སེམས་པ་རླུང་གིས་སྤུར་ན་ཇི་ལྟར་འཛིན།
ཕུགས་བསམ་རི་རྩེར་ཐོགས་ན་སུ་ཡིས་ལེན།
ལང་ཚོ་འཁྱགས་པས་བསྡམས་ན་སུ་ཞིག་འབོད།
འཚོ་བར་ཨ་ཐང་ཆད་ན་སུ་ལ་ཞུ།
ད་དུང་།
རྒྱ་གྲོང་ཀློང་གི་བརྩེ་བ་དེ་ལ་ཡིད་ཆེས་དམར་པོ་བསྐོན་འོས་སམ།
སྙིང་གཏམ་ཁྲོད་ཀྱི་འཛུམ་དཀར་དེ་ལ་བསླུ་བྲིད་ཞིག་གི་རྙི་ཡོད་དམ།
རྨི་ལམ་དབྱིངས་ཀྱི་དམ་བཅའ་དེ་ལ་ལང་ཚོའི་མེ་ཏོག་འབུལ་རུང་ངམ།
ལེགས་ཉེས་འབྱེད་པའི་རྣམ་དཔྱོད་འདི་ཡིས་འདས་མ་ད་ཡི་ལུང་རྟོགས་སམ།
ཡིན་ནའང་།
ཁ་བ་དབྱར་ལ་བབས་ན་དུས་ཚུགས་ཤིག་གི་འགྱུར་བག་ཤེས།
མིག་ཟུང་རྒྱང་དུ་བསྲིངས་ན་རེ་སྒུག་ཤིག་གི་ཁ་ཕྱོགས་རྟོགས།
བསམ་གཞིགས་ཁོག་ཏུ་མིད་ན་འཚོ་བ་ཞིག་གི་གོ་རྟོགས་རྙེད།
ཡོད་ཚད་པང་དུ་ལེན་ན་འདོད་ཆགས་ཤིག་གི་མནར་གཅོད་མཐོང་།