ཁོ་བོའི་ཕྱིར་དྲན་གྱི་བྱ་ཁྱུ་སླར་ཡང་བྱིས་དུས་ཀྱི་འཚོ་བར་ལྡོག་དུས། བྱིས་དུས་ནི་ཅི་འདྲའི་སྤྲོ་སྣང་དང་མཚར་སྣང་གི་རྔམ་ཁ་སྟུག་པའི་ངོ་མཚར་གྱི་དུས་ཚིགས་ཤིག་རེད་ལ། བྱིས་དུས་ནི་ཅི་འདྲའི་རྩེད་འཇོ་མང་ལ་རང་དབང་ཆེས་ཆེ་བའི་མཛེས་སྡུག་གི་འཇིག་རྟེན་ཞིག་ཀྱང་རེད་ཨང་།
བྱིས་དུས་སུ་ས་འདམ་གྱི་རྩེད་ར་ཆུང་ཆུང་དུ་ང་ཚོ་བྱིས་པ་ཚོའི་དྲེག་པས་གང་བའི་ལག་ཆུང་གཉིས་པོས་ས་འདམ་གྱི་རྟ་བོང་བ་ཕྱུགས་སོགས་སྒོ་ཕྱུགས་སྣ་ཚོགས་ཀྱི་འཇིམ་གཟུགས་མང་པོ་བཞེངས་ཡོད་ལ། ཤིང་ཙག་དང་རྡོ་གཡམ་བསྒྲུགས་ནས་ཁང་ཆུང་བསྐྲུན་ཏེ་ང་ཡིས་ཕ་དང་ཁྱོད་ཀྱིས་མ་བྱས་པའི་གཏམ་རྒྱུད་མང་དག་ཅིག་བདག་གི་ཡིད་ཀྱི་ཁང་བཟང་དུ་ཅི་འདྲའི་སྙིང་དུ་སྡུག་ཨང་།
བྱིས་དུས་སུ་རྟ་བདུན་དབང་པོས་འཇིག་རྟེན་ཁྱོན་ལ་འཁྲེང་ཞེན་གྱི་ཕྱིར་མིག་གཟིགས་ཀྱིན་ནུབ་ཕྱོགས་ཆུ་ལྷའི་ཕང་བར་གཟིམས་ནས་དཀར་གསལ་དུང་ཟླ་ཡིས་འཇིག་རྟེན་ཀུན་ལ་འོད་དཀར་གྱི་ཟེགས་མ་རེ་རེ་ཀུན་གསལ་ལམ་ནས་ཕངས་མེད་སྟོར་དུས། ང་ཚོ་ཕན་ཚུན་ཚོ་པ་དང་ཚོ་པ་བྱས་ནས་གཞས་དང་ཞབས་བྲོའི་འགྲན་སྡུར་དང་། མཚམས་རེ་ཕན་ཚུན་ལ་ཚོ་ཁག་དང་ཚོ་ཁག་བྱས་ཏེ་གབ་རེས་འུར་རེས་སོགས་གང་ལྟར་རྩེད་མོ་སྣ་ཚོགས་ཤིག་ལ་ལོངས་སུ་སྤྱད་མྱོང་།
དེ་ལས་ཀྱང་ངའི་བློ་རྒྱུའི་མཚམས་དང་ཡིད་ཀྱི་གཏིང་རུམ་ནས་ནམ་ཡང་བསུབ་ཏུ་མེད་པར་རྟག་བརྟན་ཐེར་ཟུག་གི་རི་མོ་ཇི་བཞིན་གནས་པ་ནི་ང་ཚོ་གྲོགས་མཆེད་ཚོས་གྲོགས་ཆང་རྒྱག་དུས་རེད།
གྲོགས་ཆང་རྒྱག་པ་ནི་ང་ཚོའི་ཕ་ཡུལ་དུ་གྲོགས་པོ་ཕན་ཚུན་ཁྱིམ་ཚང་གཅིག་ཏུ་མཉམ་དུ་འཛོམས་ནས་ཉུང་མཐར་ཡང་ཐུགས་སྤྲོ་ཉིན་བཞི་ལྔ་གཏོང་གི་ཡོད་ལ། མང་བར་ཉིན་དྲུག་བདུན་གཏོང་མཁན་ཡང་ཡོད། དེ་ནི་གཞོན་སོ་དཀར་གྱི་བྱིས་པ་ཡན་ཆད་ནས་རྒན་སྐྲ་དཀར་གྱི་རྒན་འཁོགས་མན་ཆད