ནོར་སྐྱོང་ནི་ཁྱི་ཞིག་གི་མིང་ཡིན། འདོད་རྒྱལ་ཡིན་ལ་རྗེས་གྲུབ་ཡིན་པ་འདྲ་བའི་མིང་སྙན་མོ་འདི་ནི་ངའི་ཨ་ཕས་བཏགས་པ་རེད། ནོར་སྐྱོང་ནམ་རྒྱུན་སྨྲ་ཤེས་ཤིང་དོན་གོ་བའི་གང་ཟག་ཅིག་དང་འདྲ་བར། ངེད་ཚང་གི་བཟའ་མིའི་གྲས་སུ་འཚང་སྟེ། འཚོ་བ་རོལ་གྱིན་ཡོད་ལ་ངེད་ཚང་གི་བཟའ་མི་ཚང་མས་ཀྱང་ཁོ་སྙིང་ཉེ་བའི་ནང་མི་ཞིག་གི་ཚད་དུ་བཞག་ནས་གཉོར་སྐྱོང་བྱེད་ཀྱིན་ཡོད། དོན་ངོ་མར། ང་ཚོས་ཁོ་གཉོར་སྐྱོང་བྱེད་ཀྱིན་ཡོད་ཟེར་ན་ཡང་འགྲིག་མིན་གསལ་བོ་ཞིག་བཤད་དཀའ་སྟེ། ཞིབ་ཏུ་བསམ་ན་ཁོས་ང་ཚོ་སྐྱོང་གིན་ཡོད་པ་འདྲ།
ནོར་སྐྱོང་ནི་ངས་ཨ་ཕ་ཡུལ་དུ་ཡོད་མེད་བརྟག་བྱེད་ཀྱི་བརྡ་རྟགས་ཤིག་ཡིན། ང་བེའུ་རྫིར་སོང་སྟེ་ཉིན་གང་ལ་བྱིས་པ་གཞན་དག་དང་ལྷན་དུ། ཆུ་རྩེད་ཀྱིས་ཉིན་འདའ་བའམ། འབའ་བཏབ་སྟེ་ཉིན་གཅིག་གི་དུས་ཚོད་ཡོངས་སུ་རྫོགས་པ། ཡང་ན་འཕར་རྡོ་འཕངས་ཏེ་དགོང་ཕྱི་དྲོའི་གྲིབ་ཆེན་ཆུ་ལ་འདྲེན་པ། ཨ་བྲ་བཟུང་ནས་རྔོན་པའི་རྣམ་ཐར་སྐྱོང་བ་སོགས་བྱིས་པའི་ལས་ཀ་མང་པོ་བསྒྲུབས་རྗེས། བེའུ་དེད་དེ་ཡུལ་དུ་ལོག་དུས་དང་། ཨ་མས་ལག་བཙེམ་བྱས་པའི་རས་ཀྱི་དཔེ་ཁུག་ཏུ་གྲུ་སྣེ་བལྟབས་ཆག་དང་། རིལ་བུར་ཆགས་པའི་དཔེ་དེབ་འགའ་ཤས་བཅུག་སྟེ་སློབ་གྲྭ་ནས་ཕྱིར་ཡུལ་ལ་ལོག་ཐེངས་རེ་རེར། ངེད་ཚང་གི་སྦྲའི་སྒོ་ཡོལ་འོག་དང་། ཡང་ན་ཐོད་མགོའི་རིལ་སྤུངས་ཁུག་སོགས་ཉི་འོད་མི་ཕོག་པ་དང་། བདེ་འབོལ་གྱི་གནས་གང་ཞིག་ཏུ་ནོར་སྐྱོང་གི་གྲིབ་གཟུགས་ཙམ་ཡང་རིག་རྒྱུ་མེད་དུས། ཨ་ཕ་ཡུལ་དུ་མེད་པ་ཐག་གིས་བཅད་ཆོག ངས་འདི་ལྟར་བརྟག་དོན་ཡང་ནོར་སྐྱོང་དང་ངེད་གཉིས་ཀྱི་དབར་དུ་གྲོལ་མི་ཚར་བའི་བརྩེ་བའི་མདུད་པ་ཤིན་ཏུ་དམ་པས་ཡིན་ལ། སྐབས་ལན་རེར་ཨ་ཕས་ངའི་ནོར་འཛོལ་གྱི་བྱ་བར་ཆད་གཅོད་ཀྱི་འགྲམ་ལྕག་འགའ་ཤས་གཞུ་སྲིད་པས་ཀྱང་ཡིན།
