྤྲིན་དཀར་གྱི་འདབ་མ་ལྟར་ཕྱོགས་གཅིག་ཏུ་འདྲེས། ངེད་གཉིས་ཀྱང་ཉིན་གང་བོར་གོམ་གང་གི་མང་ཉུང་མེད་པར་ལུག་ཁྱུའི་མཐའ་རུ་དགོད་སྒྲ་དང་འཛུམ་མདངས་ཀྱིས་ཁེངས།
དེ་རིང་། ང་ལུག་སར་ཐོན་ནས་དུས་ཚོད་ཡུན་རིང་འགོར་རུང་། ཚེ་རིང་མཚོའི་ལུག་ཁྱུ་ད་དུང་མིག་ལམ་དུ་མི་མངོན། ངས་མིག་ཟུང་གི་མདའ་མོ་མར་ནང་གི་དུད་ཁྱིམ་གསུམ་གྱིས་གྲུབ་པའི་མཚེར་ས་རུ་ནན་གྱིས་ཅེར། དུད་ཁྱིམ་གསུམ་པོའི་ཁང་ཀླད་ནས་དལ་གྱིས་འཕྱུར་བའི་དུ་བ་ནི་གཡུ་འབྲུག་སྔོན་མོ་ལྟར་གྱེན་དུ་ལངས་ཞིང་། ཁང་ཁྱིམ་གྱི་མཐའ་སྐོར་ན་རྩྭ་ཆུར་ཅི་དགའ་རོལ་བཞིན་པའི་ནོར་ནག་གིས་ཁྱབ་འདུག སྒོ་འགྲམ་ན་འདོགས་པའི་སྒོ་ཁྱིས་ངའི་ལུག་ཁྱུའི་ཕྱོགས་སུ་གཏད་དེ་ངུ་ཟུག་རེ་གཉིས་བྱེད། ཁྱི་སྐད་དེ་རིམ་བཞིན་བྲག་ཅར་འགྱུར་ཏེ་རི་ལུང་གི་ལྷིང་འཇགས་དཀྲོགས། འདི་དག་ནི་ཆེས་རྒྱུན་ལྡན་གྱི་འཚོ་བའི་བརྙན་རིས་ལགས་པས་ང་ལ་ཡ་མཚན་གང་ཅི་མ་སྐྱེས།
ཡིན་ནའང་། ཚེ་རིང་མཚོའི་ལུག་ཁྱུ་ད་དུང་ཁུ་སིམ་མེར་ལུག་ལྷས་སུ་ཉལ་བར་མཐོང་ཞིང་། དོན་དག་འདྲ་མེད་ན་འདི་ལྟར་ལུག་ཁྱུ་ལྷས་སུ་འཁོར་དོན་མེད། ངའི་སེམས་པ་ཅུང་འཚུབ་ཏེ་མིག་ཟུང་གིས་ལུག་ལྷས་སུ་ཉར་བའི་ལུག་ཁྱུ་ལ་སླར་ཡང་ཕུར་ཚུགས་སུ་བལྟས། ང་ལ་འདི་འདྲའི་སེམས་པ་འཚུབ་དོན་ནི་ལུག་ཁྱུ་ལྷས་སུ་ཉར་བས་མེད་དེ། ལུག་ཁྱུའི་བདག་པོ་ཚེ་རིང་མཚོར་དོན་དག་ཅིག་ཞིག་བྱུང་བར་སེམས་ཁྲལ་བྱུང་། ཚེ་རིང་མཚོ་ངེད་གཉིས་མཉམ་དུ་རྫི་རོགས་བྱས་ནས་ད་ལྟའི་བར་བགྲང་བྱ་བཞི་ལ་ཉེ་ཞིང་། དེའི་རིང་ཁོ་མོ་དེ་རིང་ལྟར་ཉི་མ་གནམ་དཀྱིལ་དུ་ཐོན་ལ་ཉེ་ཡང་ལུག་ཁྱུ་ལྷས་སུ་འཁོར་དུ་བཅུག་པའི་དོན་དག་གཏན་ནས་བྱུང་མ་མྱོང་བ་ཞིག་མིན།
དེ་ནི་ན་ནིང་གི་དབྱར་གཞུང་ཞིག་རེད། ཚེ་རིང་མཚོའི་ལུག་ཁྱུ་དེ་རིང་ལྟར་ལྷས་སུ་འཁོར་ནས་ཕྱིར་མ་ཕུད། དབྱར་གྱི་ཉི་གཞོན་ཤར་ཕྱོགས་ནས་རིམ་བཞིན་མགོ་དཀྱིལ་དུ་ཐོན་ཚེ་ཁོ་མོས་ད་གཟོད་ལུག་ཁྱུ་བདས་ནས་རྫ་སྐེད་དུ་ཐོན། དེ་དུས་ཚེ་རིང་མཚོའི་སྐྲ་ལོ་གཟེངས་ཤིང་གདོང་གི་མིག་གཉིས་སྦལ་མིག་ལྟར་སྐྲངས་འབུར་དོད་འདུག ངས་དོན་དག་ཅི་ཞིག་བྱུང་ཚུལ་དྲིས་ཚེ།“ནུབ་མོར་ཕ་ཡར་གྱིས་ཁོ་མོའི་ཨ་མ་གསལ་སྒྲོན་ལ་ཐུབ་ཚོད་དང་རྒྱག་རྡུང་བྱས། ངས་སྐབས་དེའི་ཨ་མའི་རྣམ་པ་དེ་མཐོང་ཚེ་ཡིད་ཀྱིས་བཟོད་མ་ནུས་པར་ནུབ་གང་བོའི་སྨག་རུམ་དེ་ངུ་ངག་གིས་བསྐྱལ་བ་ཡིན། ཞོགས་པར་ལུས་སེམས་གཉིས་ཀར་ངལ་དུབ་བྱུང་སྟེ་གཉིད་དུ་ཤོར་སོང་།”ཞེས་མིག་རྐོང་མཆི་མས་གང་བཞིན་བཤད། ངས་བུད་མེད་ཅིག་ལ་དེ་ལྟར་ཐུབ་ཚོད་བྱེད་དོན་དང་། ཁོ་མོའི་ཨ་མ་གསལ་སྒྲོན་ཉེན་ཁ་ཆེ་ཆུང་སོགས་འདྲི་འདོད་ཀྱི་རླུང་ཁ་མཆུ་སྒོ་རུ་ཐོན་ཡང་། ཚེ་རིང་མཚོའི་ཡིད་སྐྱོ་བའི་རྣམ་འགྱུར་དང་ཚུགས་ཀ་དེ་མཐོང་ཚེ་མུ་མཐུད་འདྲི་སྤོབས་མ་བྱུང་།
