གཅིག
ཡབ་ཆེན་ལགས། ཉིན་འདི་གར་ཁྱོད་རང་ང་ཚོ་དང་རིང་དུ་གྱེས་སོང་བའི་ན་ཟུག་འདི་བསམ་ཡུལ་ལས་འདས་པ་ཞིག་གམ་བློ་ཡུལ་དུ་མི་ཤོང་བ་ཞིག་རེད་མོད། ན་ཟུག་འདི་ལོ་ཟླའི་རླུང་བུས་གསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་བཀྲུ་མི་ནུས་པ་ཞིག་ཀྱང་རེད།
གཉིས
ཡབ་ཆེན་ལགས་དོ་ནུབ་འུ་ཚང་གི་གཞིས་ཁྱིམ་དྲོན་མོ་འདི་ཡི་སྒོ་འགྲམ་དུ་ཁོ་བོ་གཅིག་པུ་ཁེར་རྐྱང་དུ་བསྡད་དེ་སྒྱུ་ལུས་ཤ་ཁྲག་གི་ཕུང་པོ་འདི་མཚན་མོའི་གྲང་རླུང་གི་ངར་ཁའི་གསེང་ནས་ཁོག་འདར་ཤིག་ཤིག་རྒྱག་བཞིན་རྒྱང་ཐག་ཤིན་ཏུ་རིང་བའི་ཁྱོད་རང་དྲན་པའི་ཡིད་གདུང་གིས་མནར་བཞིན་ཡོད། ཡབ་ཆེན་ལགས། མ་གཞིར་གནས་འདི་རུ་དྭངས་གཙང་གི་ཆུ་བོ་རྒྱུ་ཞིང་ས་གཞིར་དྲི་བསུང་འཐུལ་བའི་མེ་ཏོག་བཞད། གཡང་ར་བ་སྒོ་བཞི་བག་ཡངས་ཀྱིས་འཚོ། གནས་འདི་ཁོ་བོས་ཆེས་ཐོག་མའི་ངུ་ངག་གི་དབྱངས་རྟ་སྒྲོག་མྱོང་བའི་མཛེས་སྡུག་ཕ་ས་སྨུག་པོ་ཡིན་ཡང་། ད་ལྟ་སྟོང་སྣང་གི་ཞིང་ཁམས་ཤིག་དང་འདྲ་བར་ཅི་ཡང་མི་འདུག གནས་འདི་ཡི་སྤང་ཁུག་ཏུ་འུ་ཚང་གི་གཞིས་ཁྱིམ་དྲོན་མོ་ལྷོད་ཀྱིས་ཆགས་ཤིང་གནས་འདིར་མཛེས་སྡུག་གིས་གང་། གཞིས་ཁྱིམ་ལ་དྲོད་ཁོལ་འཛོམས། འོན་ཀྱང་ད་ནི་འཇིག་རྟེན་ཧྲིལ་པོ་སྟོང་སང་སང་དུ་གྱུར་ནས་མིག་ལམ་དུ་སྐར་མདའ་བཞིན་ཡོད་ཚད་ཡལ་སོང་། གལ་ཏེ་འདི་ནི་ལས་དབང་ཞེས་པ་དེས་བཀོད་སྒྲིག་ཡིན་པའི་དབང་དུ་བཏང་ན་ཁོ་བོས་ཀྱང་ལས་དབང་ལ་ལེ་བདའ་དང་གཤེ་གཤེ་བཏང་ན་ཅིའི་ཕྱིར་མི་ཆོག་གམ།
གསུམ
ཡབ་ཆེན་ལགས། ཁྱོད་རང་འཇིག་རྟེན་འདི་དང་གྱེས་ནས་བཟུང་ཁོ་བོས་ཉིན་ནས་ཟླར་མཐུད་ཟླ་ནས་ལོར་བརྒྱུད་དེ་ཅི་འདྲའི་རེ་སྒུག་བྱས་ཀྱང་ཁྱོད་རང་གཏན་དུ་ཡོང་རྒྱུ་མི་འདུག