སྙིང་ཉེ།
དེ་དུས་སྟེ།
འུ་གཉིས་ངོ་ཤེས་པ་ནས་བཟུང་།
ཁྱོད་ནི་ངའི་སེམས་ཀྱི་ཚིག་མཛོད་ལས།
བོར་མ་མྱོང་བའི་ཐ་སྙད་ཡིན་ལ།
རྐང་ལ་ཟུག་པའི་ཡིག་འབྲུའང་ཡིན།
སྙིང་ཉེ།
མཚན་མོ་དེར།
ཟླ་བས་འུ་གཉིས་ཀྱི་འཇིག་རྟེན་ལ།
འོད་སྣང་གི་ལམ་སྟོན་བསྩལ།
བརྩེ་དུང་གི་གཞིས་ཁྱིམ་བསྐྲུན།
རྣམ་དག་གི་སྐར་ཚོགས་བཀྲ།
སྙིང་ཉེ།
བརྩེ་བ་ནི་མདུད་པ་ཞིག་རེད།
སྐུད་པ་གཉིས་ཕྱོགས་གཉིས་ནས་ཡོང་སྟེ།
མཉམ་གཅིག་ཏུ་གྲུབ་པའི་མདུད་པ་ཞིག་རེད།
དེ་བས། སྙིང་ཉེ།
དུས་དེ་ནས་བཟུང་སྟེ།
འུ་གཉིས་ཀྱིས་འགྱུར་མེད་ཀྱི་བརྩེ་བའི་མདུན་ནས།
མཉམ་དུ་ལྷོད་མི་སྲིད་པའི་མདུད་པ་ཞིག་བརྒྱབ།
སྙིང་ཉེ།
ལོ་ཟླ་དེ་དག་གི་རིང་ལ།
དགའ་སྐྱིད་ཀྱི་དགོད་འཛུམ་ཡོད།
དཀའ་སྡུག་གི་དུས་ཚོད་ཀྱང་ཡོད།
རྩོད་གླེང་དང་དཀའ་སྡུག་གི་ཁྲོད་ནས།
ཁྱོད་ཀྱིས་ངའི་ལག་པ་བཏང་མྱོང་མེད་ལ།
ངས་ཀྱང་ཁྱོད་ཀྱི་སེམས་པ་ཤོར་དུ་བཅུག་མེད།
སྙིང་ཉེ།
དུས་ཚོད་ཀྱི་གྲུ་ཁ་ནས།
ཉིན་མཚན་གྲངས་མེད་ཞིག་ཡུན་ནས་ཡུན་དུ་བཞུད་དུས།
ངའི་སེམས་ཀྱི་མེ་ལོང་ལས་ཤར་བ་ནི།
ཁྱོད་དང་ཕྲད་པ་ནས་བཟུང་།
ཕ་མ་དང་ནང་མིའི་འདང་བརྩེ་ལས།
གཞན་སུ་དང་གང་ཞིག་གིས་ཀྱང་།
ང་ལ་བདེ་སྐྱིད་དང་དྲོད་སྣང་སྟེར་མྱོང་མེད།
དེ་བས། སྙིང་ཉེ།
ཁྱོད་ནི་ངའི་ཚེ་སྲོག་གི་གཟུངས་ཐག་དང་།
ཚེ་གཅིག་གི་དྲན་ཤིང་ཡིན།
སྙིང་ཉེ།
དུས་དེ་རིང་།
ཁྱོད་རང་ཉི་མ་བཞིན་དུ།
ངའི་ནང་སེམས་ལ་ཤར་དུས།
སྐྱིད་སྡུག་འདྲེས་མའི་ཉིན་སྲིབ་བར་དང་།
ཕྲག་དོག་འཚོ་བའི་ལམ་ཕྲན་སྟེང་ནས།
ང་རང་དྲོད་ཀྱིས་བསྐྱངས་པ་མིན་ནམ།
སྙིང་ཉེ།
ངས་འདི་ལྟར་བསམ་ཞིང་བསམ་ན།
རང་སེམས་ཀྱི་འཇིག་རྟེན་རུ།
ཁྱོད་ཀྱི་བརྩེ་དུང་གི་ཁ་དོག་འབྲི་བ་ལས།
སྤྲིན་དཀར་དང་འཇའ་ཚོན་འབྲི་མི་འདོད།
སྙིང་ཉེ།
མདོར་དེད་ན།
དེ་ནི་འུ་གཉིས་ལ་དབང་བའི་ན་ཚོད་ཅིག་མ་ཡིན་ནམ།