ཉིན་འདི་ཚོར། སུ་ཞིག་གི་འཛུམ་མདངས་འབའ་ཞིག་དྲན་ཏེ། མགོ་བོ་སྒེའུ་ཁུང་གི་ཕྱི་རོལ་ཏུ་བསྲིངས་ནས་ཅི་ཞིག་ལ་བསམ་གཞིག་གཏོང་ཞོར་ཞེན་ཆགས་ཀྱི་མིག་ཟུང་གིས་རྒྱང་རིང་དུ་མངོན་མི་སྲིད་པའི་རྒྱབ་གཟུགས་དེ་འཚོལ་བའང་ཐེངས་གཅིག་མིན། མཚན་གུང་གི་སྐར་ཚོགས་ཀྱིས་ཟེར་འོད་འཕྲོས་པ་དང་སྦྲགས་སེམས་ཀྱི་གཏིང་རིམ་ན་རེ་སྒུག་ཅི་འདྲའི་མང་པོ་ཞིག་ཐ་མག་གི་རྐང་གྲངས་རེ་རེ་དང་མཉམ་དུ་མེ་ལ་བསྒྲོན་མྱོང་ཨང་། གཏམ་རྒྱུད་དེའི་རྐྱེན་པས། དོ་ནུབ་ཀྱང་ཁེར་རྐྱང་གི་ངང་ནས་མཚན་མོའི་ལྷིང་འཇགས་སེམས་སུ་གྱོན་དགོས་བྱུང་། ངས་ཐབས་ཤེས་གང་འདྲ་ཞིག་སྤྱད་རུང་ད་དུང་ཡང་འདས་དོན་དེ་བརྗེད་ཐུབ་མེད་པ་འདྲ། ནམ་རྒྱུན་ཁ་པར་གྱི་གསང་ཨང་ཕྱེས་རྗེས་ཐོག་མར་དོ་སྣང་བྱ་ཡུལ་ནི་མགྱོགས་འཕྲིན་དང་འཁྱུག་དབྱངས་སུ་ཁྱོད་ཀྱིས་དེ་རིང་གི་བརྙན་ཆུང་གསར་བ་ཞིག་སྤེལ་ཡོད་མིན་བལྟ་རྒྱུ་དེ་རེད་འདུག ཁྱོད་ཀྱིས་སྒེག་ཉམས་དོད་ཅིང་འཛུམ་མདངས་ཀྱིས་ཕྱུག་པའི་བརྙན་རེ་རིག་དུས་ངའི་ལག་པས་རང་དབང་མེད་པ་སྙིང་དམར་མནན་ཞིང་བརྩེ་བའི་གསང་འཕྲིན་བྲིས་ནས་དཔྱད་མཆན་དུ་སྤེལ་འདོད་མོད། འོན་ཏེ། གཞན་གྱིས་འཕྱ་སྨོད་དང་རང་གི་ཁ་སྐྱེངས་ལ་འཇིགས་ནས་ཚིག་གཅིག་ཀྱང་བརྗོད་མ་ཐུབ་པར་སེམས་སུ་ལུས། འདིར་ཡང་ཡ་མཚན་དང་རྒྱུ་རྐྱེན་གཞན་ཞིག་མེད་དེ། ཁྱོད་ཀྱིས་ང་ལ་བཞག་པའི་བརྩེ་བའི་ཆག་གྲུམ་གྱི་ལན་ཆགས་ཡིན་ངེས་སོ། །
མདུན་ཅོག་དུ་བཤམས་ཡོད་པའི་ཆང་དེ་ཤེལ་ཕོར་དུ་ལྟེམ་མེར་བླུགས་རྗེས། ངས་ཆང་ཕོར་དེ་ཁམ་གང་གིས་ཞབས་དག་བརྒྱབ་པ་ཡིན། སྟོད་གོས་ཀྱི་གཡོན་ཁུག་ཏུ་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ཞོར་དུ་འདས་དོན་གྱི་གཏམ་རྒྱུད་མང་པོ་ཞིག་