ཁྱེད་ཚོ་བྱ་རྒྱལ་རྒོད་པོ་བཞིན་གཤོག་ཟུང་རྒྱས་ནས་ནམ་འཕང་བསྟོད་རན་པའི་དུས་འདིར། ཁྱེད་ཚོ་ལ་གྱེས་ཁ་མའི་སྐད་ཆ་འགའ་ཕུལ་ན་བསམ་མོད། རྒྱུས་ཡོད་ཀྱི་ངོ་གདོང་དག་གིས་བརྩེ་བས་བརླན་པའི་མིང་དང་ཐ་སྙད་རེ་རེ་སྤང་ཐང་གི་ལུ་གུའི་ཁྱུ་ཞིག་འདྲོགས་པ་བཞིན། མགྲིན་པའི་ངག་སྒོ་རུ་འཚང་དུ་བཅུག་བྱུང་བས། གོ་རིམ་ཡེ་ནས་སྡེབ་ཐབས་མ་བྱུང་བའི་འུ་ཅག་མཉམ་འགྲོ་མཉམ་འདུག་གི་ལོ་ཟླའི་གཏམ་རྒྱུད་དང་འབྱུང་འགྱུར་ལ་བཏབ་པའི་མདུད་པ་ལྟ་བུའི་ཤ་ཚའི་སྙིང་གཏམ་དེ་དག མིག་ཆུའམ་ཅི་ཞིག་གིས་བརྣངས་པ་བཞིན་ཡུན་རིང་ངག་ནས་འཁྲོལ་དཀའ་བར་གྱུར་ལ། གང་ནས་མགོ་བརྩམས་ཏེ་ཇི་ལྟར་མཇུག་བསྡུ་དགོས་པའང་ཤེས་མ་སོང་བས། འུ་ཅག་གིས་ལྷན་དུ་བསྐྱལ་བའི་ལོ་ཟླ་ལ་བརྗེད་ཐོའི་ཚུལ་དུ་ཉ་དང་ཉུང་མ་བསྲེས་ཏེ་མགོ་རྔ་མེད་པ་ཞིག་བྲི་བར་བྱའོ། །
འདི་ནས་ཕྱིར་བརྩིས་པའི་ལོ་ངོ་གསུམ་གྱི་གོང་གི་འབྲས་ལྡན་སྟོན་གྱི་དུས་དེར། ཁྱེད་ཚོས་མལ་ཆས་སོགས་འཚོ་བའི་མཁོ་ཆས་དང་ལྷན་དུ་རེ་བའི་རྨི་ལམ་གྱི་རྡོག་ཁྲིས་ཐེག་ཚད་ཅིག་ཁུར་ནས་གནས་འདིར་སླེབས་ཤིང་། ལོ་ན་ཆུང་ཡང་རྣམ་རིག་གསལ་བའི་ཁྱེད་ཚོ། གཞུང་རྒྱུད་དྲང་ལ་སྨྲ་བ་མང་བའི་ཁྱེད་ཚོ། སྐབས་དེར་འཚོལ་སྙེག་དང་རེ་དོགས་ཀྱི་སེམས་པས་གནས་འདིའི་སྣོད་བཅུད་ལ་ཞིབ་ལྟ་དང་གཟན་ཉན་བྱས་ཡོད་ངེས། དངོས་གནས་བཤད་ན་ལོ་ངོ་འདི་དག་ནི་ཁྱེད་ཅག་འཚར་ལོང་གི་གོམ་ཁ་ཤིན་ཏུ་མྱུར་བའི་དུས་སྐབས་ཤིག་སྟེ། ལུས་སེམས་གཉིས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་འདུག ལོ་ངོ་གསུམ་གྱི་སྔ་རོལ་ཏེ་སྐབས་དེའི་བྱིས་པ་སྣབས་ལུགས་ཁྱུ་གཅིག་ནི། ད་ལྟའི་ཤ་དར་ཁྲག་དར་གྱི་གཞོན་ནུའི་དཔུང་ཁག་ཅིག་ཏུ་གྱུར་ནས། འདི་ལྟར་རང་སྐལ་རུས་པ་ཡིན་ཡང་དམུར་ནུས་ཞེས་པ་ལྟར་རང་བབས་ཀྱི་ལས་ལ་བློ་གཅིག་སེམས་གཅིག་གིས་གཞོལ་ནུས་ཤིང་། རང་ལམ་རང་གི་རྡོག་པས་བཅད་ནས་མདུན་དུ་བགྲོད་ཐུབ་མཁན་ཞིག་ཏུ་གྱུར་འདུག་པས། ང་ནི་ཁྱེད་ཚོའི་ཕྱི་ནང་གཉིས་ཀ་ནར་སོན་འདུག་ཨང་སྙམ་ནས་དགའ་བ་ཚད་མེད་འཕེལ།