་ཀྱི་སྐྱེས་པ་ཕོ་ཕལ་མོ་ཆེས་བཏང་སྲོལ་ཡོད་མོད། སྤྱིར་ན་བུ་མོ་གྲོགས་ཆང་རྒྱག་མཁན་ཉུང་ཉུང་རེད། བྱིས་དུས་སུ་ང་ཚོ་བྱིས་པ་རྣམས་གྲོགས་ཆང་རྒྱག་དུས་དགོང་མོ་རང་ཁྱིམ་ལ་མ་ལོག་པར་གནས་ཚང་གང་དུ་འཁེལ་ཡང་དེའི་ཁྱིམ་དུ་ཉལ་རྐྱང་བྱེད་ཀྱི་ཡོད།
སྔོན་ཆད་བཟའ་བཏུང་གི་དངོས་པོ་མར་དང་། ཆང་། ཟས་སྣུམ། རྩམ་པ། བག་ཕྱེ་སོགས་དང་། ཞོག་ཁོག ལ་ཕུག་སོགས་ཆ་སྙོམས་ཀྱིས་གྲོགས་པོ་སོ་སོ་ནས་བསྡུ་ཡི་ཡོད། དེའི་ནང་ནས་གཙོ་བོ་ནས་འབྲུ་མང་ཉུང་ཅི་འདྲ་བསྡུ་མིན་དེ་ཡིན། ༼ ཐོན་ཁུངས་གཙོ་བོ་ནས་ཡིན་པས་རེད ༽ བསྡུས་པའི་ནས་འབྲུ་དེ་ཚོང་ཁང་དུ་ཁྱེར་ནས་བྱེ་ཞིབ་དང་། བྱེ་རིལ། ཕག་ཀྲིན། ཕིང་སོགས་ཉོ་ཡི་ཡོད། མདོར་ན་ནས་འབྲུ་དེས་སྐབས་དེ་དུས་ཟ་རྒྱུ་དཀོན་པའི་ཞིམ་ཟས་ལྟ་བུའི་བཟའ་བྱ་དག་ཉོ་ཡི་ཡོད། འབྲུ་བསྡུ་དོན་ཡང་སྐབས་དེ་དུས་ཕ་ཡུལ་གྱི་ཡུལ་མི་རྣམས་དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞི་པོ་ལོ་གཅིག་ཁོར་མོ་ཡུག་ཏུ་ས་ཞིང་ཁོ་ནར་འཐམས་པས་ཕྱི་ལོགས་སུ་ཞོར་ལས་ཡོང་འབབ་གསོག་པའི་ལུགས་སྲོལ་མེད་པས། དངུལ་གྱི་ཡོང་ཁུངས་དབེན་པས་དུས་རྒྱུན་ནས་མི་རྒན་ཚོས་ཀྱང་རྒྱུན་མཁོའི་དངོས་པོ་ཙག་ཙིག་ཉོ་དགོས་ཚེ། སླེལ་པོའི་ནང་འབྲུ་བླུགས་ནས་མགོ་རས་དང་པང་གདན་སོགས་ཀྱིས་ཁེབས་གཡོགས་ནས་ཚོང་ཁང་དུ་ཁྱེར་ཏེ་དགོས་མཁོ་ཆེ་བའི་ཚོང་ཟོག་དང་བརྗེ་པོ་རྒྱག་གི་ཡོད།
གྲོགས་ཆང་མ་རྒྱག་པའི་སྔོན་ལ་གྲོགས་པོ་རྣམས་མཉམ་དུ་འདུས་ཏེ་སུའི་ཁྱིམ་དུ་གནས་ཚང་གཡར་མིན་དང་། དུས་ཚོད་གང་ལ་འཛོམས་མིན། གྲོགས་ཆང་ཉིན་ག་ཚོད་རྒྱག་མིན། འབྲུ་མང་ཉུང་ཅི་འདྲ་བསྡུ་མིན་སོགས་གྲོས་སྡུར་ལེགས་པར་གྲུབ་རྗེས་ཕ་མའི་མདུན་དུ་མཁས་མཁས་སྙན་སྙན་གྱིས་རང་གི་འཇོན་ཚོད་ཀྱི་ལས་ཀ་ཧུར་ཐག་བྱས་ནས་ཕ་མར་གྲོགས