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་ནམ་བཞིན་ངའི་ཡིད་ལ་ཤར་བྱུང་། དེ་ནི་དགུན་ཁ་ཞིག་གི་གྲངས་རིག་སློབ་ཁྲིད་ཞིག་ཡིན་ཏེ། ང་ཚོགས་ཆུང་གཉིས་པའི་གྲལ་གསུམ་པར་འདུག་ཡོད་ལ་ཁྱོད་ཚོགས་ཆུང་བཞི་བའི་གྲལ་གསུམ་པར་འདུག་ཡོད། ངེད་གཉིས་བར་ལ་མི་གཅིག་ཤོང་བ་ཙམ་གྱི་བར་ཐག་ལས་མེད། དེ་དུས་ང་སྨྲ་བ་མང་པོར་མི་དགའ་བའི་མི་ཞིག་ཡིན་ལ་དོན་ངོ་མ་བཤད་ཀྱང་མི་ཕོད། ཁྱོད་ནི་ཅུང་པྲ་ཆལ་ཅན་གྱི་བུ་མོ་ཞིག་ཡིན་ཞིང་ཁ་ཡང་ཅུང་མང་། སློབ་ཐུན་དེར་ངས་མདོག་ཁམ་པ་ཅན་གྱི་ཚ་རུ་མཐུག་པོ་ཞིག་གོན་ཡོད། ངས་ལག་པ་གཡས་པར་ཕུ་རུང་གྱོན་ཞིང་གཡོན་པ་ཁྱོད་ཀྱི་ལག་པ་དྲོད་ཁུལ་གསོ་སའི་ཡོ་བྱད་དུ་བྱས། དུས་དེ་ནི་བཟུང་འུ་གཉིས་ཕན་ཚུན་བར་ལ་བརྩེ་བ་ཆགས་ཡོད་པ་འདྲ། སློབ་གྲྭའི་ཟུར་གང་དུ་ཁྱོད་རིག་དུས་ངོ་གདོང་དམར་མདངས་དུ་གྱུར་མྱོང་། རྗེས་མར་རིམ་བཞིན་འདྲིས་ནས་སྐད་ཆ་བཤད་པའང་ཇེ་མང་དུ་སོང་། ཕན་ཚུན་སྐད་འཕྲིན་བསྣོན་ཞིང་བརྩེ་བའི་འཕྲིན་ཡིག་ཀྱང་མི་མྱོང་བ་བྲིས་ནས་བསྐུར། དོན་ངོ་མ་བཤད་ན་ངས་ཁྱོད་རང་ལ་དགའ་ཞིང་དུངས་བ་ནི་གུང་གསེང་ཞིག་གི་ས་སྲོས་ཡིན་ནོ། །ས་རུབ་ཁ་དེར། མུན་ནག་གིས་མཚམས་སྤྲིན་གྱི་མཛེས་སྡུག་ཡོངས་སུ་བཀླུབས་དུས། སླར་ཡང་མིག་ཟུང་འཆར་ངོས་ལ་ཅེར་ཞིང་མགོ་བོ་མལ་ཏུ་བཏུམ་རྗེས། བློ་ངོ་རུ་ཁྱོད་འབའ་ཞིག་དྲན་ནས་སྐྱ་རེངས་ཡུན་དུ་ཁྱོད་ལ་འཕྲིན་ཡིག་བསྐུར་ཞིང་ཤགས་རྩེད་རྒྱག་པའང་ཐེངས་གཅིག་གཉིས་ག་ལ་ཚད། ངས་གཉིད་ཆག་པའི་སྣང་ངོ་རིང་དུ་དོར་ནས་མིག་ཟུང་ཀེམ་ཀེམ་གཡོ་ཞིང་རྣ་བས་སྤྲུག་སྤྲུག་བྱེད། སྐབས་རེ་ཚིག་ལན་མ་འདེབས་ཀྱང་དྲན་ཤེས་ཀྱི་བརྩེ་དྲོད་ཕྱུག་པས་སྣང་ངོ་རང་བཞིན་གྱིས་དྭངས་འགྲོ་བའི་གནས་བབ་ལ་ཐུག་མྱོང་བ་རྣམས་དྲན་འཛིན་གྱི་མེ་ལོང་ངོས་སུ་ཝ་ལེར་གསལ་ཞིང་སེམས་པ་འདི་ཉིད་དགུན་ཁར་ལྷགས་རླུང་ལྡང་ཞིང་ཨ་མ་བོར་བའི་བྱིའུ་ཆུང་བཞིན་དུ་སྐྱོ་སྣང་དང་དྲང་འདར་རྒྱག་གིན་འདུག