གློག་འོད་ཟམ་ཟིམ།
རླུང་བུ་ཤུར་ཤུར།
རྒྱུ་ལམ་ན་མི་ཚོགས་ཀྱི་རླབས་རྒྱུན་གཡོ།
བཞི་ཚུགས་ན་རླངས་འཁོར་གྱི་འགྲུལ་བཞུད་བྲིན།
ལག་འཇུ་ཐེངས་གཅིག་གིས་རྨ་ཆུའི་འགྲམ་དར་ཞུ།
ཁྲི་ཀའི་རྒྱ་ལྕང་ལའང་མྱུ་གུ་འབུས།
དྭངས་ཤིང་གཙང་བའི་རྨ་ཆུ།
ཁྱེད་ཀྱི་དུང་སེམས་དང་ཞེ་འདང་འདྲ་ལེ།
འཁང་ར་དང་ལས་བདའ་མེད་པའི་ཁྲི་ཀ
ཕྱིར་མིག་འཕངས་རྗེས་ཀྱི་མིག་ཆུར་འཐིམས།
ཞེན་ཆགས་ཀྱིས་རུམ་པའི་ཁྲི་ཀའི་མཚན་མོ།
ཡིད་དུ་གདུང་བའི་མིག་ཆུ་དང་བསྡོངས་ཏེ་ཡལ།
རྨ་ཆུའི་ཟམ་ཁ་རུ་བཞག་པའི་ཞེ་བརྩེ།
དགུན་མཇུག་གི་ཁ་བ་རེད།
དཔྱིད་མགོ་མའི་སྔོ་དམར་རེད།
ཁྲི་ཀ འཁྲེང་ཞེན་ཀྱིས་འཚོས་པའི་ཁྲི་ཀ
ཡིད་སེམས་ཀྱི་གཏིང་ལ་སུག་མྱོང་བའི་ཁྲི་ཀ
གྱེས་གདུང་གིས་མནར་བའི་ཁྲི་ཀ
གཏམ་རྒྱུད་ཀྱིས་མ་བོར་བའི་ཁྲི་ཀ
མིག་ཆུའི་རབ་ཁ་ནས་སྐྱེལ་མ་ཡང་ཡང་བྱས་མྱོང་བའི་ཁྲི་ཀ
སྙིང་གཏམ་གྱི་བདུད་རྩི་ལུད་པའི་ཁྲི་ཀ
མཛེས་སྡུག་གིས་བཟི་བའི་ཡུན་ཐུང་གི་དག་ཞིང་།
འཆར་ཡན་གྱི་སྦུབས་སུ་ངང་གིས་ཚུད།
ཟླ་འོད་ལ་འཇམ་ཤ་གླན་ནས།
རྨ་ཀླུང་ལ་འཁྲེང་སེམས་སྐུར་དུས།
ལྷིང་འཇགས་ཀྱི་སྦྲང་རྩི་སྦྱིན་མཁན་ཁྱེད་ཡིན།
མངར་ཁ་ལྡན་པའི་ཡིད་ཀྱི་དྲན་པ།
ལན་བུའི་གསེང་ལ་ཤོར་བའི་སྐད་ཆ་ཤབ་ཤུབ་དག
ཕྱིར་དྲན་གྱི་རྣ་ཆས་བཏེགས་པའི་ཤེལ་གྱི་ཕྲ་རྒྱན་ཡིན།
ཐོ་རངས་ཀྱི་སྐར་ཆེན་ལྟ་བུའི་མིག་ཟུང་ལས།
ཡི་གར་འོང་བའི་མཆི་མའི་འོད་གོར་གྱི་བཀྲག་མདངས་འཚེར།
འཁྲུལ་སྣང་གིས་སྐད་ཅིག་སད་རྗེས་མི་ཚེ་ཞིག་བཟི་ལ་ཡལ།
ལས་ཀྱི་སྟབས་ཁ་མ་འགྲིག་པའི་ངང་ཆུང་།
མཚོ་མཐའི་དྲན་པ་ཉར་ནས་རྒྱང་ལ་ཆས།
སྨྲེང་བ་སྨུག་དང་འདྲེས་སོང་།
སྨུག་པ་རླུང་གིས་ཁུར་སོང་།