ཚང་ཚིང་ལྗོན་ཤིང་འཁྲིགས་པའི་ཉམས་དགའ་ཡི་ཚལ་ན། །
ཀྱུར་ཀྱུར་དབྱངས་རྟ་དཀྲོལ་བའི་ཡིད་འོང་གི་ཁུ་བྱུག །
ཡང་ཡང་གསུང་སྙན་འགྱུར་བའི་ངང་ཚུལ་དེ་མཐོང་དུས། །
མཛེས་མཛེས་ཀོང་ཡུལ་ལུང་པ་ལྷ་ཡུལ་གྱི་ཡན་རེད། །
སྔོ་སྔོ་གནམ་ལ་སྤྲིན་དཀར་འདབ་མ་ཡི་ཚོམ་བུ། །
དལ་དལ་དབྱར་གྱི་རླུང་བུས་ལང་ལིང་དུ་འགུལ་དུས། །
མཚར་མཚར་ལྷ་ཡུལ་སྐྱེངས་པའི་ཡིད་འོང་གི་ལུང་པ། །
གསལ་གསལ་ཁྲ་ཆུང་ཟུང་གི་དང་ཁ་རུ་འདྲེན་བྱུང་། །
མཐོ་མཐོ་གནམ་ལ་གཟེངས་འདྲའི་ནགས་རི་ཡི་སྐེད་ལ། །
དཀར་དཀར་བལ་དཀར་གཏོར་འདྲའི་ན་བུན་གྱི་སྐེ་རགས། །
ཡང་ཡང་ལང་མ་ལིང་གིས་ཕྱོགས་ཀུན་ནས་འཁྲིགས་དུས། །
སྙན་སྙན་ལྗོངས་རྒྱུའི་མགུར་ཆུང་ཅི་དགའ་རུ་འཁྲོལ་སོང་། །
ལྡེམ་ལྡེམ་ལྗོན་པའི་བྲོ་གར་ནོར་འཛིན་གྱི་ལྟད་མོ། །
ནེམ་ནེམ་རྩྭ་ལྗང་ལོ་མ་དབྱར་དཔལ་གྱི་གཟི་བྱིན། །
སིལ་སིལ་དྲོད་རླུང་འཇམ་པོ་རེག་བྱ་ཡི་ཕུན་ཚོགས། །
སྐྱིད་སྐྱིད་ཀོང་ཡུལ་ལུང་པ་བརྒྱ་བྱིན་གྱི་སྐྱེད་ཚལ། །
སྐབས་རེར་སྨུག་པའི་དར་གྱིས་གནམ་ས་གཉིས་སྦྲེལ་ཅིང་། །
ལན་རེར་འཇའ་ཚོན་རི་མོས་བར་སྣང་ཀུན་སྤུད་པས། །
གློ་བུར་རང་སེམས་གཞོན་ནུ་སྒྱུ་མ་ཡིས་བསླུས་ནས། །
ཐོལ་བྱུང་དག་པའི་ཞིང་ལ་འདྲེན་པ་དང་ལོས་འདྲ། །
ཤག་ཤག་ཆར་པའི་སྐུ་འཁྲུས་དགུང་སྔོན་ནས་གཏོར་དུས། །
ལྗང་ལྗང་རྩྭ་ལོའི་ལུས་ལ་བྱིན་རླབས་ཀྱི་མཐུ་ཞུགས། །
ཁྲོམ་ཁྲོམ་ཟིལ་པའི་མུ་ཏིག་ཕྲ་རྒྱན་གྱིས་བརྒྱན་པའི། །
མཛེས་མཛེས་མེ་ཏོག་ཚོགས་ཀྱང་ཅི་འདྲ་ཞིག་མཚར་ཨང་། །
ཤང་ཤང་རྦབ་ཆུའི་སྐད་སྒྲ་ནགས་གསེབ་ཀུན་ཁྱབ་ཅིང་། །
ལྷུང་ལྷུང་ཆུ་ཕྲན་བཞུར་བའི་མཛེས་སྡུག་དེ་མཐོང་དུས། །
རང་རང་སེམས་རྩ་འཁོལ་བའི་སེམས་ཁོང་གི་གླུ་ཆུང་། །
འཁྱུག་འཁྱུག་སྨྱུ་གུ་འགུལ་བའི་དབྱངས་རྟ་ལ་དྲངས་ཐལ། །
འུར་འུར་རོང་ལ་རྒྱུགས་པའི་གཙང་ཆུ་ཡི་ངོགས་ན། །
མང་མང་ཁྱུ་ཚོགས་བྱས་པའི་མཐོ་སྒང་གི་ནོར་ནག །
རང་རང་རྩྭ་ཆུར་རོལ་བའི་ངང་ཚུལ་དེ་མཐོང་ན། །
མཛེས་མཛེས་འགྲན་པའི་དོ་ཟླ་མི་ཡུལ་དུ་དབུལ་ངེས། །
རབ་རོབ་རྫ་ཡིས་རི་རྩེའི་ལ་ཐོད་དུ་བརྒྱན་ཅིང་། །
ཚང་ཚིང་ནགས་ཀྱིས་རི་སྐེད་མཆོར་ལྭ་རུ་བཀླུབས་པ། །
ཐར་ཐོར་གསིང་མས་རི་གཤམ་སྨན་གཡོག་ཏུ་བྱས་པའི། །
དུང་དུང་སེམས་ཀྱི་ཡུལ་དེ་སྒེག་མོ་ཡི་ལུས་འདྲ། །
ལེགས་ལེགས་སྒྱུ་རྩལ་མཁན་གྱི་པིར་ཁ་ལས་འཁྲུངས་པའི། །
ཡིད་འོང་བདེ་ལྡན་འཕོས་འདྲའི་གནས་མཆོག་གི་མཛེས་པ། །
གསལ་གསལ་སོ་བཞི་དབྱངས་ཀྱི་མཆོད་པ་རུ་འགུགས་དུས། །
རང་སེམས་འཚབ་པའི་སྨྱུག་ཁར་དལ་བབ་ཀྱི་ལྷོད་ཆགས། །