ལོ་དགུའི་སྔོན་གྱི་ཉིན་གུང་ཞིག་ལ། །
མཆོངས་སྐྱོད་སློབ་གྲྭའི་ཟ་ཁང་དེ་ནས། །
ང་ཡིས་ཁྱོད་རང་ཐོག་མར་མཐོང་བྱུང་། །
ཕྱི་ནང་གཉིས་ཀས་བདག་ཡིད་བཀུག་བྱུང་། །
ཉི་མ་དེ་ནས་གོ་སྐབས་བཙལ་ཏེ། །
ང་རང་ཁྱོད་ཀྱི་ཉེ་སར་བཏུད་ནས། །
སྙིང་གཏམ་ཕར་བཤད་ཚུར་བཤད་བྱས་རྗེས། །
སེམས་དང་བསམ་པ་གཅིག་ཏུ་འདྲེས་བྱུང་། །
དུས་ཚོད་ཅི་ཡོད་དམ་འཛིན་བྱས་ནས། །
ག་ལེར་ཕན་ཚུན་རྒྱུས་ལོན་བྱས་ན། །
ང་ཡི་མིང་ལ་རྩེ་གཞུང་ཆོས་བྷ། །
ཁོ་མོའི་མིང་ལ་ཨ་རིག་ཚེ་བྷ། །
ཕན་ཚུན་འབྲེལ་འདྲིས་ཡུད་ཙམ་བྱས་རྗེས། །
ཆར་ཟིམ་འབབ་པའི་མཚན་མོ་ཞིག་ལ། །
འུ་གཉིས་ཐོག་མར་ཐུག་འཕྲད་བྱས་པ། །
ད་ལྟ་ད་དུང་སེམས་ན་གསལ་ལོ། །
ལུས་སེམས་གཉིས་ཀ་མཉམ་དུ་འདྲེས་ཤིང་། །
ནམ་ཡང་མི་འབྲལ་དམ་བཅའ་བཞག་སྟེ། །
བརྩེ་བའི་རི་མོ་སེམས་སུ་བྲིས་པ། །
ད་ལྟའི་བར་དུ་འགྱུར་ལྡོག་བྱུང་མེད། །
མཉམ་འགྲོ་མཉམ་འདུག་ཉིན་མཚན་དེ་དག །
མི་ཚེ་འདི་ལ་བརྗེད་ཐབས་མི་འདུག །
ཕར་དགའ་ཚུར་དགའི་འཚོ་བ་དེ་རྣམས། །
ཕྱིར་མིག་ཀློང་ན་དྲོད་ཀྱིས་འཁྱིལ་ཡོད། །
ཁྱོད་རང་འུ་གཉིས་བརྩེ་དུང་ཆེད་དུ། །
དྲིན་ཆེན་ཕ་མའི་བཀའ་ལ་འགལ་མྱོང་། །
ངས་ཀྱང་འུ་གཉིས་ཞེ་འདང་ཕྱིར་དུ། །
གཏམ་དང་མི་ཁ་གདོང་གིས་བསུས་མྱོང་། །
བསམ་ངན་འགའ་རེས་དཀྲུག་ཤིང་བྱས་ཀྱང་། །
ཁྱོད་ཀྱིས་ང་ལ་སྲོག་བཞིན་གཅེས་མྱོང་། །
གཏམ་དང་མི་ཁའི་བུ་ཡུག་འཚུབ་རུང་། །
ངས་ཀྱང་ཁྱོད་རང་མིག་བཞིན་བསྲུངས་མྱོང་། །
རེ་བ་འདོན་མཁན་ཧ་ཅང་མང་རུང་། །
ཁྱོད་ཀྱིས་ཁོ་ཚོར་ཁ་ཡ་མ་བྱས། །
ཉེ་འབྲེལ་ཀུན་གྱིས་བཀག་ཀྱང་མ་ཁོག །
ང་རང་མ་གཏོགས་ཅི་ཡང་མ་བསམ། །
ངས་ཀྱང་ཕ་མས་རེ་བ་འཆང་སའི། །
བུ་མོ་མང་པོ་དང་ལེན་མ་བྱས། །
ཁྱོད་ཀྱི་བརྩེ་བ་སེམས་སུ་སྒོམ་ནས། །
གཞིས་ཁྱིམ་གཅིག་གི་འཆར་གཞི་འཐེན་ཡོད། །