དེ་མ་ཚད་པ་ད་དུང་འུ་གཉིས་ཀྱིས་ཐོག་མའི་དུས་ཆད་བཏབ་ས་དང་དུས་ཆེན་སྐབས་ཀྱི་ཕན་ཚུན་ལ་ལེགས་སྐྱེས་འབུལ་བའི་སྣང་བརྙན་རྣམས་གློག་བརྙན་ཞིག་ལ་བལྟས་པ་དང་ཇི་མ་ཇི་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་མིག་ལམ་དུ་བཀྲ་ཡོང་། ནང་སྒོས་སུ་སློབ་རའི་སྙན་ངག་གྱེར་འདོན་སྐབས་སུ་ཁྱོས་ངར་བོད་ལྭ་གྱོན་རོགས་བྱེད་ནས་སློབ་གྲོགས་ཚོས་རིག་སོང་བས་ཁྱོད་ཀྱི་ངོ་གདོང་དམར་ལམ་མེར་གྱུར་སོང་། ལྔ་བཞི་དུས་ཆེན་དུ་ཁྱོས་ང་ལ་ལེགས་སྐྱེས་ཀྱི་ཚུལ་དུ《 ལྷན་དུ་འཛོམས་པ》ཞེས་པའི་དཔེ་ཆ་ཞིག་སྟེར་བྱུང་། འདི་ནི་ང་ལ་མཚོན་ན་ཁྱོས་ང་ལ་སྦྱིན་པའི་དངོས་པོ་ཆེས་ཐོག་མ་དང་ཆེས་འགང་ཆེན་ཞིག་ཡིན། འདི་དག་ནི་ངའི་མི་ཚེའི་སྒྲུང་གཏམ་གྱི་ལམ་ཁར་སྒྱུ་རྩལ་གྱི་སྣང་བརྙན་འབུར་དུ་དོད་བྱའི་བརྒྱུད་རིམ་གཙོ་བོ་སྟེ། ཆེས་དོ་སྣང་དང་ཟིན་འབྲིར་བཀོད་འོས་པའི་བརྗོད་བྱ་དག་དག་ཡིན། སྤྱིར་དོན་དག་གང་ཞིག་ཡིན་རུང་ནམ་ཡང་སྦ་གསང་དང་ཡིབ་ནས་ལྐོག་འགྱུར་གྱིས་སྒྲུབ་མི་ཐུབ་པས། ཟླ་ངོ་གཅིག་ཙམ་གྱི་རིང་ལ་ངེད་གཉིས་མཛའ་གྲོགས་སུ་གྱུར་ཡོད་པ་སློབ་གྲོགས་ཚང་མས་གོ་སོང་ལ་གོ་ཡང་སྐྱོན་མེད་མོད། ང་ནི་ཁ་སྐྱེངས་དང་ངོ་ཚ་སླ་བས་ཅུང་ཁྲེལ་མདོག་འདྲ་བོའང་བསྟན་མྱོང་། རེད་དེ། ཟླ་འདི་ནི་ངེད་གཉིས་ལ་མཚོན་ན་གསང་བའི་དགའ་རོགས་དང་ལྐོག་འགྱུར་གྱི་བརྩེ་དུང་དུ་བརྗོད་ནའང་ཕན་ཚུན་ལ་ཆེས་རྣལ་མ་དང་ཆེས་ལྷད་མེད་ཀྱི་བརྩེ་དུང་ངོ་མའང་ཟླ་འདི་ཡིན་ངེས་སོ། །