“དེ་རིང་ཁྱོད་རང་འདི་ལྟར་འཕྱི་དོན་ཅི་ཡིན། ཁྱིམ་ལ་གནས་ཚུལ་འདྲ་བྱུང་བ་མིན་ནམ།”ངས་སེམས་ཁྲལ་ལངས་པའི་ཚུལ་གྱིས་དེ་ལྟར་དྲིས། ཚེ་རིང་མཚོས་ཅི་མི་སྙམ་པར་རྒྱུན་ལྡན་གྱི་རྣམ་པ་དེ་ང་ལ་སྟོན་བཞིན།“ཕ་ཡར་འདྲེ་འདྲ་དེས་མདང་ནུབ་ཡང་གཉིད་དུ་མ་བཅུག”ཅེས་དབུགས་རིང་ཞིག་འཐེན་བཞིན་དེ་ལྟར་ལབ་སོང་། དེ་དུས་ཚེ་རིང་མཚོའི་ངོ་མདོག་སྐྱ་ཐིང་ངེར་གྱུར་ཞིང་ཁྲ་ཆུང་མིག་ཟུང་ལ་མཆི་མས་གང་འདུག ངས“དོན་ཅི་ཞིག་བྱུང་ངམ། ཁྱོད་ལ་བརྙས་བཅོས་བཟོས་པ་མ་རེད་དམ”ཞེས་སེམས་ཀྱི་དྲན་ཚུལ་དག་ཅི་མགྱོགས་ཀྱིས་དྲིས།“ང་ལ་མ་རེད། ཨ་མ་གསལ་སྒྲོན་ལ་རེད། ཁོང་གཉིས་ནུབ་གང་བོར་ཁ་འཐབ་དང་ལག་འཐབ་བྱས་ནས་གཉིད་དུ་མ་བཅུག ཞོགས་པར་གོ་མེད་ཚོར་མེད་དུ་གཉིད་དུ་ཤོར་སོང”ཞེས་སྐྱོ་སྣང་གི་ངོ་གདོང་ང་ལ་གཏད་དེ་སྐད་ཆའི་མདུད་པ་བཀྲོལ།
ཚེ་རིང་མཚོའི་ཨ་མ་གསལ་སྒྲོན་ནི་བུད་མེད་ལས་ངན་ཞིག་རེད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད་དེ། དང་ཐོག་ཚེ་རིང་མཚོའི་ཨ་ཕ་དང་མཉམ་དུ་བཟའ་བསྒྲིགས་ཏེ་བདེ་སྐྱིད་ཀྱི་འཚོ་བའི་གཏམ་རྒྱུད་ལ་དབུ་ཁྱུད་ཀྱི་རི་མོ་བྲིས་ཤིང་། ཚེ་རིང་མཚོ་ནི་ཁྱིམ་ཕྱི་ནང་གི་ཡ་ཐོད་ཀྱི་མིག་དང་ལྕེ་ཐོག་གི་བདུད་རྩི་ལྟར་ཕ་མ་གཉིས་ཀྱི་གཅེས་ཕྲུག་སྙིང་གི་སྲོག་ཏུ་གྱུར་ཡང་། རྐྱེན་ངན་བར་ཆད་ངེས་མེད་རླུང་བུ་དང་འདྲ་བས། ཚེ་རིང་མཚོ་ལོ་ན་གསུམ་གཉིས་དྲུག་གི་ཐོག མོའི་ཨ་ཕ་དབུས་ལམ་གོང་མ་བརྒྱུད་དེ་སྟོད་ཉི་མ་ལྷ་སར་ཚོང་ལ་སོང་། དེ་དུས་ཉི་མ་ལྷ་སར་ཚོང་དོན་དུ་འགྲོ་ཐུབ་མཁན་ནི་ཚེ་རིང་མཚོའི་ཨ་ཕ་ལྟ་བུ་གསར་རྒོད་རེ་གཉིས་མ་གཏོགས་མེད་ཕྱིར། དོན་དེ་ངེད་ཀྱི་སྡེ་བའི་མི་ཀུན་གྱིས་ཤེས། སྟབས་མ་ལེགས་པ་ཞིག་ནི་ཚེ་རིང་མཚོའི་ཨ་ཕ་ལྷ་སར་སོང་རྗེས་རྒྱ་མཚོ་ཆེན་མོའི་ནང་དུ་རྡོ་གཡུགས་པ་ལྟར་ཁོའི་སོང་ས་བསྡད་ཤུལ་གྱི་ཆ་འཕྲིན་ཕྲན་ཙམ་ཡང་གོ་ཐོས་དབེན་ཞིང་། དེ་ནས་བཟུང་ཕྱིར་རང་ཁྱིམ་དུ་གཏན་ནས་ལོག་མ་ཐུབ། གསལ་སྒྲོན་གྱིས་གསོན་པོ་ནད་མེད་སྐྱོན་མེད་ཅིག་དེ་ལྟར་མཚན་མོ་སྨག་རུམ་ཁྲོད་དུ་གློག་འཁྱུག་པ་ལྟར་གར་སོང་ཆ་མེད་དུ་གྱུར་སོང་བར་སེམས་ཀྱིས་བཟོད་ཐབས་བྲལ་ཞིང་། ཉིན་གྱི་ཉི་མ་དང་མཚན་གྱི་ཟླ་བ་བྱས་ནས་ལོ་ཟླའི་ཕྲེང་ཞགས་རེ་རེ་བཞིན་བསྒུགས་ཀྱང་། རྡོ་ཐོག་གི་ས་བོན་དང་ནམ་མཁའི་མེ་ཏོག་ལྟར་འབྲས་བུ་གཏན་ནས་མ་སྨིན།
