བརྗིད་ཆགས་མཛེས་སྡུག་ལྡན་པའི་ཇོ་མོ་གླང་མའི་འདབས་སུ་ཤང་ཤང་དུ་རྒྱུག་པའི་མྱང་ཆུ་ནི་ཡར་ཀླུང་གཙང་པོར་འབབ་པ་དང་། ཏག་ཏག་ཆུ་བོ་དང་གཙང་པོ་འདྲེས་མཚམས་འདི་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གནས་ཡུལ་ཡིན། འདི་ནི་བརྗོད་བྱ་གསར་པའི་ཐང་ག་སྟེ་《ཆུ་བོ་དང་གཙང་པོ་འདྲེས་པ་》ཞེས་པས་ཞིབ་འབྲི་བྱས་པའི་རི་མོ་ཡིན། གཞིས་རྩེའི་མང་ཚོགས་སྒྱུ་རྩལ་ཁང་དུ་ན་གཞོན་ལྷ་འབྲི་བ་ཉི་མ་དོན་གྲུབ་ཀྱིས་སྤོབས་པ་ཆེན་པོས་རང་ཉིད་ཀྱི་བརྩམས་ཆོས་འདི་གསར་འགོད་པར་བསྟན་བྱུང་།
ཐང་གའི་ངོས་སུ་ལྷབ་ལྷུབ་ཏུ་བསྐྱོད་པའི་སྐར་ལྔའི་དར་དམར་དང་བཀྲ་ཤིས་པའི་སྤྲིན་ཚོམས་ཕན་ཚུན་གཞོགས་འདེགས་ཀྱིས་འོད་དུ་འཚེར་བ་དང་། འདབ་ཆགས་དང་རི་དྭགས་རྩ་ཆེན་རང་དགར་འཚོ་བ། མཚེའུ་དང་ན་འདམ་མང་པོ་བསྣོལ་མར་སྦྲེལ་ཡོད། གཞིས་རྩེའི་ས་མཐོའི་མཛེས་ལྗོངས་དང་རིག་གནས་ཀྱི་གནས་མཆོག །འདུ་འཛི་ཆེ་བའི་སྲང་ལམ་བཅས་ལྷ་འབྲི་བས་ཐང་གའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོན་ཡོད་དེ། རི་སྔོ་ཆུ་དྭངས་དང་སྐྱེ་དངོས་ཐམས་ཅད་ཞི་མཐུན་དུ་གནས་པ་བཅས་ཚང་མར་བཀྲ་ཤིས་རྫོགས་ལྡན་གྱི་རྣམ་པ་ཞིག་ཤར་ཡོད།
“ཐང་གའི་ཚོན་མདོག་ནི་རང་བྱུང་ལས་བྱུང་བ་དང་། སྤྱིར་བཏང་གི་རི་མོ་དང་བསྡུར་ན། བལྟོས་བཅས་ཀྱིས་ཐང་གའི་ཚོས་གཞི་བརྟན་པོ་དང་། ཚོན་མདོག་དེ་བས་བཀྲག་མདངས་ལྡན། བོད་ཀྱི་རིག་གནས་ལས་དཀར་པོ་དང་། སྔོན་པོ། དམར་པོ། སེར་པོ། ལྗང་ཁུ་བཅས་ནི་རྩ་བའི་ཁ་དོག་ལྔ་རུ་བགྲང་བ་དང་། སོ་སོར་དམིགས་བསལ་གྱི་མཚོན་དོན་ལྡན།” “ངས་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་མཐོང་ཚོར་གྱི་སྐད་ཆར་བརྟེན་ནས། མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་དང་གཞིས་རྩེའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་བཅས་མངོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་ཉི་མ་དོན་གྲུབ་ཀྱིས་བཤད།
ཀྲུང་ཧྭའི་ཤེས་དཔལ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྒྱུན་རིང་བ་ནི་མི་རིགས་ཁག་གི་ཕུལ་ བྱུང་རིག་གནས་ཆུ་རྒྱུན་བཞིན་འདྲེས་ནས་གྲུབ་པས་ཡིན་ལ། “བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ཆེན་མོ་”རུ་གྲགས་པའི་ཐང་ག་ནི་བོད་ཀྱི་རིག་གནས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན། ཐང་ག་བཞེངས་པའི་ལག་རྩལ་རྙོག་འཛིང་ཆེ་བ་དང་བཞེངས་རྩལ་གྱི་བླང་བྱ་ནན་པོ་ཡོད། ལྷག་པར་དུ་ཚོན་འདེམས་པ་དང་སྡེབ་སྒྲིག་ཐད་དང་དོད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། ཐང་ག་ལོ་བརྒྱ་ཕྲག་ཁ་ཤས་ལ་ཉར་ཚགས་བྱས་ཀྱང་ཚོན་མདངས་རྣམ་པར་བཀྲ་བ་རྒྱུན་འཁྱོངས་ཐུབ་པ་མ་ཟད། དུས་མཚུངས་སུ། ཚོན་མདོག་དང་རི་མོའི་རྒྱབ་ཕྱོགས་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་རྐྱེན་གྱིས། བོད་ཁུལ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་ཐང་གའི་སྒྱུ་རྩལ་ལ་དགའ་མོས་དང་སྲུང་སྐྱོབ་བྱེད་བཞིན་ཡོད། 