ནོར་སྐྱོང་གིས་ལོ་སར་ཚེས་གཅིག་སོགས་དུས་ཆེན་ཁྱད་པར་བའི་ཉིན་མོར། ཟས་ཁམ་གང་ཡང་མི་བཟའ་བར་ལག་པ་གཉིས་ཀ་མདུན་ལ་བསྲིངས་ཏེ། དེའི་སྟེང་དུ་མཆུ་ཏོ་བཞག་ནས་བསམ་གཞིག་གི་མཚོ་མོར་ཡན་པ་དང་། ཁ་ཤ་མུར་མུར་གྱིས་མདོའམ། གདུགས་དཀར། སྒྲོལ་མ། མ་ཎི་སོགས་ཟློ་ངེས་ཤིང་། མིག་ཟུང་ལྷེམ་ལྷེམ་གྱིས་འདས་མ་ད་གསུམ་གྱི་འཁོར་བའི་གནག་ཕྱུགས་འཚོ་ངེས། ཡང་ན་ཁྱིམ་ཚང་འདིའི་ཁ་རྒྱབ་ཀྱི་ཆེད་དུ། འཐབ་འཛིང་གིས་ཚེ་སྲོག་འཇོམས་སོང་བ་གང་ཞིག་ལ་ཕངས་སེམས་ཀྱིས་མཆི་མ་འཆོར་བ་ཡིན། གང་ལྟར། ངས་ནོར་སྐྱོང་ནི་རང་ག་བའི་ཁྱི་ཞིག་གི་ཚད་དུ་གཏན་ནས་བཞག་མེད། དེ་བས། ངེད་ཡུལ་མི་ཚང་མས་ཀྱང་ཁ་ཟས་གང་ཞིག་ཟོས་ཀྱང་ནོར་སྐྱོང་ལ་སྐལ་འཇོག་ངེས་ལ། སུ་ཞིག་གིས་ནོར་སྐྱོང་ལ་སྡིགས་མོ་དང་གཅར་རྡུང་གཏོང་བ་མཐོང་ན། ངེད་ཚང་གི་ཆེ་བ་ཨ་ཕ་ཨ་མ་ནས་ཆུང་བ་བསམ་མེད་བྱིས་པ་ཡན་ཆད་ཀྱི་སེམས་སུ་ཁྲོ་བའི་ན་བུན་འཐིབས་ཏེ། གདོང་ནས་ཆར་བ་འབབ་ངེས་ཤིང་དེ་ནི་མཐའ་གཅིག་ཏུ་མིག་གིས་སྡང་སྡིག་སྟོན་སའི་གཞིར་གྱུར་འགྲོ་བར་ཐེ་ཚོམ་ཅི་ཡང་མེད་དོ། །
གང་ལྟར་མི་དང་ཁྱིའི་འབྲེལ་བ་ནི་སྤྱང་ཀི་ཕོ་མོ་ཁྱིར་བཏུལ་བ་ནས་འགོ་བརྩམས་ཏེ། འབྲེལ་འདྲིས་ཀྱི་ལྗང་མྱུག་འབུས་པ་ནས་ཡིད་ཆེས་པར་གྱུར་པ་གདོན་མི་ཟ་ལ། ཁྱིས་མི་ལ་ཞབས་འདེགས་ཞུ་བའི་སྟ་གོན་ཡང་དེ་ནས་བཟུང་བརྒྱུད་ཡོང་བ་འདྲ། དེ་བས་མི་དང་ཁྱིའི་གཏམ་རྒྱུད་ཀྱང་སོག་མ་བཞིན་བཏུས་ནས་རྫོགས་འགྲོ་བ་ཞིག་མིན་ལ། གཙང་པོ་ལྟར་བཞུར་ནས་ཚར་འགྲོ་བ་ཞིག་ཀྱང་མིན་པས། མི་དང་ཁྱི་ནི་མནའ་དཔང་ལ་བཞག་པའི་མནའ་བཅད་དང་ཚིག་རྣ་ལ་ལབ་པའི་བློས་ཐུབ་ཏུ་གྱུར་སོང་བ་ལོས་ཡིན་སྙམ།