་ཆང་སྟེར་རོགས་ཞེས་བཤད་ནས་ཕ་མའི་མཆོག་མཆན་ཐོབ་རྗེས་ད་གཟོད་དགའ་ཚོར་ཆེན་པོས་གྲོགས་པོ་གཞན་དང་དུས་ཆད་ལྟར་འཛོམས་ཀྱི་ཡོད། སྐབས་རེར་གྲོགས་པོ་རེ་འགར་ཕ་མས་གྲོགས་ཆང་མ་སྟེར་བའི་སྐབས་ཀྱང་ཡོང་གི་ཡོད་པས། ངུ་གིན་དུ་ང་ཚོའི་སར་ཡོང་ནས་ང་ལ་ཕ་མས་གྲོགས་ཆང་སྟེར་མ་བྱུང་ཞེས་བཤད་དེ་ལོག་འགྲོ་ཡི་ཡོད།
དགུན་དུས་ནི་གྲོགས་ཆང་རྒྱག་པའི་ནམ་དུས་ཡག་ཤོས་ཡིན་ཞེས་བཤད་ཆོག ཕལ་ཆེར་གྲོགས་ཆང་རྒྱག་པའི་སྲོལ་གཏོད་པ་པོ་མེས་པོ་བློ་གྲོས་ཅན་གང་དེས་ཀྱང་དགུན་དུས་ནི་ཕྱུགས་རིགས་བཤས་ལ་གཏོང་བའི་དུས་ཚིགས་ཡིན་པས། ཤ་ཅུང་འབེལ་བའི་རྐྱེན་གྱིས་ཡིན་ལ། ཟས་རིགས་འཕྲོ་བརླག་ཏུ་འགྲོ་དཀོན་པའི་ནམ་དུས་ཤིག་དང་། སོ་ནམ་ཞིང་པ་རྣམས་ཀྱང་ཅུང་དལ་བའི་དུས་སྐབས་ཀྱང་ཡིན་པས་རེད་སྙམ།
བྱིས་དུས་སུ་ང་ཚོ་གྲོགས་ཆང་རྒྱག་པའི་ཉིན་དེ་དག་གི་རིང་ཧ་ཅང་སྐྱིད་པོ་ཡོང་གི་ཡོད། དེ་དུས་དགོང་མོ་ང་ཚོ་ཕན་ཚུན་གཉིས་རེ་གཉིས་རེ་བྱས་ནས་ཉལ་ཆས་གཅིག་ནང་མཉམ་དུ་ཉལ་བ་དང་། ཞིམ་པའི་ཟས་ལ་མཉམ་དུ་རོལ་ཞིང་། སྐྱིད་པའི་རྩེད་མོ་སྣ་ཚོགས་མཉམ་དུ་བརྩེས་པ་སྟེ། རྡོ་སྒོར་རྒྱག་པ། སྦེ་ཀ་འགྲན་པ། ཁེམ་ཆུང་འགྲན་པ། ༼དེ་ནི་སྦྱག་མའི་སྟེང་དུ་རྡོ་ལེབ་ཆེ་ཆུང་རན་པོ་ཞིག་བཞག་ནས་རྡོ་དེ་རྒྱང་རིང་ཐུང་གཡུགས་ཐུབ་མིན་འགྲན་པ༽ གཉའ་རྩལ་འགྲན་པ། ཤོ་རྩེད་འགྲན་པ་སོགས་རྩེད་མོ་སྣ་ཚོགས་རྩེ་གི་ཡོད་པས། གྲོགས་ཆང་རྒྱག་པ་ནི་ལུས་རྩལ་འགྲན་ཚོགས་ཀྱི་སྟོན་མོ་ཆེན་མོ་ཞིག་ཀྱང་རེད་ཅེས་བརྗོད་ན་མི་ཆོག་པ་མེད་སྙམ།
མཚན་མོས་མུན་པའི་ན་བཟའ་སྟུག་པོ་བཞེས་དུས་ང་ཚོ་གྲོགས་མཆེད་ཚོས་གཞས་དང་ཞབས་བྲོའི་སྒོ་མོ་དལ་གྱིས་ཕྱེ་ནས་རང་རང་གིས་ཤེས་ཚོད་ཀྱིས་རྐང་བྲོ་གླུ་གཞས་ལ་རོལ་བས་གནས་ཚང་གི་རྒན་འཁོགས་ཚོ་རྣ་བ་བསུན་ནས་ད་འཕྱི་པོ་ཆགས་འདུག ཨོ་ལོ་ཚོ་ཉལ་རོགས་ཞེས་གསུངས་པ་ཡང་ཡང་དྲན་གྱིན་འདུག