ཕྱིས་སུ་སྡེ་བའི་མི་འགའ་སྟོད་ཉི་མ་ལྷ་སར་ཆོས་མཇལ་སོང་སྟེ་ཕྱིར་ཡུལ་ལ་ལོག་ཚེ། ཁོང་ཚོའི་གོ་ཐོས་ལ་ཚེ་རིང་མཚོའི་ཨ་ཕ་སྐབས་དེར་ནག་ཆུ་ནས་ཕོ་སར་འགའ་དང་མཉམ་དུ་ཁ་རྩོད་བྱུང་སྟེ། མཐའ་མར་ཚེ་སྲོག་ཤོར་བའི་གནས་ཚུལ་དེ་གསལ་སྒྲོན་གྱི་རྣ་བའི་ནད་དུ་གྱུར་ཡང་། ཁོ་མོས་ད་དུང་ཆེས་མཐའ་མའི་ཡིད་ཆེས་ཏིལ་འབྲུ་ཙམ་ཞིག་རང་གི་ཁྱོ་བ་ལ་བཅངས་ཏེ། ཞོགས་པའི་སྨོན་ལམ་དང་དགུང་ཀའི་གསོལ་འདེབས་ཁྲོད་ཁོ་རང་ཕྱིར་རང་ཡུལ་ལ་ལོག་པའི་རེ་ཆེན་གྱི་སེམས་ཤུགས་གཏན་ནས་ལྷོད་མ་མྱོང་།
ལོ་འགའི་སྔོན་ཨ་ཕས་ཨ་མྱེས་ཁྲིད་དེ་དབུས་ཀྱི་ཇོ་བོ་ཡིད་བཞིན་ནོར་བུ་མཇལ་སྐོར་དུ་སོང་། ཕྱིར་ཡུལ་དུ་ལོག་དུས་ཨ་ཕས་ཚེ་རིང་མཚོའི་ཨ་ཕར་འཕྲད་པའི་རྐྱེན་ངན་གྱི་གོ་ཐོས་དག་གཅིག་ཆད་གཉིས་མ་ལུས་པར་གསལ་སྒྲོན་ལ་ཞིབ་པར་བཤད་དུས། གསལ་སྒྲོན་གྱིས་དེ་ནས་བཟུང་ཁྱོ་ག་ཕྱིར་ལོག་པར་བཅངས་པའི་རེ་བ་ནི་རི་བོང་གི་རྭ་ལྟར་ཡོད་མི་སྲིད་པའི་ངེས་ཤེས་རྙེད་དེ། ཡུན་རིང་སྡུག་བསྔལ་མཚོན་པའི་སྐྲ་ལོ་དེ་གཞི་ནས་ཆུ་ལ་འཁྲུད་དེ་འཚོ་བ་གསར་བའི་དབུ་ཁྱུད་ཀྱི་རི་མོ་བྲིས།
འོན་ཀྱང་། གསལ་སྒྲོན་ནི་བུད་མེད་ལས་ངན་ནང་གི་ལས་ངན་ཞིག་ཡིན་པ་སུ་ཞིག་གིས་རྟོགས། ཁོ་མོའི་མ་འོངས་པའི་འཚོ་བར་གས་ཆགས་ཀྱི་རི་མོ་དེ་བསུབ་ཏུ་མེད་པ་ནི་མོའི་ཚེ་སྔོན་གྱི་ལས་ཤིག་ཡིན་ནམ་ཅི།
དེ་ཡང་ལོ་ངོ་གཉིས་སྔོན་གྱི་སྟོན་ཁ་ཞིག་ལ་སྨད་ཕྱོགས་ཀྱི་ཚོང་བ་ཡིན་ཟེར་བའི་མི་ཞིག་ངེད་སྡེ་བའི་ནང་དུ་ཡུན་རིང་བསྡད་ཅིང་། མཐར་གསལ་སྒྲོན་དང་ངོ་ཤེས། ཐོག་མར་ཁོས་གསལ་སྒྲོན་ལ་ཁ་རོགས་ལག་རོགས་ཅི་ཐུབ་བྱས་པས། ལོ་ངོ་མང་པོའི་རིང་མོ་ཧྲིང་གི་འཚོ་བར་ལྷུང་བའི་གསལ་སྒྲོན་གྱིས་རང་ཉིད་ལ་དབང་པའི་ཚེ་རོགས་ཤིག་ལས་ཀྱིས་བསྐོས་པར་འདོད་དེ། ཕ་ཡུལ་གང་ནས་ཡིན་པ་དང་། ཡུལ་འདི་རུ་ཇི་ལྟར་ཡོང་བ་སོགས་རྒྱུས་ལོན་གསལ་བོར་མེད་པའི་ཚོང་པ་དེ་ཁོ་མོའི་སྐྱིད་སྡུག་འཚོ་བའི་སྐྱ་ཡ་བྱས། གསལ་སྒྲོན་གྱིས་དེ་ལྟར་རྒྱུས་མེད་ཀྱི་མི་ཞིག་དང་ལེན་བྱེད་དོན་ནི། གསལ་སྒྲོན་གྱི་ལོ་ཟླ་མང་པོའི་ནང་། ཁེར་རྐྱང་དང་སྡུག་བསྔལ་གྱིས་ཚོན་པའི་འཚོ་བར་སུན་སྣང་སྐྱེས་ཏེ། ཅིས་ཀྱང་སྙིང་གཏམ་བཤད་ཡ་ཞིག་ནི་མཁོ་ཐོག་གི་གླན་པོ་དང་ལྕེ་ཐོག་གི་བདུད་རྩི་རུ་གྱུར།