རིམ་བཞིན་ངེད་གཉིས་ལས་དབང་གི་བཀོད་སྒྲིག་ཀྱི་དབང་གིས་ཅོག་གྲོགས་སུ་གྱུར་སོང་། དེ་བས་དུས་ཆད་ཀྱང་འགའ་བཏབ་ཅིང་འོ་བྱས་པ་ཡང་མ་མྱོང་། ཐེངས་ཤིག་གི་མཚན་མོ་ལ་སློབ་ཁང་གི་ཟུར་དུ་སྡོང་རྒན་ཞིག་དང་ལམ་གློག་ཞིག་ཡོད་པས་འུ་གཉིས་ས་དེར་ཕན་ཚུན་གྱི་ལག་ཟུང་དམ་དུ་འཇུ་ནས་འདུག་པ་ཡིན། སྙིང་གཏམ་དང་དགའ་སྐྱོ་ཡོད་ཚད་བཤད་རེས་བྱས་རྗེས། ངས་ཁྱོད་རུམ་དུ་པང་ནས་སྐེ་ལ་དམ་པོ་འཁྱུད་ནས་ཡུན་དུ་བསྡད། ངས་ཁྱོད་ལ་ཤིན་ཏུ་དགའ་ཚུལ་དང་ཁྱོད་ནི་ངའི་སེམས་སུ་སོང་མྱོང་བའི་བུ་མོ་གཅིག་པུ་དེ་ཡིན་བཤད་ནས་ང་ཕྱིར་ཉལ་ཁང་དུ་ལོག་པ་ཡིན། བརྩེ་བའི་མེ་ལྕེ་རབ་ཏུ་འབར་ཞིང་དུང་བའི་རྒྱ་མཚོའི་རྦ་རླབས་གྱེན་དུ་འཕྱོ་མོད། དོན་དག་གང་ཞིག་དང་བྱ་དངོས་ཅི་ཡིན་ན་ཡང་འཕེལ་བའི་རྗེས་སུ་འགྲིབ་པ་དང་དར་བའི་གཞུག་མ་རྒུད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། སློབ་སྐབས་གཅིག་རྫོགས་རན་ཁར་འུ་གཉིས་ཀྱང་གྱེས་བྲལ་དུ་བྱས་དགོས་བྱུང་སོང་། གྱེས་དགོས་པའི་རྒྱུ་མཚན་ཡང་གསལ་བོ་ཞིག་བཤད་རྒྱུ་མེད་ལ་ད་ལྟའང་མི་ཤེས། དེ་བས་ང་ཚོ་ནི་ལས་དབང་གི་བདག་པོ་ཡིན་པ་དང་ལས་དབང་གི་བྲན་གཡོག་ཀྱང་ཡིན་པ་གཞི་ནས་རྟོགས་ལ་རྨང་ནས་ཚོར།
ངེད་གཉིས་ཁ་བྲལ་བའི་མཚན་མོ་དེར། ང་མཚན་གང་བོ་གཉིད་ཀྱིན་མེད་ལ་གཉིད་ཀྱང་མ་ཆོད། མཚན་གང་བོར་ཆང་དང་ཐ་མག་གཉིས་ལ་འགྲོགས་ནས་བསྡད་པ་ཡིན། ཁ་བྲལ་རྗེས་སུ་སློབ་ཁང་དང་ཟུར་གང་རུང་དུ་ཐུག་དུས་ཀྱང་ཕན་ཚུན་ངོ་མི་ཤེས་པའི་ཚུལ་དུ་གནས་པ་དེ་ཡང་ད་བསམ་ན་རྒྱུན་ལྡན་ཞིག་ཏུ་སྙམ། ཁྱོད་དང་ཁ་བྲལ་རྗེས། འུ་གཉིས་འགྲོ་མྱོང་བའི་སར་ཐོན་དུས་ཞེད་སྣང་དང་སྐྱོ་གདུང་གིས་སེམས་པ་གཙེས་ཡོང་། ད་རག་བར་དུ་ཁ་བྲལ་ནས་ཟླ་ངོ་དྲུག་བདུན་དུ་འགོར་སོང་། ཟླ་འདི་དག་རིང་ལ་རྨི་ལམ་དང་མངོན་སུམ་དུའང་ཁྱོད་ཀྱི་གཟུགས་བརྙན་དང་འཛུམ་མདངས་འཆར། ངས་དེ་དག་གི་ཚབ་དང་ཁྱོད་ལ་བརྗོད་འདོད་ཞིང་དངོས་སུ་བརྗོད་མ་ཐུབ་པ་རྣམས་ནམ་རྒྱུན་སྙན་ངག་བྲིས་ནས་ཉར་མྱོང་ཞིང་རྐང་བཙུགས་ཁྱོད་ཀྱིས་མཐོང་བའི་ཆེད་དུ་ཁྲིད་ཅོག་གི་ངོས་སུའང་བྲིས་མྱོང་། ད་དུང་སྐད་འཕྲིན་གྱི་གྲོགས་ཚོམས་སུའང་སྦྱར་ནས་ངོམ་ཡང་མྱོང་བས། ངས་བསམ་ན་སྙན་ངག་ནི་ངེད་གཉིས་བར་གྱི་འབྲེལ་བ་བྱེད་སའི་ཡོ་བྱད་ཞིག་ཏུ་ཆགས་ཡོད་པ་འདྲ། ཁ་བྲལ་རྗེས《ངས་ནག་ཉེས་ཤིག་བསགས་སོང》གཙོ་བའི་ཁྱོད་དང་འབྲེལ་བའི་སྙན་ངག་སུམ་ཅུ་ལྷག་ཁ་པར་རུ་བྲིས་ཡོད་མོད། འོན་ཀྱང་། སྙན་ངག་བྲིས་ནས་ཁྱོད་དང་ཡང་བསྐྱར་མཛའ་གྲོགས་དང་དགའ་ས་བྱེད་རྒྱུ་དེའང་མ་རེད། དེ་ནི་འཇིག་རྟེན་དཀར་ངོགས་འདི་ནས་འུ་གཉིས་ཆ་མེད་ནས་ཆ་ཡོད་ནས་ཆགས་ཏེ་སླར་ཡང་ཆ་མེད་ཆགས་དགོས་བྱུང་བ་དེ་རེད། དེ་ལྟར་བསམས་དུས་ང་ལྷག་པར་སྐྱོ་འོང་། ཐུག་འཕྲད་ལ་ལས་དབང་ཡོད་པས་ཁྱོད་དང་འགྲོགས་སོང་བ་དང་ལས་དབང་ལ་འགྱུར་བ་ཡོད་པས་འདི་ལྟར་བྲལ་དགོས་སོང་བ་ནི་བློ་ངོར་མི་ཤོང་བའི་གསང་བ་འབའ་ཞིག་ཡིན། ངས་ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་རང་བརྗེད་ཐབས་བྱེད་ཡོད་ཀྱང་ལྡོག་སྟེ་གཞར་ཡང་ངང་ངམ་ཤུགས་ཀྱིས་སེམས་སུ་ཁྱོད་ཡང་ཡང་དུ་དྲན་འོང་། སྐབས་རེ་ལག་པ་བྲང་ཁར་གླན་ནས་ཞིབ་ཏུ་བསམས་ཚེ་ང་ནི་གཟེབ་དུ་ཚུད་པའི་བྱིའུ་ཆུང་བཞིན་དུ་བརྩེ་དུང་གི་བྲན་གཡོག་བྱས་ནས་ནམ་ཡང་གཡོ་འོག་དང་བསླུ་བྲིད་ཀྱི་རྒྱ་ལས་ཐར་མ་ཐུབ། ཡང་སྐབས་རེ་བརྩེ་དུང་ནི་འཆར་ཡན་གྱིས་ཕྱུག་པའི་སྒྱུ་རྩལ་གྱི་གར་སྟེགས་ཞིག་ཡིན་པར་འདོད། རང་གི་སེམས་ཀྱི་དགའ་སྐྱོའི་སྣང་བརྙན་དང་རྣམ་རྟོག་ཡོད་ཚད་ཕྱིར་ངོམ་ཆོག