ཁྱེད་ཚོ་ཐོག་མར་སློབ་གྲྭ་འདིར་སླེབས་དུས་ང་རང་དམིགས་ནས་ཡོང་བ་མིན་ངེས་མོད། ང་ལ་ལས་ཀྱིས་བསྐོས་པའི་ཁྱེད་ཚོ། སློབ་ཁྲིད་ཐོག་ཁང་གི་མདུན་གྱི་ཐང་ཆེན་དེར་ཐོག་མར་ངོ་འཕྲད་དུས། ལུས་ཀྱི་ཆ་བྱད་དང་ངག་གི་སྨྲ་བརྗོད་ལས་རྙེད་པའི་ཐོག་མའི་བག་ཆགས་ལྟར་མ་འོངས་པར་འཆར་ཡན་སྣ་ཚོགས་བྱས་པ་ཡིན། སྟོན་ཟླ་འབྲིང་བོའི་ཚ་གདུགས་ཆེ་བའི་ཉིན་དེར། རྔུལ་ནག་ཤམ་ཤམ་གྱིས་ཡུན་རིང་སྟར་ཕྲེང་བསྒྲིགས་ཏེ་མིང་ཐོ་འགོད་ཞོར་དུ། བཅོལ་གདམས་དང་རེ་ཞུ་ནན་ཏན་བྱས་འོང་བའི་ཁྱིམ་བདག་ཚོའི་ངོ་གདོང་དག་ཀྱང་ངས་ད་དུང་བརྗེད་མེད་རེད་དེ། ཤིན་ཏུ་ལྕི་བའི་ཁྱིམ་བདག་གི་རེ་བཞག་དང་དྭངས་ཤིང་གཙང་བའི་ཁྱེད་ཅག་གི་བྱིས་བློ་དྲི་མེད་ཀྱིས་བརྩིགས་པའི་སྐྱོ་ལ་བརྗིད་པའི་འགན་འཁྲིའི་རི་རབ་ཅིག་གིས་ང་རང་མནན་བྱུང་སྟེ། ད་ལྟའི་ཁྱེད་ཚོའི་མདུན་ལ་དཀར་གཙང་གི་ཤོག་བུ་ཁ་གང་བཞག་སྟེ། ཁ་བྱང་དང་ཆ་རྐྱེན་ཅི་ཡང་མེད་པར་རི་མོའམ་རྩོམ་ཡིག་འབྲི་བ་ལས་ཀྱང་ལྡབ་འགྱུར་གྱིས་འོས་འགན་ལྕི་བ་ཞིག་ཡིན་པས། ང་ཡི་ཚར་རྒྱུ་མེད་པའི་ཁ་ཏ་སློབ་གསོ་ལྟ་བུའི་ཚར་མེད་ཉོག་གཏམ་གྱིས་ཁྱེད་ཅག་གི་རྣ་བ་གཙེས་ཤིང་སེམས་ཁ་དཀྲུགས་པའི་མགོའང་དེའི་ཉིན་ནས་བརྩམས་པ་ཡིན། དེ་ནས་བཟུང་ངས་ཀྱང་བྱིས་པ་ཚོ་ལ་བྱིས་པ་ནང་བཞིན་གྱི་སློབ་གསོ་སྤྲོད་དགོས་པའི་གནས་ལུགས་ཤེས་ཡོད་མོད། མེ་ཏོག་ལ་ཆུ་ལུད་གཏོང་བ་བཞིན། ཞིང་ནང་གི་ལྡུམ་བུ་འབལ་བ་བཞིན། རྣག་དང་སྐྲན་ལ་གཏར་ཁ་འཕེན་པ་བཞིན། གང་ན་སྐྱོན་གྱི་མགོ་འབུས་བཞིན་ཡོད་ན། གང་ན་ཉེས་པའི་དྲི་མ་འགོས་བཞིན་ཡོད་ན། དེ་རུ་ང་ཡི་ལུས་ངག་ཡིད་གསུམ་ཐོན་དུ་བཅུག་པ་ཡིན་པས། ཁྱོད་ཚོ་ང་ལ་སྐྲག་ཅིང་སུན་སྣང་སྐྱེ་ཞོར་ང་ལ་གུས་བརྩི་བྱེད་ཅིང་སྙིང་ནས་ཉེ་བའང་འདི་ཡིས་ལན་པ་མིན་ནམ།