དུས་ཚོད་ཀྱིས་ཡོད་ཚད་བདེན་དཔང་ཐུབ་ཅེས་པ་ལྟར། གསལ་སྒྲོན་གྱི་ཁྱོ་ག་རྗེས་མ་དེ་ནི་རང་འདོད་དང་ལེ་ལོ་ཡིས་མི་ཚེ་བསྐྱལ་བའི་ཕོ་ལུས་མཐའ་མ་ཞིག་གི་རང་གཟུགས་རིམ་བཞིན་མངོན་ཞིང་། རྒྱུན་དུ་གསལ་སྒྲོན་ལ་ཐུབ་ཚོད་དང་བརྙས་བཅོས་འབའ་ཞིག་བྱས་པས། རེ་བ་ཇི་ལྟར་ཆེ་ན་རེ་ཆད་དེ་ལྟར་མང་ཞེས་པ་ལྟར། གསལ་སྒྲོན་གྱི་ཡ་ཁོག་སྡུག་གིས་དཀྲིས་པའི་ན་བུན་དེ་གཏན་ནས་སངས་ཐུབ་བྲལ།
ཕ་ཡར་ཡོད་པ་ནས་བཟུང་། ཚེ་རིང་མཚོ་ཡང་རང་ཁྱིམ་ལ་འགྲོ་འདོད་དེ་ཙམ་མེད་ཁར། མོས་ནམ་ཡང་གནག་ཅིང་རྔམ་པའི་ཕ་ཡར་གྱི་ངོ་གདོང་དེ་མཐོང་ན་མི་འདོད་ལ། ཨ་མར་བརྙས་བཅོས་བྱེད་པའི་ཡུལ་དངོས་དེ་དེ་བས་ཀྱང་མཐོང་ན་མི་འདོད། གནས་ཚུལ་དེ་དག་ནི་ངས་མིག་གིས་མཐོང་མ་མྱོང་ཡང་། ཚེ་རིང་མཚོས་ང་ལ་ཉིན་ལྟར་བཤད་པས། ང་ནི་ཁོང་ཚང་གི་ནང་མི་ཞིག་ལྟར། ཚེ་རིང་མཚོ་ཚང་གི་གསང་བའི་གནས་ཚུལ་ཕྲ་རགས་ཐམས་ཅད་ལ་ཆ་རྒྱུས་ཧ་ཅང་ཆེ།
“ད་ནི་གཞི་ནས་ཁྱིམ་ལ་འགྲོ་འདོད་མི་འདུག”
“དེ་ལྟར་ཟེར་མི་རུང་སྟེ་མ་མཐའ་ཡང་ཨ་མ་གསལ་སྒྲོན་གྱི་ངོ་ལ་བལྟ་དགོས།”
“ཨ་མ་ནི་ངོ་མ་ལས་ངན་ནང་གི་ལས་ངན་མ་ཞིག་རེད་འདུག ངས་རྒྱུན་པར་མོ་ལ་ལྟ་ཚེ་རྒས་གཉེར་ཉིན་རེ་བཞིན་ཇེ་མང་དང་། སྐྲ་དཀར་ཉིན་རེ་བཞིན་ཇེ་མཐུག་ཏུ་འགྲོ་བ་མངོན་སུམ་རེད་འདུག”
“འཇིག་རྟེན་འཁོར་བར་སྐྱིད་མེད་ཀྱང་རྒྱུན་བསྲིངས་རྒྱུ་ནི་ཆོས་ཉིད་རེད། མ་གཞི་འཁོར་བ་སྡུག་གི་རྒྱ་མཚོ་ཟེར་བས་ང་ཚོ་ཚང་མར་སྐྱིད་ཅིག་ཇི་ལྟར་ཡོད།”ཅེས་ངས་ཨ་མྱེས་ཀྱིས་རྒྱུན་པར་ངེད་ཅག་ལ་བཤད་པའི་སྐད་ཆ་དེ་ཚེ་རིང་མཚོར་སེམས་གསོའི་ཚུལ་དུ་བསྙད།
ཚེ་རིང་མཚོ་ནི་འུར་རྡོས་བརྒྱབ་པའི་བྱེའུ་ཕྲུག་ཅིག་དང་འདྲ་བར་ངའི་འགྲམ་དུ་གཡོ་འགུལ་མེད་པར་བསྡད་ཅིང་། མར་ལ་དུད་པའི་མགོ་བོ་དེ་ཡུན་རིང་ཞིག་ལ་ཡར་བཀྱགས་མ་སོང་།
ངས་མོ་རང་སེམས་སྐྱོ་བའི་རྣམ་པ་དེ་སྔར་ནས་ཚོར་ཡང་རེ་ཞིག་ཅི་བྱ་གཏོལ་མེད་དུ་ལུས་ཤིང་། ལྭ་བའི་ཕུ་ཐུང་གིས་མོའི་གདོང་ནས་བཞུར་བའི་མཆི་མ་ཕྱིས་ཏེ།“མ་ངུ་། མ་ངུ་། ཁྱོད་ཀྱི་སྐྱིད་སྡུག་གི་རོགས་པ་ངས་བྱེད་ཆོག”ཅེས་སྔ་ཕྱི་གང་ལ་འདང་མ་བརྒྱབ་པའི་སྐད་ཆ་དེ་བཤད། སྐད་ཆ་དེ་ཐོས་རྗེས་ཚེ་རིང་མཚོས་མགོ་བོ་ལམ་སང་ཡར་བཀྱགས་ཏེ། ངའི་གདོང་ལ་ཅེར་ནས“ཁྱོད་ཀྱིས་བཤད་པ་དེ་ངོ་མ་ཡིན་ནམ། ངའི་སྐྱིད་སྡུག་གི་རོགས་པ་ཁྱོད་ཀྱིས་བྱེད་ཐུབ་བམ”ཞེས་ནན་ནན་ཏན་ཏན་གྱིས་བཤད་སོང་། ངས་གཞི་ནས་འགན་འཁྲི་ཆེན་པོ་ཞིག་ཕྲག་ཏུ་བླངས་པ་ཚོར་ཞིང་མུ་མཐུད་དུ་ཅི་ཞིག་འཆད་དགོས་པ་ཡང་མ་ཤེས་པར་མགྲིན་པ་བརྣངས་ནས་ལུས།
རྫ་གསེབ་ཀྱི་ལུག་ཁྱུ་བག་ཡངས་སུ་འཁོད་ཅིང་། ནམ་མཁའ་རུ་སྤྲིན་དཀར་གྱི་འདབ་མ་ལང་ལོང་དུ་རྒྱུ། མཐོ་སྒང་གི་གཡའ་དག་པའི་མཁའ་དབྱིངས་ནི་རྒོད་པོ་ཁོ་ན་ལ་དབང་ཞིང་། གཤོག་འགྱུར་ལ་བྲེལ་བའི་རྒོད་པོ་ཁེར་རྒྱུག་ཅིག་མཐོ་ས་ནས་དམའ་ས་དང་། དམའ་ས་ནས་མཐོ་ས། ཤར་ནས་ལྷོ་དང་། ལྷོ་ནས་བྱང་དུ་རང་དབང་གིས་ནམ་མཁའ་ལ་འཕུར།
མཚམས་དེར་ངས་རྒོད་པོ་ལ་ཧད་ཀྱིས་ཅེར་ཏེ།“ལྟོས་དང་། རྒོད་པོའི་གཤོག་འགྱུར་ལ་ལྟོས་དང་། འདི་ནི་ངེད་གཉིས་ཀྱི་མ་འོངས་པའི་འཚོ་བ་རེད། ང་ཚོ་ལ་རྒོད་པོ་ལྟ་བུའི་སྤོབས་པ་དང་རྒོད་པ་ལྟ་བུའི་མདུན་ལམ་ཡོད་དགོས།”ཞེས་ངའི་མདུན་དུ་ངུ་བཞིན་པའི་ཚེ་རིང་མཚོར་ལབ།
མོས་ཅི་ཞིག་དྲན་པ་བཞིན“གལ་སྲིད་ང་ནི་ནམ་མཁའ་འདི་ཡིན་ན། ཁྱོད་ནི་ནམ་མཁའ་འདི་ལ་དབང་བའི་རྒོད་པོ་འདི་ཡིན་པའི་སྨོན་ལམ་ལྷ་དཀོན་མཆོག་ལ་སྔར་ནས་བཏབ་མྱོང་། ཡིན་ནའང་། ང་ལ་རྒོད་པོའི་གྲིབ་གཟུགས་ཙམ་མ་གཏོགས་རྒོད་པོའི་ཡོད་ཚད་ཅིག་ཨེ་ཐོབ་སྙམ་པའི་བློ་དཀྲོག་རྟག་ཏུ་སྐྱེས།”ཞེས་སྐད་ཆུང་ངུའི་སྒོ་ནས་ང་ལ་ལན་བསྐྱོན། ངས་ཚེ་རིང་མཚོས་བཤད་པའི་སྐད་ཆའི་ནང་སྙིང་གསལ་བོར་མ་རྟོགས་ཀྱང་། མོ་རང་ངུ་ཁ་ལེན་ཕྱིར“རྒོད་པོའི་ཡོད་ཚད་ཁྱོད་ཀྱི་རེད། ལྟོས་དང་། རྒོད་པོའི་གཤོག་འགྱུར་ཁྱོད་ལ་ཕྱོགས་འདུག”ཅེས་བཤད།
ནམ་ཟླ་དགུན་གྱི་གྲང་རླུང་གང་སར་འཐོར་ཡང་། ལུག་ས་བཟང་བའི་རྫ་གསེབ་དེ་རུ་ཚེ་རིང་མཚོ་ངེད་གཉིས་ཀྱིས་སྐྱིད་རེས་སྡུག་རེས་ཀྱི་སྐད་ཆ་བསྙད་བཞིན། ཕན་ཚུན་ལ་བཞག་པའི་ཡིད་ཆེས་ནི་ཤར་ཕྱོགས་རི་བོའི་སྤོ་ནས་འཚེར་བའི་ཞོགས་པའི་ཉི་འོད་དང་མཚུངས་ཤིང་། སྐད་ཆ་ནི་ལུག་རྫི་ཞིག་ལ་མཚོན་ན་ཉི་མ་འཁྱོལ་ཐབས་གཙོ་བོ་ཡིན།
ཚེ་རིང་མཚོའི་སྐད་ཆས་ང་ནི་ཆང་དཀར་དུམ་བེ་གང་ཧུབ་ཀྱིས་འཐུང་བ་ལྟར་ལུས་སེམས་གཉིས་ཀར་ཚ་ལམ་ལམ་གྱི་ཚོར་བ་སྟེར་མྱོང་། ང་ལ་དེ་ལྟར་ཚོར་བ་ཞིག་ཡོད་ཚུལ་ཚེ་རིང་མཚོར་ཐད་ཀར་བཤད་མ་མྱོང་ལ། ཇི་ལྟར་བཤད་པའི་སྤོབས་པ་ཡང་གཏན་ནས་ཡོད་མ་མྱོང་། ཚོར་བ་དེ་ནི་དེ་རིང་གློ་བུར་དུ་རྡོལ་བ་ཞིག་མ་ཡིན་པར་ངེད་གཉིས་ལུག་རྫིའི་ཉིན་དང་པོ་ནས་བཟུང་ད་ལྟའི་བར་དུ་སེམས་ཀྱི་གཏིང་རུམ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རིམ་བཞིན་དུ་ཞོ་བཞིན་ཆགས་ལ་ཆང་བཞིན་བསྙལ་བ་ཞིག་ཡིན་ཞིང་། ཚོར་བ་དེ་ཡོད་པས་ངེད་གཉིས་ཀྱིས་འཚོ་བཞིན་པའི་ལུག་ཁྱུ་ཡང་རྟག་ཏུ་འདབས་འབྲེལ་ནས་ཡོད། ལུག་ས་བཟང་བའི་རྫ་གསེབ་འདི་ནི་ངེད་གཉིས་ཁོ་ནར་དབང་བའི་ཁོར་ཡུག་དེ་ཡིན་པས། གྲང་རླུང་ཇི་ལྟར་ལྡང་ཡང་ངེད་གཉིས་ལ་མཚོན་ན་དེ་ནི་དགུན་གཞུང་གི་དུས་ཚིགས་ཤིག་ཡིན་པར་མི་འདོད།