ད་བར་ཞིབ་འདང་བརྒྱབ་ན་ནོར་སྐྱོང་ཟེར་བ་ནི་མངོན་བརྗོད་ཅིག་རེད། ཡང་ན་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཞིག་རེད། ང་རང་སློབ་གྲྭར་འགྲིམས་ཏེ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་བློར་འཛིན་དུས། ནོར་སྲུང་རྡོ་རྗེའི་མཇུག་མ་ཁྱི་ཡི་མིང་། ཞེས་པ་ལས་ནོར་སྲུང་དང་ནོར་སྐྱོང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་གསལ་བོར་ཤེས་ལ། ནོར་སྐྱོང་ནི་ཨ་ཕས་རྗེས་སུ་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ་ལས་སྔོན་གྱི་མིང་ལ་རྒྱ་སྟག་ཏུ་འབོད་པའང་གསལ་བོར་ཤེས། རྒྱུ་མཚན། ངེད་ཚང་གི་ནོར་སྐྱོང་ནི་གཟུགས་སྟོབས་ཆེ་ཞིང་སྤུ་ཞག་འཇོལ་བའི་ཁྱི་ཕྱོར་རོ་ཞིག་ཀྱང་ཡིན་པས། དེང་གི་ཧཱ་ཁྱི་དང་སེང་ཁྱི་མགོ་ཟིང་ལྟ་བུ་གཟུགས་བོངས་དང་སྤྱོད་སྒོ་ཆུང་བ་དེའི་རིགས་གཏན་ནས་མིན། ནོར་སྐྱོང་ནི་དོན་མེད་དུ་ཟུག་སྐད་འབྱིན་ཞིང་། རིག་རིག་གཉིས་ཀའི་སྟེང་ལ་མཆེ་གཙིགས་སྡེར་བགྲད་བྱེད་པ་གཏན་ནས་མིན་པར། ཁ་བཏོན་ལ་འབྱམས་པའི་སྒོམ་ཆེན་པ་ཞིག་དང་འདྲ་བར་གནས་པས་ཀྱང་། ཇག་རྐུན་དང་སྡར་མའི་རིགས་ཀྱི་སྙིང་རྩ་འགས་སྲིད་པའི་གཟི་བྱིན་ཅིག་ཅར་དུ་སྟེར་ངེས། དེ་བས་ངེད་ཚང་གི་ནོར་སྐྱོང་ནི་དེང་གི་ཁྱི་མིང་འདོགས་སྟངས་ལྟར་ན་འབྲོག་ཁྱིའི་རིགས་སུ་གཏོགས་པ་ཤེས་ཐུབ།