ལྷན་དུ་དགའ་སྤྲོའི་དགོད་སྒྲར་རོལ་ཞིང་། །
མཉམ་དུ་སྐྱིད་པའི་ཁྲུས་ལ་ཞུགས་པའི། །
བརྩེ་ཞིང་མཐུན་པའི་ལོ་ཟླ་མོད་པོ། །
བཟའ་ཟླ་བཞིན་དུ་བསྐྱལ་བས་སྐྱིད་པ། །
ཨ་སྔོན་ནམ་མཁའ་གོས་སུ་གོན་ཞིང་། །
དོག་མོ་ས་གཞི་གདན་དུ་བཏིངས་ནས། །
ལྷད་མེད་བརྩེ་སྦྱོར་ལྷོད་ཀྱིས་གནང་བ། །
ནམ་མཁས་མཐོང་ནས་འགྲམ་ཆུ་ཤོར་ཡོད། །
ཁོ་ཚོ་ཁོང་ཁྲོ་མེ་ལྟར་འབར་ནས། །
ང་ལ་ཅི་ཙམ་འཁོན་རུང་སྐྱོན་མེད། །
སྡིག་དམོད་ཇི་འདྲ་བྱས་རུང་མི་སྐྱོན། །
ཁྱོད་ཀྱི་ཆེད་དུ་བཟོད་སྒོམ་ངས་ཐུབ། །
ང་ཡི་ཆེད་དུ་ལོ་འཁོར་གཅིག་ལ། །
ཁྱོད་རང་ཡུལ་ལ་ཡོང་གི་མ་བཅུག །
ལོ་གསར་ཚེས་གཅིག་ཚེས་པའི་ཉིན་ཡང་། །
ཁྱོད་རང་གཅིག་པུར་བསྡད་པས་སྐྱོ་བ། །
ཐེངས་ཤིག་འུ་གཉིས་ཆ་མ་འཐུ་རུ། །
སོང་བའི་ཉིན་དེར་གྲང་ངར་ཆེ་རུང་། །
ཁྱོད་རང་གམ་ན་ཡོད་པས་སྐྱིད་ཡོད། །
ཡ་ཆུང་སེམས་པ་དྲོད་ཀྱིས་གང་ཡོད། །
ང་རང་དཀའ་ཁག་གང་ལ་འཕྲད་རུང་། །
ཁྱོད་ཀྱིས་ནམ་རྒྱུན་སེམས་ཤུགས་བསྩལ་ནས། །
སྐྱིད་སྡུག་གང་ཡོད་མཉམ་དུ་ཁུར་བའི། །
འདས་དོན་རེ་རེ་བརྗེད་ཐབས་མི་འདུག །
མི་ཚེ་འདི་ཡི་ཚེ་གང་སྐྱ་ཡ། །
གཞན་ན་མེད་པར་ཁྱོད་ཡིན་འདོད་ཡོད། །
ཁྱོས་ཀྱང་ང་ལས་གཞན་མེད་བསམ་ནས། །
ལོ་དགུར་ཅི་ཡང་མ་འགྱུར་འགྲོགས་ཡོད། །
མི་ཚེ་འདི་ཡི་བརྒྱུད་རིམ་ཁྲོད་ནས། །
ཁྱོད་ལ་དགའ་དགའ་གཞན་ལ་མ་དགའ། །
ཁྱོད་ལ་དུང་དུང་གཞན་ལ་མ་དུང་། །
རྫུན་ནི་མི་བཤད་ཨ་སྔོན་གནམ་ཡིན། །
སྐྱིད་ཅིང་བདེ་བའི་འཚོ་བ་འདི་ཉིད། །
བར་ཆད་རླུང་གིས་གཏོར་འགྲོ་འདོད་མེད། །
དགའ་ཞིང་མཐུན་པའི་འུ་གཉིས་དམ་བཅའ། །
ནམ་ཡང་ཞིག་འགྲོ་སེམས་ལ་ཤར་མེད། །
འགྲོགས་ཤིང་འདྲིས་ནས་མཚམས་འདིར་ཐོན་དུས། །
ཁོ་མོའི་ཕྱོགས་ཀྱི་ལོ་ལོན་འགའ་ཡིས། །
ཚིག་ཆེན་སྟེང་ལ་མནའ་ཆེན་བཞག་ནས། །
ངེད་གཉིས་སོ་སོར་གྱེས་དགོས་བཤད་བྱུང་། །