ཉི་མ་གནམ་དཀྱིལ་དུ་ཐོན་སྐབས། དུས་ཚོད་ཀྱི་སྐར་གྲངས་ཏག་ཏག་ཅིག་བཤད་མི་ཐུབ་ཀྱང་། ངེད་ཅག་ལུག་རྫི་ཚོ་ལ་མཚོན་ན་ད་ནི་དྲོ་ཇ་འཐུང་བའི་དུས་ལ་བསླེབས། ངེད་རྫི་བོ་ཚོའི་རྒྱུན་ཟས་ནི་རྩམ་པ་ཡིན་ལ། རྫི་ཁུག་ནང་དུ་རྩམ་པ་དང་མར། ཕྱུར་བ་གསུམ་མ་གཏོགས་ཁ་ཟས་གཞན་ཡོད་རེ་རྐན། སྐལ་བ་བཟང་ན་སྐབས་འགར་ཀ་ར་ཕྱེ་མ་ཅུང་ཙམ་རེ་རྩམ་པའི་ཁ་རུ་བླུགས་ཡོད། ཀ་ར་ཕྱེ་མ་ཡོད་པའི་རྫི་བྲོ་ནི་ཕལ་ཆེར་ལོ་གསར་སྐབས་མ་གཏོགས་ཡོད་པའི་གོ་སྐབས་རྙེད་དཀའ།
ངས་ཞོགས་པར་ཁྱིམ་གྱིས་གྲ་སྒྲིག་བྱས་པའི་རྫི་ཁུག་དེ་རུམ་ཁུང་ནས་ཚུར་བླངས་ཏེ་ཚེ་རིང་མཚོའི་མདུན་དུ་གཡུགས། རྫི་ཁུག་དེ་ཚེ་རིང་མཚོའི་མདུན་དུ་གཡུགས་དོན་ནི། རྫི་ཁུག་ནང་གི་མར་དང་རྩམ་པ་དེ་ལྷན་དུ་ཡུན་རིང་དུ་སྦྱོར་མཐར་སྣུམ་རྩམ་དུ་གྱུར་རྗེས་ད་གཟོད་བཟའ་ཆོག ཚེ་རིང་མཚོས་ངས་གཡུགས་པའི་རྫི་ཁུག་དེ་ལག་ཏུ་བླངས་ཏེ་མཚམས་རེར་ལག་ཟུང་བར་དུ་བཅངས་ནས་འཕུར་བ་དང་། མཚམས་རེར་རྫི་ཁུག་སྤང་ཐོག་ཏུ་བཞག་ཏེ་གྲུ་མོས་ཕར་འཕུར་ཚུར་འཕུར་བྱས། རྫི་ཁུག་ནང་གི་རྩམ་པར་སྣུམ་གྱིས་ཟིན་དུས། ཚེ་རིང་མཚོས་རྫི་ཁུག་གི་ཁ་ཕྱེས་ཏེ་ངའི་སྔུན་དུ་བཞག་པ་དང་ཆབས་ཅིག་མཆུ་ཏོ་འབུར་འབུར་བྱས་ཏེ་ཟོ་ཞེས་པའི་བརྡ་ཞིག་བསྟན། ཚེ་རིང་མཚོའི་མཆུ་ཏོ་འབུར་འབུར་གྱི་རྣམ་པ་དེ་ནི་ང་ལ་འོ་བྱེད་གྲབས་དང་ཀུན་ནས་མཚུངས་པས། ཅུང་ངོ་ཚ་བའི་ཉམས་ཀྱིས་རྫི་ཁུག་ནང་ནས་རྩམ་པ་སྤར་གང་བླངས་ཏེ་ཁ་ལ་བགམ་ཞོར་ལུག་ཁྱུ་ཡོད་སའི་ཕྱོགས་སུ་བལྟས། ལུག་ཁྱུ་ཁྲོད་དུ་ངེད་ཚང་གི་ལུག་ཐུག་དམར་མགོའི་མཆུ་ཏོ་དེ་མར་ཀ་ཚང་གི་མ་མོ་རྩ་ར་མའི་འཕོང་ལ་གཏུགས་ནས་སྣུམ་སྣ་བྱེད་ཞོར་རྗེས་འདེད་བྱེད་ཀྱིན་འདུག མ་མོ་རྩ་ར་མས་ཅི་མི་སྙམ་པར་མུ་མཐུད་དུ་རྩྭ་ལ་རོལ་ཞིང་། རྒྱབ་ཕྱོགས་ཀྱི་ལུག་ཐུག་གི་འདོད་བརྩེ་ལ་ཨ་ལན་ཙམ་ཡང་མི་སྟེར། ངས་ལུག་ཐུག་གིས་མ་མོ་འདེད་པའི་ཚུལ་དེ་ལ་མཛུབ་མོས་ཀེར་བཞིན། ཚེ་རིང་མཚོ་ལ“ཁྱོད་ཚང་གི་མ་མོ་ནི་ཁྱོད་དང་འདྲ་བར་ཇི་འདྲའི་བབ་ཆགས་པ་ཅིག་ཨང”ཞེས་བརྗོད། ཚེ་རིང་མཚོས་ངས་མཛུབ་མོ་ཀེར་སའི་ཕྱོགས་ལ་ལྟ་ཙམ་བྱས་རྗེས། ཁ་སྐྱེངས་པའི་རྣམ་འགྱུར་ཞིག་བསྟན་པ་ལས་ཨ་ལན་ཅི་ཡང་སྟེར་མ་བྱུང་།