འུ་ཅག་གི་མཉམ་འགྲོ་མཉམ་འདུག་གིས་འདས་པའི་ལོ་ངོ་འདི་དག་ལ་ཕྱིར་དྲན་ཞིག་བྱས་ཚེ། སློབ་ཁྲིད་ཀྱི་སྐབས་ལ་གཉིད་ཀྱིས་འཐིབས་ནས་མགོ་བོ་རང་ལྕོག་མ་ཐུབ་པར་འདུག་ནའང་། ཨུ་ཚུགས་ཀྱིས་མིག་ཟུང་ཟུམ་མེར་སློབ་ཁྲིད་ལ་མཉན་ཁུལ་བྱེད་པའི་ཚུལ་དང་། མཚམས་རེར་སྔ་དྲོའི་སློབ་ཐུན་བཞི་བར་གྲལ་མཚེས་དང་ལྷན་དུ་ལྐོག་ནས་གོ་རེ་ཅོང་རྡོག་རེ་འཕྲོག་རེས་བྱས་ཏེ་ངས་མི་རིག་ས་ནས་ཁ་ནང་ལ་འཇོག་ཐབས་བྱེད་པ་དང་། སྐབས་རེར་ཁུག་མའི་ནང་གི་ཟས་རིགས་དེ་ཐུན་གཅིག་ལ་ལག་པས་འཕུར་འཕུར་བྱེད་པའམ་ཡང་ན་ཁ་ནང་ནས་མུར་མུར་བྱས་ཏེ་ཐུན་གཅིག་འགོར་དགོས་བྱུང་བའང་ཐེངས་གཅིག་མིན་པར་སྐབས་དུ་མར་ཡོད་ངེས། སྐབས་དེའི་ཁྱེད་ཚོ་ནི་ཟས་ཐུན་རེ་ལ་ཅོང་བརྡ་གྲགས་མ་ཐག་སྒོའི་ཕྱི་ནང་བར་ནས་ར་ལུག་ལྷས་ནས་འབུད་པ་ལྟར་འཚང་ཁ་རྒྱག་གིན་གཅིག་ལས་གཅིག་མགྱོགས་ཀྱིས་གསོལ་ཁང་ལ་རྒྱུག་རྒྱུར་དགའ་བར་མ་ཟད། ལན་རེར་ཕྱི་ན་ཁ་ཆར་དང་བུ་ཡུག་ཅི་འདྲ་རྒོད་ཀྱང་ལས་ཀ་ཞིག་ཡོད་ཚེ་བྱ་རྒོད་གཟན་ལ་རུབ་པ་ལྟར་འཕྲོག་རེས་བྱས་ཏེ་སྔ་གཞུག་རྩོད་པར་དེ་བས་ཀྱང་སྤྲོ། ཁྱད་པར་དུ་སློབ་གྲྭ་ཕྱིར་ཚོགས་ཐེངས་རེར་ཀར་སིལ་སོགས་ཟས་རིགས་ཐན་ཐུན་རེ་ལྷམ་དང་རྐང་འབོབ། དོར་མ་སོགས་ལྭ་བའི་བར་གསེང་གང་རུང་ལ་སྦས་ཏེ་དུག་རྫས་ལྐོག་འདྲེན་བྱེད་པ་ལྟ་བུའི་ཐབས་ལམ་སྣ་མང་དང་། སྤྱོད་ཁང་དང་མལ་ཁང་གི་གྲུ་ཟུར་གང་རུང་དུ་འཛུལ་ཅིང་གསང་བའི་གནས་སུ་རློམ་ནས་དུ་བ་ལྐོག་འཐེན་བྱས་པ། མཐོ་ལ་བརྗིད་པའི་སློབ་གྲྭའི་ར་སྐོར་གྱི་གྱང་ར་ལ་སྲོག་བསྡོས་ཀྱིས་འགོས་ཏེ་རྐང་ཚིགས་སྤར་ཅིང་ཤ་སྐྱི་བསྣད་ཀྱང་འཛེམ་བག་བྲལ་