དུས་ཚོད་ཀྱི་ཐག་སྣེ་དག་རིམ་གྱིས་བརྒལ་ནས།
ང་རང་བྲེལ་རྟབ་ངང་།
མི་ལོ་ཉེར་དྲུག་གི་སྒོ་ཐེམ་ལ་སླེབས་བྱུང་།
འདས་སོང་གི་ལོ་ཟླ་དག་ལ་ཕྱི་དྲན་ཐེངས་གཅིག་བྱས་རྗེས།
མི་ཚེ་ནི་རླུང་བུ་ཞིག་ལྟར་ཏབ་ཅིག་ལས་མ་འདས།
ཉི་མ་རེ་རེར།
དུས་ཚོད་ཀྱིས།
ང་ལ་ཞིབ་འདང་ཙམ་ཡང་རྒྱག་ལོང་མ་གནང་བར།
སེམས་པའི་ངོས་སུ་དགུན་ཟླ་ཚེས་བྱུང་།
ད་ནི་ངག་ནས་བརྡོལ་བའི་ཐ་སྙད་ཙམ་ཡང་།
འཁྱག་པས་ཕྱིད་འགྲོ་སྙམ་པའི་དགུན་ཟླ་རིང་མོར།
སྐད་ཆ་ཞིག་ཀྱང་ཤོད་དཀའ་བར་གྱུར་འདུག
ཁ་ནས་མི་རྟག་པ་རྐྱང་རྐྱང་གླེང་མཁན་དག་གིས།
དུས་ཚོད་ཀྱི་མེ་ལོང་མུན་པས་གཡོགས་ཐེངས་རེར།
རང་ཉིད་རྟག་པར་འཚོ་གཞེས་གནང་བར།
ལྐོག་ནས་ཐབས་ཇུས་མང་པོ་བཤམས་འདུག
ས་སྒང་འདིའི་ཉིན་སྲིབ་གང་དུ།
རྣམ་ཤེས་ཕྲ་མོ་ཞིག་ཀྱང་འདུག་ལོང་མེད་ས་ནས།
ང་ཚོ་ཅིས་ཀྱང་།
གནས་གཞན་ཞིག་ལ་འགྲོ་དགོས་པ་ཚོར་དགོས།