ངས་ལུག་ཐུག་དང་མ་མོའི་བར་གྱི་བྱ་སྤྱོད་དེ་མཐོང་ཚེ། ཚེ་རིང་མཚོ་ངེད་གཉིས་བར་ལ་འོ་བྱས་པའི་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་བྱུང་མྱོང་བ་ཝལ་ལེར་དྲན་བྱུང་། དེ་ནི་ནམ་ཟླ་གྲང་ཞིང་ཁ་བ་འབབ་པའི་ཉིན་ཞིག་ཡིན། ཚེ་རིང་མཚོ་ངེད་གཉིས་གྲང་ངར་གཞའ་བར་བྲག་ཁུག་ཅིག་ཏུ་བསྡད་པ་ཡིན། དེ་དུས་ངའི་ལག་པ་གྲང་ངར་གྱིས་ཕལ་ཆེར་འཁོབས་ཏེ། སོར་མོའི་བར་དུ་དངོས་པོ་འཆང་མི་ཐུབ་པའི་ཚད་ལ་བསླེབས། ཚུལ་དེ་ཚེ་རིང་མཚོས་མཐོང་རྗེས། ངའི་ལག་པ་གཉིས་ཤུགས་ཀྱིས་འཐེན་བཞིན་ཁོ་མོའི་རུམ་ཁུང་དུ་བཅུག ཚེ་རིང་མཚོའི་རུམ་ཁུང་ནི་ཉི་མ་ལྟར་དྲོད་ཁོལ་འཛོམས་ཤིང་། ཁོ་མོའི་རུམ་ཁུང་ལས་ངའི་ལག་ཟུང་ལ་ད་གཟོད་ཁད་ཀྱིས་ཚོར་བ་ཟིན་པར་མ་ཟད། སོར་རྩེས་མཉེན་ནེམ་ནེམ་གྱི་དངོས་པོ་ཞིག་ལ་རེག་པ་ཚོར། ཚོར་བ་དེས་ང་ལ་བསམ་ཚུལ་འདྲ་མིན་གང་ཅི་སྟེར་མ་བྱུང་ཡང་། ཚེ་རིང་མཚོ་ལ་མཚོན་ན་ཅིས་ཀྱང་བཟོད་ཐབས་མེད་པའི་ཚོར་བའི་ཡང་རྩེ་རུ་གྱུར། བཟོད་དཀའ་བའི་ཚོར་བ་དེས་མོ་ངའི་འགྲམ་དུ་བཅར་ཅི་ཐུབ་བྱས་པས། ངའི་སོར་རྩེ་ཡིས་རེག་པའི་མཉེན་ནེམ་ནེམ་གྱི་དངོས་པོ་དེ་སོར་རྩེ་ཙམ་མ་ཡིན་པར། ལུག་ཟུང་གི་ཁྱོར་ནང་དུ་དྲོད་ཀྱིས་རེག གཞི་ནས་མཉེན་ནེམ་ནེམ་གྱི་དངོས་པོ་དེ། གཞན་མ་ཡིན་པར་ཚེ་རིང་མཚོའི་བྲང་སྐྱེས་ཀྱི་ནུ་འབུར་ཡིན་པར་རྟོགས། རྟོགས་ཚུལ་དེས་ང་ལ་དངངས་སྐྲག་དང་ཁ་སྐྱེངས་ཀྱི་ཚོར་བ་ཞིག་ལུས་ཀྱི་ཤ་ཁྲག་གི་བར་ནས་རིམ་བཞིན་འབར་ཞིང་། མཐར་ངོ་གདོང་ཡོངས་སུ་ཚ་འོད་འཁྲུགས་ཏེ་དམར་པོར་གྱུར། དེ་དུས་ངའི་མིག་ལམ་དུ་ཚེ་རིང་མཚོ་ནི་རབ་རིབ་ཙམ་མ་གཏོགས་མི་མཐོང་ཞིང་། རྣ་སྦུག་ནང་དུ་ཙིར་སྒྲས་ཁེངས་པས་སྐད་ཆའི་སྒྲ་ཙམ་ཡང་མི་གོ ཏག་ཏག་སྐབས་དེར་ངའི་མཆུ་སྒྲོས་ལ་ཚ་ལམ་ལམ་གྱི་དངོས་པོ་ཞིག་འཕྲད་བྱུང་། ཚ་ལམ་ལམ་འཕྲད་པའི་ཚོར་བ་དེ་རྩ་སྦུག་རེ་རེ་བརྒྱུད་དེ་མཐར་ལུས་ཀྱི་བ་སྤུ་རེ་རེ་ཡང་གྱེན་དུ་གཟེངས།
ཕྱིས་སུ་ཚེ་རིང་མཚོས་བཤད་པར་དེ་དུས་ཚ་ལམ་ལམ་གྱི་དངོས་པོ་དེ་ནི་མོས་ང་ལ་འོ་བྱས་པ་ཡིན་ཟེར། གལ་སྲིད་སྐབས་དེར་ངའི་མཆུ་སྒྲོས་ལ་འཕྲད་པའི་ཚ་ལམ་ལམ་གྱི་དངོས་པོ་དེ་ཚེ་རིང་མཚོས་ང་ལ་འོ་བྱས་པ་བདེན་ན། ངའི་མི་ཚེ་ཡི་ཆེས་ཐོག་མའི་འོ་ཡི་མཆོད་པ་དེ་ཚེ་རིང་མཚོ་ལ་ཕུལ་བ་ཡིན་ཞེས་བརྗོད་ཆོག
འབྲོག་པ་ལ་མཚོན་ན། ན་གཞོན་ཕན་ཚུན་བར་རང་མོས་ཀྱིས་དགའ་རོགས་འཚོལ་བ་ཉུང་ཞིང་། མང་པོ་ཞིག་ནི་ཕ་མ་དང་གཉེན་ཉེ་ཚོས་ངོ་སྤྲོད་བྱས་ཏེ་ཁྱིམ་ཚང་བར་གཉེན་སྡེབ་ཀྱི་ཡོད། གལ་སྲིད་ཕ་མ་དང་གཉེན་ཉེ་དེ་ཚོའི་བཀའ་བཞིན་མ་ཉན་པར། རང་མོས་ཀྱིས་གཉེན་རོགས་འཚོལ་ན་སྡེ་བ་ཡོངས་ཀྱི་མྱི་ཁ་ཆེན་པོ་ཡོད་པས། ན་གཞོན་སུ་ཞིག་ཡིན་རུང་སྲོལ་རྒྱུན་གྱི་འདུ་ཤེས་འདིའི་བཀག་རྡོ་ལས་བརྒལ་ཐུབ་མ་མྱོང་ལ། གཞོན་ནུ་མང་པོ་ཞིག་གིས་གཉེན་སྟོན་གྱི་ཉིན་མོར་ད་གཟོད་རང་གི་ཚེ་རོགས་ངོ་འཕྲད་པ་ནི་རྒྱུན་ལྡན་གྱི་ལུགས་སྲོལ་ཞིག་ཡིན།