ནོར་སྐྱོང་ལ་ད་དུང་བཟང་ཆ་གཞན་ཞིག་ཡོད་པ་ནི། སྒོ་ཁྱི་གཞན་པ་དང་འདྲ་བར་སྐེ་ལ་ལྕགས་ཐག་སྦོམ་པོ་བཞག་སྟེ། འཇིག་རྟེན་གྱི་བྱས་ཉེས་ཐམས་ཅད་གཉའ་རུ་བཀལ་བ་བཞིན་ཕུར་བར་འདོགས་མི་དགོས་པར་རང་ཡན་དུ་བཏང་བས་ཆོག་པ་དེ་ཡིན། འདི་ནི་ངེད་ཚང་གི་རྒྱ་སྟག་ནོར་སྐྱོང་དུ་གྱུར་བའི་ཆ་རྐྱེན་དང་པོ་ཡིན་ལ་ཁོ་སྒོ་ཁྱི་གཞན་དག་ལས་ཁྱད་དུ་འཕགས་པའི་ཐུན་མིན་གྱི་ཁྱད་ཆོས་སུའང་གཏོགས་སོ། །
ཁོས་ཉིན་དཀར་ལྟོ་འཐུང་དུས་དང་ཙད་པ། གྲང་ངར་གྱི་དབང་གིས་གནས་མལ་ཙམ་བརྗེས་པ་ལས་འགྲོ་འདུག་ཆེར་མི་བྱེད། སྦྲའི་འདབས་འོག་དང་ཨོང་སྤུངས་ཀྱི་ཁུད་སོགས་ནི། ཁོས་བདེ་དགའ་ལོངས་སྤྱོད་བྱེད་སའི་དག་ཞིང་རྐྱང་རྐྱང་དུ་གྲུབ་ཡོད་མོད། འོན་ཀྱང་། མཚན་མོའི་དུས་སུ་དུས་ཚོད་སྐར་ཆ་ཙམ་ལའང་མི་ཉལ་བར་ཟུག་སྐད་བར་མེད་འབྱིན་བཞིན། ཡ་གིའི་ནོར་རྡང་དང་མ་གིའི་ལུག་ལྷས་སུ་བསྐོར་བ་བྱས་ཏེ་སྐབས་སྐབས་སུ་གཅན་གཟན་དང་། ཇག་རྐུན་གང་ཞིག་ལ་འཐབ་འཛིང་དྲག་པོ་བྱེད་པའི་འུར་ཟིང་སོགས་ཀྱིས་ངེད་ཚང་གི་གཡང་ར་བ་སྒོ་བཞིའི་བདེ་འཇགས་སྲུང་ངེས་པས་ཨ་ཕས་ནོར་སྐྱོང་ཞེས་པའི་མིང་འདི་བཏགས་པའང་གཏན་ནས་ནོར་མི་འདུག་སྙམ།
ནོར་སྐྱོང་གིས་ངེད་ཚང་གི་རྟ་ནོར་ལུག་གསུམ་སོགས་གཡང་ར་བ་སྒོ་བཞིར་རི་སྤྱང་ཀིས་འཇབ་རྒོལ་ཐེབས་སུ་འཇུག་མ་མྱོང་བས། ནོར་སྐྱོང་ནི་ངེད་ཚང་གི་རིན་པ་མི་དགོས་པའི་བང་ཆེན་ནམ་ཕོ་ཉ་ཡིན། ཨ་ཕ་ཐག་རིང་གང་ཞིག་ཏུ་འགྲོ་བའི་ལམ་ཆས་སྒྲིག་དུས་ཁོ་རང་མྱུར་དུ་བྲོས་སྟབས་ཀྱིས་ཁྱིམ་དང་རྒྱང་ཐག་ཅུང་ཙམ་ཡོད་པའི་ས་རུ་ཕྱིན་ཏེ་བསྒུག་ངེས་ཤིང་། ཨ་ཕ་ལམ་དུ་ཆས་པ་དང་མཉམ་དུ་ཁོའང་ལམ་ལ་