བའི་དཔའ་སྤོབས། གནམ་ནས་ལྷུང་བའམ་ས་ནས་སྐྱེས་པ་གང་ཡིན་མ་ངེས་ཤིང་། ཁྱོད་ཚོས་བློས་གཏོང་ཐབས་བྲལ་བའི་རང་གི་གློ་མཆིན་ལྟ་བུའི་ཁ་པར་ལྐོག་ཉར་བྱེད་པའི་ཐབས་རྩལ་བཅས་ཏེ་ང་ཚོ་ཧ་ལས་པར་བྱས་པའི་ཁྱེད་ཅག་གི་དཔའ་རྩལ་དེ་དག་གམ། ང་ཚོས་ཤིན་ཏུ་ཚབ་ཆེ་བའི་སྐྱོན་ཆ་རུ་བགྲངས་མྱོང་བ་དེ་དག་ཀྱང་། བྱམས་བརྩེའི་འཛུམ་དཀར་ཁོག་ཏུ་སྦས་ཏེ་ཟོལ་བཅོས་ཀྱི་སྨིན་མ་གཅིག་ཏུ་བསྡུས་ནས་ཁྲོ་ཚུགས་བསྟན་པ་མ་གཏོགས། དོན་ལ་དེ་དག་ནི་གུ་ཡངས་བཟོད་སྒོམ་བྱེད་ཐུབ་ངེས་ཀྱི་བྱིས་པའི་པྲ་ཆལ་གྱི་གཤིས་ཀ་ཁོ་ན་རེད། ཐ་ན་སྐབས་རེར་སྙིང་ཉེ་བའི་བྱིས་བློ་གཙང་མའི་སྤྱོད་པ་དེ་དག་མཐོང་ན་སྙིང་དུ་སྡུག་ཅིང་སེམས་ལ་འབབ་པ་ཞིག་རེད་ཨང་སྙམ་བྱུང་།
དུས་ཚོད་ཀྱིས་དེད་ནས་སྡོང་མགོ་གཅིག་གི་ཚང་མལ་ནས་གྱེས་དགོས་བྱུང་དུས། སྐབས་རེར་ནན་ཏན་མ་བྱས་པར་གང་འདོད་དུ་བྲིས་པའི་སྦལ་ནག་ན་ལ་བགྲད་འདྲའི་ཡི་གེ་ཡི་རི་མོ་མགོ་ཡུ་འཁོར་བྱེད་དེ་དག་དང་། ནམ་རྒྱུན་ཅི་ལྟར་བཅོས་ཀྱང་བསྒྱུར་ཏུ་མེད་པའི་རྒྱ་ཡན་དུ་གྱུར་བའི་ཡིག་ནོར་བདག་མེད་ལྡོམ་པོ་དེ་ཚོ། ཁྲལ་དང་འུ་ལག་ལྟར་དེད་ནས་འདུག་དགོས་པའི་ལས་བྱ་འགྲུབ་མེད་དེ་དག ཐ་ན་སློབ་གསེང་གི་བར་སྐབས་དག་ཏུ་རྟོད་ཐག་ཅིག་གིས་བརྟད་ཀྱང་རྩལ་སྦྱོང་ར་བར་ཤོར་འགྲོ་བ་ལྟ་བུའི་རྒོད་གཤིས་དེ་དག ཐམས་ཅད་ཁྱེད་ཚོ་ནང་བཞིན་ཡིད་དུ་འོང་ཞིང་ཞེ་ནས་འཁྲེང་སྟེ། དེ་ནི་ཁྱེད་ཅག་གི་ནར་སོན་གྱི་གོ་རིམ་གསལ་བའི་དྭངས་གསལ་གྱི་ལམ་ཕྲན་གྱ་གྱུ་ཡིན་པས། དེའི་གོ་རིམ་ཧྲིལ་བོའི་ལོ་ཟླ་དག་ང་དང་ང་ལྟ་བུའི་དགེ་རྒན་གྱི་མིང་ཙམ་འཛིན་པ་དག་གིས་ཀྱང་མཐོང་ཞིང་ཐོས་པའི་སྐལ་བ་ལྡན་པར་མ་ཟད། མི་ཚེའི་མཁའ་དབྱིངས་སུ་དཔྱངས་པའི་མཚར་སྡུག་ཡིད་འོང་གི་འཇའ་ཚོན་ལྟ་བུའི་ལང་ཚོའི་དུས་སྐབས་ཏེ། ཁྱེད་ཅག་གི་མི་ཚེའི་དབྱར་གཞུང་འདིར་ཁྱེད་ཅག་གི་སྡོང་གྲོགས་སུ་གྱུར་བ་ནི་བསྐལ་ཆེན་དུ་མའི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པས་ཡིན་ངེས་སྙམ་ནས་དགའ་ཞིང་སྤྲོའོ། །