གང་ལྟར་ང་ནི་བརྩེ་དུང་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་གསེང་དུ་རྨོངས་ཞིང་མགོ་བོ་དྭངས་ཐབས་མེད་པར་གྱུར། ཁྱོད་མེད་པའི་ཁེར་རྐྱང་གི་ཉིན་ཞག་དག་ཏུ་ང་གཅིག་པུར་བསྡད་ནས་འབྲོག་སྐྱ་བོ་ལགས་ཀྱིས་བྲིས་པའི་གཞས་ཚིག་དེ་ཡིད་ཝ་ལེར་ཤར་ཡོང་། འཚེར་སྐད་བྲག་ཆར་འཁོར་བའི་རྟ་ཕོ་དེ། སྲབ་མདའ་ཆུ་ནང་དྲུད་པའི་རྟ་ཕོ་དེ། སྤྱིར་ན་ང་ཡི་ཡིན་མོད་ད་ལྟ་མིན། ང་ལ་རྟ་དེ་འཚོ་སའི་རྩྭ་ཐང་མེད། དེ་བས། རྟ་དེ་གཞན་ལ་བཙོང་བ་ཡིན། དེ་བས། ང་ཡང་ས་མཐར་འཁྱམ་པ་ཡིན། མགོ་དཀྲིས་ཆར་གྱིས་བརླན་པའི་བུ་མོ་དེ། མིག་མཐའ་མཆི་མས་བསྐོར་བའི་བུ་མོ་དེ། ང་ཡི་ཆུང་འདྲིས་ཡིན་མོད་ད་ལྟ་མིན། ང་ལ་ཁོ་མོ་བསུ་སའི་སྦྲ་གུར་མེད། དེ་བས། ཁོ་མོ་སྐྱོ་ནས་ངུས་པ་རེད། དེ་བས། ང་ཡང་ཡུལ་བོ་བྱུང་བ་རེད། ནང་སེམས་བོར་བའི་སྐྱོ་གཞས་འདི་ཉན་ཐེངས་རེ་རེར་ངའི་སེམས་ཀྱི་དགུན་གཞུང་དུ་གྲང་ངར་གྱི་ཁ་བ་ལྷབ་ལྷུབ་དུ་འབབ་ཞིང་དྲན་གདུང་གི་རྨ་ཁར་ཟུག་གཟེར་གྱིས་ཡང་ཡང་མནར། ངས་འདི་ལྟར་འདས་དོན་རྣམས་རེ་རེ་བཞིན་དྲན་ཡོང་། ཁྱོད་ཀྱང་དྲན་བཞིན་ཡོད་པའི་འཆར་སྣང་བྱེད་དུས། ཐ་མག་གི་མེ་ཚར་ནས་ལག་པར་བསྲེགས་བྱུང་། ང་སླར་ཡང་དྲན་སྣང་ལས་སད་ནས་སྒེའུ་ཁུང་གི་ཕྱིར་ལྟ་དུས་སུ་ཅི་ཡང་མི་རིག་ཅིང་ཁྱི་ཟུག་པའི་སྒྲ་ཐོས་པ་ཙམ་ལས་མི་ཚང་མ་གཉིད་ཚར་འདུག དགུང་ངོས་སུ་སྐར་ཚོགས་ཀྱང་ང་དང་མཉམ་དུ་སྐྱོ་སྣང་གིས་བཟི་བ་དང་མཚུངས། ངས་ཡང་བསྐྱར་མགོ་བོ་ཡར་བཀྱེགས་ཤིང་དགུང་ངོགས་སུ་ཅེར་ཏེ། འུ་གཉིས་ཕན་ཚུན་འཁོན་རྒུའི་མཐར་རུ་མི་འགྱུར་ཞིང་ཁྱོད་རང་བདེ་སྐྱིད་དང་ལྡན་པའི་སྨོན་ལམ་ཡང་སེམས་གཏིང་ནས་བཏབ།