གང་ལྟར་བྱིས་དུས་སུ་གྲོགས་ཆང་རྒྱག་དུས་ཅི་འདྲའི་སྣང་བ་སྐྱིད་ཅིང་། ཅི་འདྲའི་རང་དབང་ཆེ་བའི་བདེ་སྐྱིད་ཀྱི་ཉིན་མོ་དེ་དག་ནི་དེང་དུས་ཀྱི་གྲོང་ཁྱེར་ནང་གི་བྱིས་པ་ཚོས་བློ་ཡིས་ཤེས་ཐབས་བྲལ་བ་ཞིག་རེད།
གྲོགས་ཆང་རྒྱག་པ་དེ་ནི་ཉི་ཚེ་བའི་བདེ་སྐྱིད་ཐོབ་ཐབས་ཙམ་ཁོ་ན་མ་ཡིན་པར། གྲོགས་པོ་ཕན་ཚུན་དབར་གྱི་ཕྱི་ཐག་རིང་དུ་གཏོང་ཐབས་ཞིག་ཀྱང་ཡིན། ཆུང་ནས་བསྒྲིགས་པའི་གྲོགས་པོ་ཕལ་མོ་ཆེ་མ་ཤི་རྒན་འཁོགས་བར་མཛའ་གཅུགས་ཀྱི་དར་སྣེ་རིང་དུ་སྲིང་གིན་ཡོད།
ང་ཚོའི་ཕ་ཡུལ་དུ་སྔར་ནས་ད་ལྟ་བར་ལ་སྐྱེ་བོ་གང་ཞིག་ལུས་ཀྱི་མགྲོན་ཁང་ཤུལ་དུ་བཞག་ནས་རྣམ་ཤེས་ཀྱི་མགྲོན་པོ་གཞན་དུ་གཤེགས་ཚེ། གཤིན་པོའི་རྗེས་འཇུག་གི་བྱ་བ་དག་ཆུང་བསྒྲིགས་གྲོགས་མཆེད་དག་གིས་སྒྲུབ་རོགས་བྱེད་ཀྱི་ཡོད་པ་སྟེ། ཕུང་པོ་བྱ་སྟོར་གྱི་བྱ་བ་དང་། དགོན་སྡེ་ཁག་ལ་མཆོད་འབུལ་སྨོན་ལམ་སོགས་བསྒྲུབས་པས། འཇིག་རྟེན་ཕྱི་མར་འགྲོ་མཁན་རྣམས་གནས་བཟོད་བདེ་ཞིང་། འཇིག་རྟེན་དཀར་ངོགས་སུ་འཚོ་ཞིང་གནས་པ་དག་ལ་སེམས་གསོ་ཐོབ་ཀྱི་ཡོད། སྤྱིར་ན་གྲོགས་པོ་སྒྲིག་དུས་སྤུན་མཆེད་དང་མཉམ་དུ་གྲོགས་པོ་སྒྲིག་གི་མེད། དེའི་རྒྱུ་མཚན་ནི་ཕུང་པོ་བྱ་སྟོར་སོགས་ཀྱི་བྱ་བར་སྤུན་མཆེད་ཀྱིས་ལག་པས་འཇུ་མི་ཉན་པས་རེད།
ད་ལོའི་དགུན་གསེང་རིང་ང་རང་ཕྱིར་ཕ་ཡུལ་དུ་འཁོར་ཞག་ལ་འགྲོ་དུས་ཏག་ཏག་གཅུང་པོ་གྲོགས་མཆེད་ཚོ་ང་ཚོའི་ཁྱིམ་དུ་གྲོགས་ཆང་རྒྱག་སྒང་རེད།
ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་ལ་འཚོ་བ་རྒྱས་པའི་སྐལ་པ་བཟང་པོའི་དུས་སྐབས་འདིར་ཁོ་ཚོས་མཉམ་དུ་དངུལ་བསྡུས་ནས་ཤ་ཉོས་པ་དང་། ཉིན་རེར་ཆང་ཚོད་རེ་སོ་སོའི་ཁྱིམ་ནས་ཁྱེར་བ་ཕུད། གཞན་བཟའ་བཏུང་གི་འགྲོ་གྲོན་ཚང་མ་གནས་ཚང་རེས་མོས་འཁེལ་བའི་ངེད་ཚང་ནས་གཏོང་གི་ཡོད་པ་དང་། ད་དུང་ཟ་མ་ཐུབ་ཀྱང་ཚལ་རིགས་སྣེ་མང་མིག་གི་ལོངས་སྤྱོད་དུ་བཤམས་ཀྱི་ཡོད་པའི་བག་མེད་རྒྱས་སྤྲོས་ཀྱི་འཚོ་བ་སྐྱེལ་སྟངས་དེས། དངོས་གནས་ཟས་རིགས་མང་པོ་དེ་འདྲ་དོན་མེད་ཆུད་ཟོས་སུ་གཏོང་བ་ནི་ཅི་འདྲའི་ཕངས་སེམས་སྐྱེ་དགོས་པ་ཞིག་རེད་ཨང་།
ད་དུང་། དེང་སྐབས་ཕ་ཡུལ་དུ་གྲོགས་ཆང་རྒྱག་མཁན་ཚོས་གྲོགས་ཆང་རྒྱག་དུས་ཡིན་ཅིག་སྒྲ་སྐྱེད་སྒམ་ཞིག་ཁང་པའི་ཡང་སྟེང་དུ་བཙུགས་ནས་དེ་ལས་ཉིན་གང་དེང་དུས་དར་ཁྱབ་ཆེ་བའི་གླུ་གཞས་སྐད་ཤུགས་ཆེན་པོས་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་། དེ་ནི་ངོ་མ་གྲོང་པ་ཁྱིམ་མཚེས་གཡས་གཡོན་རྣམས་རྣ་ཅོག་བསུན་པའི་རྒྱུ་རུ་ཟད་པས། དཔེ་གསར་ཅན་གྱི་བྱེད་སྟངས་དེ་ནི་ངེས་པར་དུ་འདོར་དགོས་ངེས་ལགས། མ་ཟད་ད་དུང་ཁོ་ཚོས་ཁ་ལག་ཟ་རྒྱུ་གཙོ་བོར་མི་བརྩི་བར་ཆང་འཐུང་ཁོ་ནར་ཞེན་པས། ཉིན་རེར་མི་རེས་ཆང་ཚོད་རེ་བཏུངས་ཚར་གྱི་འདུག
མཚན་མོ་དེར་མཚན་དགུང་གི་སྨག་རུམ་སྟུག་པོའི་ཁྲོད་དུ་ང་རང་མལ་འཁྲིའི་སྟེང་དུ་འགྲེ་ལྡོག་ཡང་ཡང་རྒྱག་གིན་དུ། ཡིད་སེམས་ཀྱི་དཀྱིལ་འཁོར་དུ་གཅུང་པོའི་གྲོགས་པོ་ཚོ་དང་འདྲ་བའི་ཆང་འཐུང་ཁོ་ན་གཙོ་བོར་འཛིན་པའི་གྲོགས་ཆང་རྒྱག་སྟངས་དེར་སེམས་ཁྲལ་ཡང་ཡང་བྱེད་དགོས་བྱུང་ལ། ཕ་ཡུལ་གྱི་ཡུལ་མི་ཀུན་གྱིས་ཀྱང་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སྲོལ་རྒྱུན་གྱི་གྲོགས་ཆང་རྒྱག་པའི་གོམས་སྲོལ་ལ་སྙིགས་འདོར་བཅུད་ལེན་གྱིས་འགྱུར་བཅོས་བཏང་སྟེ་གྲོགས་པོའི་མཛའ་གཅུགས་ཀྱི་ཀ་བ་ཇེ་བརྟན་དུ་གཏོང་ཐབས་དང་། གྲོགས་པོའི་ཚེ་སྲོག་གི་རྒྱུན་ཐག་ཇེ་བསྲིང་དུ་ཡོང་ཐབས་ལ་བསམ་གཞིག་ཡང་ཡང་བྱེད་དགོས་བྱུང་།