དོན་ལ་ཁྱོད་ཚོ་ནི་བསླབ་ལ་བརྩོན་ཅིང་ཡ་རབས་གུས་སྲོལ་དང་ལྡན་པ། སློབ་མའི་མཚན་ཉིད་མ་ལུས་ཡོངས་སུ་རྫོགས་པ་ཞིག་ཡིན་ནའང་། ང་ནི་ཕྱི་ནང་གཉིས་ཆ་ནས་ཁྱོད་ཚོའི་མིག་ལྟོས་འཕེར་བའི་མཚན་ལྡན་དགེ་རྒན་ཞིག་གཏན་ནས་མ་ཡིན་ཏེ། གང་ལ་གང་འདོད་དེ་ལ་དེ་སྟོན་གྱི་ནུས་པ་ཞན་པས་ཁྱོད་ཚོར་ཐོབ་འོས་པ་མང་པོ་ཞིག་ངས་ཤོར་དུ་བཅུག་མེད་པའི་གདེང་ནི་ང་ལའང་མི་འདུག་མོད། རང་ནུས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཁྱེད་ཚོར་ཕུལ་བ་ཡིས་ང་ལ་བློ་འགྱོད་ཅི་ཡང་མི་འདུག ལན་རེར་བྱིས་པའི་ངང་ཚུལ་ལྟར་སྒྲིག་འགལ་དང་པྲ་ཆལ་གྱི་ལས་ཀ་བསྒྲུབས་པ་ན། སྡིགས་མོའི་ཚིག་རྣམས་སྨྲས་ཤིང་རྩུབ་མོའི་ལག་ཀྱང་འགུལ་བའི་ཐབས་རྡུགས་པའི་ལས་ཀ་སྣ་ཚོགས་བྱས་མྱོང་ལ། ཁྱེད་ཚོས་ལུས་སེམས་གཉིས་ཀ་ངལ་བས་གཟིར་གྱིན་རྔུལ་ཆུས་བྲིས་པའི་ལས་བྱའི་རི་རབ་ཀྱི་གསེབ་ལ། རང་ཉིད་ཚད་ཤིང་དང་རྒྱ་མ་བྱས་ཏེ་འགྲིག་མིན་གྱི་བརྡར་ཤ་རང་གིས་བཅད་ཅིང་། ཁྲམ་རྟགས་དམར་པོ་བརྒྱབ་པའང་གྲངས་ལས་འདས་པས། རྣམ་དཔྱོད་ཀྱི་རྟ་ཕོ་སྒྲོག་གིས་བཅིངས་པའམ་འཆར་ཡན་གྱི་གཤོག་ཟུང་རྡོ་ཡིས་མནན་པ་ཡོད་སྲིད་ན། ངས་ནི་ཁྱེད་ཚོ་ལ་དགོངས་དག་མ་ཞུས་ཐབས་མེད་ཡིན། ཞིང་ལ་ནས་བཏབ་ཀྱང་སོག་མ་ཞོར་ལ་བྱུང་བའི་བདག་གི་དགེ་བའི་ཞོར་གྱི་ཉེས་པ་ཆུང་ངུའི་ནོར་འཁྲུལ་ལ་ཡང་གུ་ཡངས་གནང་རོགས།