2006ལོ་ཐང་ག་དེ་ཐོག་མར་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་མིང་ཐོ་ཁག་དང་པོའི་ནང་བཅུག་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་སྲིད་གཞུང་གིས་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་འབོར་ཆེན་བཏང་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་འཕེལ་རྒྱས་བཏང་བས། གཅིག་རྒྱུན་གཅིག་འཛིན་གྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཐུབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་ཐེངས་མང་གནང་ཡོད། ཇི་ལྟར་བྱས་ནས་སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བའི་མཐུད་མཚམས་བཙལ་ནས་རྩ་ཆེའི་མངོན་མིན་རིག་གནས་ཤུལ་བཞག་དར་རྒྱས་གོང་འཕེལ་གཏོང་དགོས་སམ། ཇི་ལྟར་བྱས་ནས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་སྙིང་བཅུད་མཚོན་ཐུབ་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྣམ་པའང་མཚོན་ཐུབ་པའི་ཐང་ག་གསར་པ་གསར་རྩོམ་བྱེད་དགོས་སམ། འདི་དག་ཚང་མ་ནི་དུས་རབས་གསར་པའི་ཐང་གའི་སྒྱུ་རྩལ་ལས་དོན་པ་ཚོས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་དང་འཚོལ་ཞིབ་བྱེད་པའི་གནད་དོན་ཡིན།
2019ལོར་གཞིས་རྩེའི་བརྗོད་བྱ་གསར་པའི་ཐང་ག་བརྒྱའི་རྣམ་གྲངས་ལག་བསྟར་བྱས་པ་ནི་ཚོད་ལྟ་གསར་རྐྱང་ཞིག་ཡིན། 《གཙང་པོ་དང་ཆུ་བོ་འདྲེས་པ་》ཚུད་པའི་ཁག་དང་པོའི་བརྩམས་ཆོས་50ཙམ་ས་གནས་དེ་གའི་ལྷ་འབྲི་བ་རྒན་དར་གཞོན་གསུམ་བཅས་མི་རབས་གསུམ་གྱི་མི་37གསར་རྩོམ་ལ་ཞུགས་པ་དང་དུས་ཡུན་ལོ་གཉིས་ནང་ལེགས་གྲུབ་ཟིན། སྲོལ་རྒྱུན་གྱི་ཐང་གའི་ཐུན་མོང་མ་ཡིན་པའི་གཟུགས་བརྙན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་བརྗོད་བྱ་གསར་པའི་ཐང་གའི་རྣམ་གྲངས་དེ་བརྗོད་བྱའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཀྱི་ཐད་སྔར་བྱུང་མྱོང་མེད་པའི་ངང་རྒྱ་སྐྱེད་བཏང་ནས། ནང་དོན་དང་རྣམ་པའི་ཐད་དུས་རབས་ཀྱི་སྙིང་སྟོབས་དེ་བས་མང་བ་བསྣན་ཡོད།
བརྗོད་བྱ་གསར་པའི་ཐང་གས་ལྷ་འབྲི་མཁན་ལ་གསར་རྩོམ་གྱི་བར་སྟོང་ཆེན་པོ་སྤྲད་པ་དང་། ལྷ་འབྲི་མཁན་མང་པོ་དངོས་ཡོད་བརྗོད་བྱའི་གསར་རྩོམ་ནང་ཞུགས་པར་ཡིད་དབང་ཡང་བཀུག་ཡོད། ཁོང་ཚོས་མི་དམངས་ལ་དམིགས་པ་དང་། དུས་རབས་ཀྱི་འགྱུར་ལྡོག་དང་། ཀྲུང་གོའི་མདུན་སྐྱོད། མི་དམངས་ཀྱི་འབོད་སྐུལ་བཅས་ཀྱི་ཁྲོད་ནས་བརྗོད་དོན་གདམ་གསེས་དང་བརྗོད་བྱ་བསྡུ་ལེན་བྱས་ཏེ། མེས་རྒྱལ་དང་ཕ་ཡུལ་གྱི་ལོ་རྒྱུས་ཀྱི་མཛེས་སྡུག་དང་། རི་ཀླུང་གི་མཛེས་སྡུག ། རིག་གནས་ཀྱི་མཛེས་སྡུག་བཅས་མཚོན་པར་བྱས་ནས། དུས་རབས་གསར་པར་བོད་ལྗོངས་སུ་འཕོ་འགྱུར་རླབས་པོ་ཆེ་བྱུང་བར་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་བྱ་ངེས།
གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་ཚོན་མདངས་རྣམ་པར་བཀྲ་ཞིང་མཛེས་རྒྱན་སྤྲས་པའི་བརྗོད་བྱ་གསར་པའི་ཐང་ག་རེ་རེ་ལས། དུས་རབས་གསར་པར་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་ཤེས་ཚོར་ཐུབ་པའི་འཚོ་བའི་འགྱུར་ལྡོག་ཆེན་པོ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར། ཏང་དང་མེས་རྒྱལ་ལ་བཅངས་པའི་དྲིན་ཚོར་བཅས་གསོན་ཉམས་དོད་པོས་མངོན་ཡོད།
《བདེ་སྐྱིད་ལྡན་པའི་སྡོད་ཁང་གསར་པ་》ཞེས་པའི་རི་མོ་ཞིག་ལས། ཕྱོགས་བཞི་སྔོ་ལྗང་རི་བོས་བསྐོར་བ་དང་། ཁོད་སྙོམས་པའི་འགྲོ་ལམ་ཀྱག་ཀྱོག་ངང་རྒྱང་དུ་བརྐྱངས་ཤིང་མཛེས་སྡུག་ལྡན་པའི་སྡོད་ཁང་གསར་པ་རིམ་པ་སྟར་ཆགས་སུ་གནས་ཡོད། དེ་ནི་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གི་གནས་སྤོས་དབུལ་སྐྱོར་ས་ཚིགས་ཏེ་མིང་མ་གཞིས་ཁུལ་གྱི་རྣམ་པ་ཡིན། 2016ལོར་ཁྲ་ཝུའུ་ཤང་མིང་མ་གྲོང་ཚོ་ཧྲིལ་པོ་དེ་གར་གནས་སྤོས་པ་དང་དེ་ནས་བཟུང་མཐོ་སྒང་གི་གྲང་ངར་དང་དཀའ་ཚེགས་ཆེ་བའི་འཚོ་བའི་ཁོར་ཡུག་དང་གྱེས་ནས། ཆུ་དང་གློག་དང་དྲ་བ་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་འགོ་ཚུགས།
《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་》ཞེས་པའི་རི་མོ་ཞིག་ལས། ལྷ་འབྲི་བས་གནམ་བདེ་སྒོ་མོ་ཆེ་དང་གནམ་གྲུ། ཤུགས་འགྲིམས་མེ་འཁོར། འདེམས་ཤོག་བླུག་སྒམ་སོགས་རྒྱུ་ཆ་དང་སྲོལ་རྒྱུན་གྱི་ཐང་གའི་མཚོན་སྟངས་དང་ཞིབ་བྲིས་རི་མོའི་སྒྱུ་རྩལ་གཞི་གཅིག་ཏུ་བསྡུས་ནས། བོད་རིགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། རང་དབང་། འདྲ་མཉམ། གཞུང་དྲང་། ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཁ་དན་ཚིག་གནས། མཛའ་གྲོགས་འཆམ་མཐུན་”བཅས་ལ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་པ་བརྒྱབ་འདུག།
《མཐུན་སྒྲིལ་དམ་ཟབ་བྱེད་》ཅེས་པའི་རི་མོ་ལས། འབྲུ་རིགས་སྣ་ལྔས་གང་བ་དང་བཀྲ་ཤིས་བདེ་ལེགས་མཚོན་པའི་ཕྱེ་མར་དང་ནས་ཆང་གི་སྒྲོག་ཙེའི་མདུན་དུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་པའི་མི་རྣམས་ཀྱིས་མེ་ཕུང་ལ་སྐོར་བ་བརྒྱབ་ནས་སྒོར་གཞས་འཁྲབ་བཞིན་ཡོད་ལ། མི་རིགས་56སེ་འབྲུའི་འབྲུ་གུ་བཞིན་མཐུན་སྒྲིལ་དམ་ཟབ་ཅིང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ལ་འཚོ་བ་བདེ་སྐྱིད་ལྡན།
“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་སུ་སླེབས་པ་དང་། དུས་རབས་གསར་པའི་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་གཏམ་རྒྱུད་ལས་ལྷ་འབྲི་བར་རྫོགས་མཐའ་མེད་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་”ཅེས་གཞིས་རྩེ་ཐང་ག་མཐུན་ཚོགས་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་ཕུར་བུ་ཡིས་བཤད། དུས་རབས་གསར་པའི་ལྷ་འབྲི་བས་འདྲ་བཤུས་ནས་གསར་གཏོད་ཀྱི་བརྒྱུད་རིམ་ལས་“བཟོ་བོ་”ནས་“སྒྱུ་རྩལ་པའི་”བར་གྱི་འགྱུར་ལྡོག་བརྒྱུད་དེ། གནའ་བོའི་ཐང་གའི་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་བསྣན་ཞིང་བོད་ཁུལ་མི་དམངས་ཀྱི་བསམ་པའི་ཁྱིམ་གཞིས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་གསར་པ་བྱས་པ་དང་ཐང་གའི་སྒྱུ་རྩལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད། “ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་འཛུགས་སྐྲུན་ལས་གྲྭར་བརྟེན་ནས་ཐང་གའི་ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་བསྲིངས་ཏེ་གསོ་སྤེལ་དང་ཞིབ་འཇུག །སློབ་ཁྲིད། གསར་རྩོམ། འགྲེམས་སྟོན། ཉོ་ཚོང་གླེང་སྟེགས་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་ཐང་གའི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་ཀྱི་ཡོད།” གཞིས་རྩེ་ཐང་གའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་པ་སངས་ལགས་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པའི་ཁྲོད་ནས་ཐང་གའི་སྒྱུ་རྩལ་གྱི་རྒྱང་རིང་གི་གར་སྟེགས་གསར་པ་ཞིག་མཐོང་ཐུབ།
གསར་འགོད་པའི་ཟིན་ཐོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། “ང་ཚོའི་འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་རེད་”ཅེས་པ་དང་། “མི་རིགས་ཁག་གི་རིག་གནས་ཕན་ཚུན་གཞོགས་འདེགས་བྱས་ན་ཀྲུང་ཧྭའི་རིག་གནས་ལ་དུས་ཡུན་རིང་པོར་གསོན་ཤུགས་ལྡན་པ་ཡིན། འདི་ནི་ད་ལྟ་ང་ཚོའི་རིག་གནས་ཀྱི་གདེང་ཚོད་སྟོབས་ཆེན་པོའི་འབྱུང་རྩ་རེད་”ཅེས་བསྟན་གནང་ཡོད། ཀྲུང་ཧྭའི་ཤེས་དཔལ་ནི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མང་པོའི་རིག་གནས་ཀྱི་ཞིང་ས་གཤིན་པོ་རུ་རྩ་བ་ཚུགས་ཡོད་དེ། བརྗོད་བྱ་གསར་པའི་ཐང་ག་ནི་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་གསར་གཏོད་མཉམ་འདྲེས་ཀྱི་དཔེ་མཚོན་གསོན་ཉམས་དོད་པ་ཞིག་ཡིན་ལ། དེས་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱུང་བ་དང་དུས་རབས་གསར་པའི་བོད་ཀྱི་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་བརྗོད་ཀྱི་ཡོད།
སྒྲོལ་མ་འཚོས་བསྒྱུར།