ཆས་ངེས། ཨ་ཕ་རྫོང་མཁར་དང་ཡུལ་ཚོ། གཞན་ཡང་ཐག་རིང་གི་ཡུལ་གང་ཞིག་ལ་དོན་དག་ཅི་ཞིག་བསྒྲུབ་ཏུ་ཕྱིན་ཏེ། གནས་དེ་གར་ཉིན་འགའ་ཤས་རིང་ཕྱིར་མ་ལོག་ན་ཁོའང་ཕྱིར་ལོག་མི་སྲིད་དེ། ཁོ་ནི་ངའི་ཨ་ཕའི་སྲུང་དམག་དང་ཤིན་ཏུ་འདྲ་བོ་འདུག ཨ་ཕ་གནས་གཞན་ལས་ཞག་མལ་གསོ་ཐེངས་རེ་རེར་ནོར་སྐྱོང་གི་ཁ་ལ་ལྟོ་ཆུ་ཐིགས་ཙམ་ཡང་ཡོང་གི་ཡོད་མེད་བཤད་དཀའ་ཡང་། ཁོས་དེ་ལྟར་ལྟོགས་སྡུག་བསྲན་སྲིད་པས་ཕྱིར་འདང་རེ་བརྒྱབ་ན་ཁྱིའི་རྣམ་ཤེས་དང་སྤྱང་གྲུང་། བརྩེ་ཞེན་སོགས་ཀྱིས་མཐོ་རིམ་སྲོག་ཆགས་སུ་འབོད་པའི་མིའི་རིགས་ལ་བཟོད་དཀའ་བའི་གནོང་བ་མི་སྟེར་རམ།
གལ་ཏེ་ཨ་ཕ་དེ་རིང་ཉི་མའི་ག་ཤེད་ཅིག་ལ་ཕྱིར་ཡུལ་དུ་ཐོན་པ་ཡིན་ན། ཁོ་ཕལ་ཆེར་དུས་ཚོད་རེ་གཉིས་ཙམ་གྱི་སྔོན་ལ་ཡུལ་དུ་འབྱོར་ངེས་པས་ཁོ་བང་ཆེན་དང་ཕོ་ཉར་འབོད་པའི་རྒྱུ་མཚན་ཡང་དག་ཀྱང་དེ་ཡིན། དེ་དུས་ངེད་ཚང་གོ་ཁ་བུ་ཡིས་བཀང་ཞིང་། སྒོ་ཁ་རྒྱུ་ཡིས་བཀང་ཡོད་ཀྱང་རྒྱ་སྟག་ནི་སྔར་བཞིན་ངེད་ཚང་གི་ནང་མི་ཞིག་དང་ཤིན་ཏུ་འདྲ་བོ་བདོག་སྟེ། ཁོར་ཟས་ལྷག་དང་འཐུང་ལྷག་ལས་ཅི་ཡང་མེད་ཀྱང་། སྔར་བཞིན་མཚན་མོའི་གཉིད་ཐེབས་བཅག་སྟེ་སྒོ་ཕྱུགས་སྲུང་ངེས་ལ། འཁང་ར་དང་སྡུག་ཡུས་མེད་པར་ཟུག་སྐད་ཀྱི་རོལ་མོས་རི་ལུང་གི་དབེན་འཇགས་དཀྲོགས་ཤིང་། འབྲོག་སྨུག་པོའི་གཡང་གི་རུ་མ་གཞིས་སུ་བསྙལ་ཆོག
ནོར་སྐྱོང་ནི་ངེད་མིང་སྲིང་ཚོའི་རྩེད་རོགས་འདང་ཆེན་ཞིག་ཀྱང་ཡིན་དེ། ནམ་རྒྱུན་ཉི་མའི་ཚ་གདུང་ཧ་ཅང་ཆེ་དུས་ནོར་སྐྱོང་ངེད་ཚང་གི་སྦྲའི་འདབས་འོག་ཏུ་འཛུལ་ཏེ་བསིལ་ཉལ་བྱེད་རྒྱུར་དགའ་ཞིང་། ང་ཚོས་ནོར་སྐྱོང་རྟ་ཡིན་ཁུལ་གྱིས་ཉིས་འཕོངས་སུམ་འཕོངས་བྱས་ཏེ། ཁྱོ་ཁྱོ་ཞེས་ཡོབ་རྡེབ་བྱས་ཀྱང་ནོར་སྐྱོང་ནི་འབོལ་གདན་ནེམ་པོ་ཞིག་དང་འདྲ་བར་། ལྷུག་ལྷུག་བྱེད་པ་ལས་མི་འཐད་པའི་རྣམ་འགྱུར་ཅི་ཡང་སྟོན་མི་སྲིད།