འུ་ཅག་ནི་འདི་ལྟར་ཚོང་འདུས་ཀྱི་མགྲོན་པོ་བཞིན་གནས་གཅིག་ནས་འཛོམས་ཏེ་སོ་སོར་གྱེས་དགོས་བྱུང་དུས། ངས་ནི་ཁྱེད་ཅག་ལ་བཀའ་དྲིན་ཞུ་འདོད་དེ། རྟ་ཕོ་སྒྲོག་ལ་མ་ཚུད་པར་རང་དབང་གི་སྤང་ཐང་ན་རྒྱུ་བ་ལྟ་བུའི་རྣམ་རིག་གི་གཟི་འོད་མིག་ཟུང་ནས་འབར་ཏེ། ཅི་ཞིག་ཤེས་འདོད་ཀྱི་འདུན་པ་གར་དུ་རྩེན་པའི་རྣམ་འགྱུར་མངོན་ཡོང་དུས། ཤེས་བྱའི་དཀའ་གནད་ཀྱི་མདུད་པ་ནན་ཏན་གྱིས་འགྲོལ་དགོས་པའི་སྣང་བ་འགོག་མིན་དུ་སྐྱེས་འོང་ལ། རང་ཉིད་འཐུས་ཇེ་ཚང་དང་རྒྱ་ཇེ་ཆེར་མ་བཏང་ཐབས་མེད་ཀྱི་ངར་ལྡུད་མཁན་ཡང་ཁྱེད་ཚོ་ལགས། དེ་བཞིན་དུ་བླ་ན་མཐོ་བའི་མིང་བྱང་འདི་ལྟ་བུ་ལ། ཚོན་མདོག་སྣ་ལྔའི་རི་མོའང་ཁྱེད་ཚོས་བྲིས་པ་ལགས་ཏེ། གཉིད་ཐུན་གཅིག་བཅག་པའམ་ཟས་ཐུན་གཅིག་ཆད་པ་ཡན་ཆད་ཀྱང་རིན་ཐང་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཡིན་པས། ང་དང་ང་ལྟ་བུའི་ནུས་མེད་དཀོར་ཟན་དག་ལའང་དོན་ཆེན་ཞིག་གྲུབ་ཡོད་སྙམ་པའི་མགོ་བོ་མཐོན་པོར་དགྱེ་བའི་ང་རྒྱལ་བསྩལ་མྱོང་།
ལོ་ངོ་གསུམ་ལ། ཆུང་དུས་ཕ་མས་ལྷུ་ཚིགས་མཐོ་ལ་ཚད་ནས་ནར་སོན་གྱི་གོ་རིམ་མིག་གིས་འཚོས་པ་བཞིན། ཁྱེད་ཅག་ཕྱོགས་ཡོངས་ནས་ནར་སོན་གྱིན་པ་མིག་གིས་འཚོས་ཤིང་སེམས་ཀྱིས་གཉོར་ནས་ཡོང་ན། ད་ནི་རྩེད་དགོད་གཡེང་བའི་བག་མེད་ཀྱི་བྱ་སྤྱོད་དེ་དག་ཡ་ཁའི་སྣབས་དང་ལྷན་དུ་རྒྱང་རིང་ལ་བོར་ཞིང་། གཞོན་པའི་ཟིལ་ཤུགས་མངོན་པའི་མིག་ཟུང་ལས་ཡིད་ཆེས་དང་སྤོབས་པས་ཁེངས་པའི་སྟོབས་ཀྱི་མེ་ལྕེ་འབར་གྱིན་པ་ཚོར་འོང་བས། ཁྱེད་ཅག་ནི་རེ་བའི་གཤོག་ཟུང་ལ་གཉོམ་ལག་རྒྱས་ཏེ་བྱ་རྒྱལ་རྒོད་པོ་བཞིན་འཕུར་ལམ་མཁའ་ལྟར་ཡངས་ཤིང་སྟོབས་ཤུགས་ལ་མཛད་མཐའ་མེད་པར་ཤོག
མཐར་ཁྱེད་ཅག་ལ་རེ་བའི་ཚིག་གསུམ་ཡང་ཞུ་རྒྱུ་འདུག་སྟེ། སྔ་རབས་ལོ་པཎ་ཚོས་འགྲོ་ཆོས་སུ་གདམས་པའི་བསླབ་བྱ་བཞིན་དུ་ཤ་གཟུགས་ཟ་རྐྱང་དང་ཇི་བཞིན་རྒྱུད་ལ་སྦྱོར་བའི་རིན་ཐང་མ་མཆིས་ཀྱང་། ང་ཚོ་དགེ་སློབ་དུ་གྱུར་བའི་རྟེན་འབྲེལ་འགྲིག་པ་ནས། སྐྱེ་བ་འདིར་འུ་ཅག་ནི་སྐྱིད་སྡུག་དང་དར་རྒུད་ཀྱི་སྒང་གཤོངས་མཉམ་དགོས་པའི་གནས་ལུགས་བྲག་ལ་བརྐོས་ཡོད་པས། ངས་ནི་མ་སྨིན་པའི་ཚིག་འགའ་ཞུ་བར་འདོད་དེ། མ་འོངས་པ་ཟེར་བའི་སང་ཉིན་དེ་ངས་བཤད་པ་ལྟར་གྱི་འཇིགས་རུང་དགྲ་བགེགས་འཚང་བ་ཞིག་ཀྱང་ག་ལ་ཡིན་ཏེ། ཁྱོད་ཚོའི་རྨི་ལམ་ན་འཁྲུལ་བའི་མཛེས་སྡུག་ཕུན་ཚོགས་ཀྱི་ཞིང་ཁམས་ཤིག་ཀྱང་ཡིན་མི་སྲིད་མོད། འཇིག་རྟེན་འདིར་མི་རེ་རེ་ལ་གདོད་ནས་དབང་བའི་གར་སྟེགས་དང་གདམས་ཀ་ནི་རྩོད་མེད་དུ་ཡོད་པས། ང་ཚོས་དེ་ཡི་རིན་ཐང་རྙེད་ཅིང་རིན་ཐང་སྐྲུན་པའི་ལམ་བུ་ནི་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་ལ། འོས་འགན་ལྕི་བ་ཞིག་ཡིན་པ་ག་ནས་བརྗེད་ཨང་། དྲིན་བྱས་དྲིན་དུ་གོ་བ་ནི་ལྷ་ཆོས་མི་ཆོས་ཀུན་གྱི་རྩ་བ་ཡིན་པས་དྲིན་ཤེས་དྲིན་གཟོ་མི་བརྗེད་པར་གྱིས། སྙིང་རྗེ་ལས་ཤེས་རབ་ཀྱི་མྱུ་གུ་འབུས་པས་བྱམས་པའི་སེམས་དང་རྒྱུ་འབྲས་ཀྱི་ལྟ་བ་མ་འབོར་ཅིག མི་ནི་སྐྱེས་མ་ཐག་ནས་ལྟེ་ཐག་གིས་སྦྲེལ་བའི་ལས་ཀྱི་མི་དང་ཡུལ་ཡོད་པས། ཇི་ལྟར་མཁའ་རུ་འཕུར་ཡང་ས་གཞིའི་པང་ལ་འབྱར་བའི་གྲིབ་གཟུགས་འབོར་མི་ནུས་པ་ལྟར། འདོར་ཐབས་མེད་པའི་ལས་ཀྱི་ལན་ཆགས་འདི་དག་ནི་སེམས་ཀྱི་འཁྲི་ཤིང་དུ་འཛིན་རོགས། མིག་རྒྱང་ཇི་ལྟར་རིང་ན་མདུན་ལྗོངས་དེ་ལྟར་ཡངས་ལ། ཐོས་རྒྱ་ཇི་ལྟར་ཆེ་ན་ནང་སེམས་དེ་ལྟར་ཕུན་སུམ་ཚོགས་པས། མི་ཚེ་གཅིག་ལ་ཐོས་པ་འཚོལ་བའི་གོམ་མཚམས་མ་འཇོག་ཅིག མདོར་ན་ཀུན་ལ་བརྩེ་བའི་བྱམས་སེམས་དང་ཟད་པ་མེད་པའི་བརྩོན་འགྲུས། ཟབ་གསལ་མྱུར་བའི་ཤེས་རབ་བཅས་ནི་ཚེ་གང་བོར་ལུས་དང་འབྲལ་མེད་བྱེད་དགོས་པའི་སྲུང་འཁོར་ཡིན་པས། དྲང་ཞིང་སྲོང་ལ་བདེན་པའི་གཏམ་གྱིས་ལྟོ་ཟོས་ཏེ། དཔའ་ཞིང་བརྟན་ལ་རྒྱུ་འབྲས་གཙང་མའི་གོས་གྱོན་ནས། འཇིག་རྟེན་མི་ཡི་འཚོ་བར་རོལ་བའི་སེམས་ཀྱི་གཟེངས་བསྟོད་པར་བྱའོ། །