སྐབས་འདིར་ཁོ་མོའི་མིག་ཆུ་ཆར་རེད། །
ཤག་ཤག་འཐོར་ནས་ས་གཞི་བརླན་བྱུང་། །
ང་ཡི་དངན་པ་དགུན་ཁའི་རླུང་རེད། །
འུར་འུར་གཡུགས་ནས་བར་སྣང་བསྒྲིབས་བྱུང་། །
ཁྱོད་རང་མ་དྲང་བསམ་པ་ངར་མེད། །
ཁྱོད་ལ་ཁག་མེད་ངས་ཀྱང་ལོས་ཤེས། །
ང་རང་གསོན་ཞིང་ཁྱོད་རང་བདེ་ན། །
རེ་ཐག་མི་ཆད་རེ་བས་སྒུག་ཆོག །
ཁོ་མོས་མགོ་བོ་ང་ལ་གླན་ནས། །
མིག་ཆུ་ཡུར་ཆུ་བཞུར་བཞུར་བྱེད་ཀྱིན། །
དཀོན་མཆོག་གསུམ་པོ་དཔང་ལ་བཞག་ནས། །
སེམས་ལ་འཛིན་རྒྱུའི་ཚིག་གཅིག་བཤད་ཀི །
སྙིང་དང་འདྲ་བའི་བདག་གི་ཆོས་བྷ། །
ཉིན་ཞིག་ང་ལ་རང་དབང་བྱུང་ན། །
སྔར་བཞིན་ཁྱོད་རང་འདེམ་རྒྱུ་ཡིན་ཟེར། །
གཞན་ཞིག་མི་དགོས་སེམས་ཐག་ཡིན་ཟེར། །
སྙིང་ནས་དགའ་བའི་ཁོ་མོའི་སེམས་གཏམ། །
སེམས་ཀྱི་དཀྱིལ་ལ་དྲོད་ཀྱིས་ཉར་ཡོད། །
ང་ཡང་ཁྱོད་དང་གཅིག་ར་གཅིག་ཡིན། །
ཁྱོད་རང་དབང་ན་སུ་ཡང་མི་དགོས། །
ཀྱེ་མ་ཀྱི་ཧུད་སྙིང་གི་ཚེ་བྷ། །
ཧ་ཅང་སྐྱོ་འོ་ཞེ་མཐུན་མཛའ་མོ། །
ལུས་པོ་བཙན་གྱིས་སོ་སོར་བཀར་ཡང་། །
སེམས་པ་ནམ་ཡང་འབྲལ་མེད་འགྲོགས་ངེས། །
ཁྱོད་རང་མ་འགྱུར་སྔར་བཞིན་དྲང་ན། །
ང་རང་གཞན་ལ་མི་འགྲོགས་སེམས་ཐག །
ངལ་ཞིང་དུབ་པའི་སེམས་འདིའི་རྨ་ཁ། །
ག་ལེར་གསོས་པའི་སྐབས་ཤིག་ཡོད་དམ། །
ལོ་ངོ་དགུ་ལ་འདྲིས་ཤིང་འགྲོགས་པའི། །
སྙིང་ནས་བརྩེ་བའི་ཞེ་མཐུན་མཛའ་མོར། །
དེ་རིང་འདི་ལྟར་བཙན་གྱིས་གྱེས་པས། །
ན་ཟུག་འདི་ཉིད་ཚིག་གིས་མཚོན་དཀའ། །
སྙིང་གི་ཚེ་བྷ་སྐྱིད་ཅིང་བདེ་ཤོག །
ནད་མེད་ཚེ་རིང་རྒྱུ་འབྱོར་དར་ཤོག །
གང་དུ་སོང་ཞིང་གང་ནས་བསྡད་རུང་། །
ལྷད་མེད་འཛུམ་མདངས་རྟག་ཏུ་བརྟན་ཤོག །
མ་ཤི་གསོན་བྲལ་བྱས་པའི་སྡུག་བསྔལ། །
ཉམ་ཆུང་ངེད་གཉིས་མྱང་དགོས་བྱུང་ཡང་། །
ཚེ་སྔོན་ལས་དང་སྐལ་བ་བཟང་པོས། །
མྱུར་དུ་འཛོམས་པའི་དུས་ཤིག་ཤར་ཤོག །