སྤྱིར་བཏང་ཁྱི་ནི་ཡོ་རོབ་ཀྱི་སྤྱང་ཀི། ཨ་ཧྥེ་རི་ཁ་བྱང་མའི་འཕར་བ། ཧྥེ་གླིང་བྱང་མའི་འཕར་སྤྱང་སོགས་གཅན་གཟན་བཏུལ་ནས་གཡུང་ལ་ཕབ་པར་བཤད་ལ། བཀའ་ཆེམས་ཀ་ཁོལ་མར་ཡང་སྤྱང་ཀི་ཕོ་མོ་ཁྱིར་བཏུལ་ཞེས་པའི་ཚིག་དུམ་ཞིག་འབྱུང་བ་མིན་ནམ། ཁྱིའི་རྣམ་ཤེས་ནི་མིའི་རྣམ་ཤེས་ལས་ལྡབ་བཞི་ལས་སྐྱེན་ཟེར་ལ་ཁྱིས་མ་མཐར་རང་གི་བདག་པོར་མི་རྨུག་པའི་རྩ་དོན་རྩི་སྲུང་བྱ་ངེས། ངས་ད་ལྟ་ཕྱིར་འདང་ཞིག་བརྒྱབ་ནའང་ནོར་སྐྱོང་ནི་ངའི་ཤ་ཉེ་དང་། ནང་མི་གལ་ཆེན་ཞིག་དང་འདྲ་བར་བརྗེད་ཐབས་ཤིག་མི་འདུག ཉིན་ཞིག་ནོར་སྐྱོང་ལ་ཁོག་པ་གཞལ་བའི་ནད་ཡམས་ཤིག་བྱུང་སྟེ་ཉལ་སར་ལྷུང་བས་ངའི་ཨ་ཕས་ཡུལ་ཚོའི་ཟོག་སྨན་ཁང་ནས་རིལ་བུ་འགའ་ཤས་ཉོས་ཡོང་སྟེ་བླུད་ཀྱང་ཕན་མ་ཐོགས། དྲང་མོར་ལབ་ན་སྐབས་དེར་ཁྱི་མ་དགོས་མིར་ཆམ་ནད་སོགས་བྱུང་ནའང་ནད་ཀྱི་ཐོག་མ་མ་ཞུ་བ། སྨན་གྱི་ཐོག་མ་ཆུ་ཁོལ་ཞེས་ཆུ་ཁོལ་འཐུང་སྟེ་ནད་བཅོས་བྱེད་པ་ལས་ཐབས་གཞན་མེད་པའི་དུས་ཤིག་རེད། ཡིན་ཡང་ནད་བཅོས་ཇི་ལྟར་བྱས་ཀྱང་ནོར་སྐྱོང་གི་ནད་གཞི་དེར་བཅའ་ཐབས་མ་བྱུང་བས། ཨ་ཕ་ནོར་སྐྱོང་གི་མགོ་ནས་ཙོག་པུར་བསྡད་དེ་དུས་ཚོད་འགའི་རིང་ལ་ཐར་མདོ་བསྐོར་བས་ནོར་སྐྱོང་གིས་མིག་ཟུང་གཏན་དུ་བཙུམས་སོང་། ནོར་སྐྱོང་ངེད་ཡུལ་མི་ཚང་མའི་མིག་གི་ཞིང་ཁམས་ལས་ཚེ་འདའ་བར་བྱས་སོང་བས། ངའི་ཕུ་བོ་དང་ངེད་གཉིས་ཀྱིས་ནོར་སྐྱོང་གི་བེམ་པོ་སླེ་བོར་བཞག་སྟེ་ཅུང་མཐོ་སའི་རི་མགོ་ཞིག་ལ་བསྐྱལ་ནས་བྱ་གཡེང་ལ་བཏང་ཡིན། དོན་དངོས་སུ་བཤད་ན་ཁྱིའི་བེམ་པོ་མཐོ་སར་འཕེན་པ་ནི་སྐྱེ་བ་གཞུག་མར་མི་ལུས་ལེན་པའི་ཁ་གཡང་དང་སྨོན་འདུན་ཞིག་ཀྱང་ཡིན་པ་འདྲ།
མཚན་མོ་དེར་ཨ་ཕས་རྩ་འཛུགས་བཞིན་ངེད་བཟའ་མི་ཚང་མས་ནུབ་ཚལ་བཏུངས་རྗེས་མ་ཎི་སྐོར་བཞིན་སྒྲོལ་མ་དང་མ་ཎི། ལོ་གྱོན་མ་དང་གཟུངས་སྔགས་མང་དུ་བཟླས་ཏེ། ནོར་སྐྱོང་གི་རྣམ་ཤེས་ལ་སྐྱེལ་མ་བྱས་ཏེ་མི་འགྱང་པར་ཁོ་ཡང་མཐོ་རིམ་སྲོག་ཆགས་ཏེ་མི་ཞིག་ཏུ་སྐྱེ་བའི་སྨོན་ལམ་བཏབ་ཅིང་། ཕ་མ་གཉིས་ཀྱིས་བདུན་གཅིག་གི་རིང་ལ་སྨྱུང་གནས་དང་སྡོམ་པ་སྲུང་སྟེ་རིམ་བྲོ་བསྒྲུབས་སོང་།
དེ་ནས་བཟུང་ནོར་སྐྱོང་གི་རྣམ་ཤེས་སླར་ཡང་ངེད་ཚང་གི་ནང་མི་ཞིག་ཏུ་ཨེ་སྐྱེས་ཀྱི་སྨོན་ལམ་ལན་མང་བཏབ་པ་ཡིན་མོད། ལས་དབང་གིས་གུ་ཡངས་གཏན་ནས་མ་བཏང་བ་འདྲ། འདི་ནི་ནོར་སྐྱོང་གི་རྣམ་ཤེས་ཨེ་ཡིན་ནམ་སྙམ་པའི་དོགས་གཞི་ཙམ་ཡང་སྐྱེས་མ་མྱོང་ལ། དེ་ནས་ད་བར་དུ་ངེད་ཚང་གིས་སྒོ་ཁྱི་གཅིག་ཀྱང་མ་གསོས་པ་འདྲ། ད་ལྟ་ནོར་སྐྱོང་གིས་མི་ལུས་བླངས་ཏེ་ངེད་ཚང་གི་བུ་དང་ཚ་བོ། ཡང་ན་མནའ་མ་དང་མག་པ་གང་ཞིག་ཏུ་སྐྱེས་ཡོད་ཀྱང་སྲིད་ལ། ནོར་སྐྱོང་གིས་དེ་ནས་བཟུང་སྟེ་མི་དང་སྲོག་ཆགས་སོགས་སྲོག་ལྡན་ཞིག་གི་སྐྱེ་བ་མ་བླངས་ནའང་ཐང་། ཡང་ན་ངའི་ཨ་ཕ་དང་ཨ་མ། ནོར་སྐྱོང་སོགས་སྔར་བཞིན་བདེ་འགྲོའི་དག་ཞིང་གང་ཞིག་ཏུ་ལྷན་འཛོམས་བྱུང་ཡོད་ཀྱང་སྲིད་མོད། ང་ལ་མངོན་མཁྱེན་དང་རྫུ་འཕྲུལ་ནོག་པོ་ཞིག་མེད་པས་འདི་དག་གང་ནས་རྟོགས་ཏེ་གཏན་ནས་རྟོགས་མི་སྲིད་དོ། །