ཚེ་རིང་མཚོ་དང་ངེད་གཉིས་ཀྱིས་ལུག་རྫི་བྱས་ནས་བཟུང་འགྲོ་རོགས་གྲིབ་མ་ནག་རིལ་བྱས་ཏེ་ལོ་ངོ་བཞི་ཙམ་འགོར་ཞིང་། ལོ་ཟླ་དེ་དག་གི་རིང་དུ་སེམས་མཐུན་གྱི་ཟས་དང་ཡིད་མཐུན་གྱི་གཏམ་འབའ་ཡིས་ཉི་མ་བསྐྱལ། ངས་ནམ་ཡང་བརྗེད་མི་ཐུབ་པ་ནི་ཁོ་མོའི་འཛུམ་དཀར་ཀྱི་སོ་ཕྲེང་དེ་དང་། མཁུར་ཚོའི་ཐོག་ན་བཞད་པའི་མཛུམ་རྐོང་ཆུང་ཆུང་དེ་ཡིན་ལ། དེ་ལས་བརྗེད་མི་ཐུབ་པ་ནི་མ་མཆུའི་པདྨའི་ཐོག་གི་རྨ་ཤུལ་དེ་ཡིན། མོས་ང་ལ་རྨ་ཤུལ་དེ་བསྟན་ནས་མོའི་སྐྱེས་འབྲས་ལ་བར་ཆད་བྱུང་ཚུལ་མང་པོ་བཤད་མྱོང་། ཚེ་རིང་མཚོས་རྨ་ཤུལ་དེ་གཞན་གྱིས་མཐོང་དོགས་བྱས་ཏེ། རྒྱུན་ལྡན་སྐེ་རས་ཀྱིས་བཏུམས་པས། མང་པོ་ཞིག་གིས་རྨ་ཤུལ་དེ་མཐོང་མྱོང་མེད།
དོན་ངོ་མ་བཤད་ན། ཚེ་རིང་མཚོ་ངེད་གཉིས་ཀྱི་བར་དུ་བརྗོད་ཆོག་ཆོག་གི་བརྩེ་དུང་གི་གསང་བ་མེད་པར་མ་ཟད། ཐ་ན་དམིགས་ཀྱིས་ལག་འཇུ་ཕྲན་བུ་བྱས་པའི་དངོས་བྱུང་གི་གཏམ་རྒྱུད་ཀྱང་བྱུང་མ་མྱོང་། ཏག་ཏག་གྲང་རླུང་དང་བུ་ཡུག་འཚུབ་པའི་ཉིན་དེར། ངའི་མཆུ་སྒྲོས་ལ་རེག་པའི་ཚ་ལམ་ལམ་གྱི་དངོས་པོ་དེ་ཅི་ཡིན་ནམ། གལ་སྲིད་ཚེ་རིང་མཚོས་བཤད་པ་ལྟར་ཡིན་ན་དེ་ནི་བསམ་ཡུལ་ལས་འདས་ཤིང་། གློ་བུར་དུ་བྱུང་བའི་བར་ཆད་ཅིག་ལ་བརྩི་ཆོག་པས། ཕྱིས་སུ་ངེད་གཉིས་སུས་ཀྱང་དེའི་སྐོར་གྱི་སྐད་ཆ་བཤད་མ་མྱོང་།
ལུག་རྫིའི་ལོ་ཟླའི་བརྒྱུད་རིམ་ཁྲོད་ཁོ་མོ་ནི་ངའི་ཆེས་ཉེ་བའི་མི་དེ་ཡིན་ཞིང་། ལོ་ཟླ་རིང་པོར་མི་ཚེ་རི་སྒང་གི་རླུང་བུ་དང་འགྲོགས་པའི་སེམས་ཀྱི་དྲན་རྟེན་ཡིན། ངེད་གཉིས་ནི་འཇའ་ཚོན་གྱི་ཁ་དོག་གླེང་ཞིང་། མེ་ཏོག་གི་དྲི་བསུང་བསྣམས། དགའ་བའི་ཉི་མ་ལྡེ་རོགས་དང་སྐྱོ་བའི་གྲང་རླུང་གཟུར་རོགས་ཡིན། དེ་བས་ངའི་བྱིས་དུས་ཀྱི་རྐང་རྗེས་ཁྲོད་ཁོ་མོ་ནི་ནམ་ཡང་བསུབ་ཏུ་མེད་པའི་རི་མོ་གལ་ཆེན་དེ་ཡིན་ཞིང་། ཞོགས་པ་ལུག་ཁྱུ་རི་ལ་གཟན་པ་དང་དགོང་མོར་ལུག་ཁྱུ་ལྷས་ལ་བདས་པའི་རྣམ་པ་དག་ནི་རི་མོ་དེའི་ཁ་དོག་གཞན་ཞིག་ཡིན།
ངས་འདི་ལྟར་ཕྱིར་དྲན་རེ་རེའི་ཁྲོད་རང་ཉིད་ཀྱི་བྱིས་དུས་བཙལ་ཐུབ་ལ། བྱིས་དུས་ཀྱི་རང་མདངས་དེ་ནི་དྲི་མ་དང་བྲལ་བའི་མཐོ་སྒང་གི་གཡའ་དག་པའི་ནམ་མཁའ་དང་ཇི་འདྲའི་མཚུངས་ཨང་། བྱིས་དུས་ཀྱི་ལོ་ཟླར་ད་གཟོད་རང་དབང་དང་བདེ་སྐྱིད་ཀྱི་ལང་ཚོ་རྒོད་ཅིང་། བྱིས་དུས་ཀྱི་རྐང་རྗེས་ཁྲོད་དུ་མེ་ཏོག་གི་འཛུམ་མདངས་དང་བསླད་ཀྱིས་མ་གོས་པའི་རང་ཉིད་ངོ་མ་དེ་ཤུགས་ཀྱིས་མངོན།