ཡབ་ཆེན་ལགས། ད་སྐབས་ཤིག་ལ་འཁོར་ཡུག་འདི་ནས་ཁོ་བོས་ཆེས་ཉན་ན་མི་འདོད་པའི་ཁྱིམ་མཚེས་ཀྱི་བྱིས་པ་ཚོས་སྐད་གསང་མཐོན་པོས་ཨ་ཕ་ཞེས་འབོད་པའི་སྒྲ་དེ་ཡིན། སྒྲ་དེ་གློ་བུར་དུ་རྣ་བར་ལྷུང་ཡོང་དུས། ཁོ་བོས་ལག་པ་བྲང་ཐོག་ཏུ་བཞག་སྟེ་འདས་ཟིན་པའི་ཕ་བུ་དགྱེས་འཛོམས་ཀྱི་ལོ་ཟླ་ལ་མནོ་བསམ་ཡང་ཡང་གཏོང་བཞིན་གོར་གོར་གྱི་གདོང་གི་མིག་ཟུང་ལ་གཙང་བོའི་རྦ་རླབས་འཁྱིལ་བ་གྲངས་ལས་འདས། དུས་གཏན་དུ་བརྗེད་དཀའ་ཞིང་སེམས་ཀྱིས་བསུབ་ཐབས་བྲལ་བའི་ཡབ་ཆེན་ལགས། ཁྱོད་ཀྱི་བྱམས་བརྩེ་ཉི་མའི་དྲོད་ཁོལ་འོག་ནས་ཁོ་བོའི་བྱིས་དུས་ཀྱི་ལོ་ཟླ་ལ་ཆེས་དྭངས་གཙང་གི་ཁ་དོག་བསྩལ་མྱོང་། ད་དུང་ཕ་ཡུལ་འདིའི་རི་ལུང་ཐང་གསུམ་གྱི་ལྷགས་རླུང་ཤུར་ཤུར་འཐབ་པའི་ཁངས་ཆར་དང་བུ་ཡུག་ཁྲོད་ནས་གཞིས་ཁྱིམ་འདི་ཡི་དཀའ་སྡུག་གི་ཁུར་པོ་ཡོད་ཚད་ཕྲག་ཏུ་བཞེས་ཤིང་དུས་ཚོད་སྐར་ཆ་གཅིག་གི་ཡུན་དུ་སོས་དལ་བག་ཡངས་ཀྱིས་ངལ་གསོ་ཐེངས་ཤིག་བྱེད་མྱོང་མེད་པ་འདིར་བསམ་ན། ཁོ་བོའི་སེམས་ཁོང་ནས་རྡོལ་བའི་མིག་ཆུའི་ཕྲེང་ཐག་འདི་གཏན་ནས་གཏན་དུ་ཆད་ཐབས་ཡེ་ནས་མི་འདུག ཡབ་ཆེན་ལགས། ཁྱོད་རང་མི་ཡུལ་འདིར་ཡོང་ནས་བགྲང་བྱ་བདུན་ཅུའི་ལྷག་གི་མི་ཚེའི་ལམ་བུ་ད་ནི་ཡོད་ཚད་མཇུག་རྫོགས་སོང་བས་ཁོ་བོ་ལ་ཅི་ཡང་མེད་པའི་སྣང་བ་ཞིག་ངང་གི་སྟེར་གྱིན་འདུག
བཞི
ཡབ་ཆེན་ལགས། དུས་བཞིའི་འགྱུར་བག་གི་ཀློང་ནས། དཔྱིད་ཀྱི་ས་བོན་ལ་རྩྭི་ཤིང་ལོ་འདབ་རྒྱས། དབྱར་གྱི་རྩྭ་ཐང་དུ་མེ་ཏོག་བཞད་དེ་སྐྱེ་འགྲོ་ཡོད་དོ་ཅོག་གི་སེམས་སུ་གསོན་ཤུགས་ཀྱི་ཡང་སྙིང་བསྐྲུན་གྱིན་འདུག ད་སྐབས་སླར་ཡང་ས་སྲོད་འདི་རུ་ཁུ་བྱུག་གིས་གསུང་སྙན་སྒྲོག་ཅིང་སྦྲང་ཆར་གྱི་དངོས་གྲུབ་འབབ་པའི་དུས་ཚིགས་དེར་ཏག་ཏག་བསླེབས་ཟིན། འོན་ཀྱང་ཁོ་བོས་དེ་དག་གི་མཛེས་པའི་རྣམ་པ་གཅིག་ཀྱང་མི་མཐོང་ཞིང་སྐྱོ་གདུང་གིས་མནར་ཏེ་གཤོག་ཡ་ཆད་པའི་རྒོད་པོ་ཇི་བཞིན་ན་ཟུག་ཡོད་ཚད་ཚོར་བས་ཟིན་པ་ཞིག་གམ་དབང་པོས་མྱོང་ཐུབ་པ་ཞིག་གཏན་ནས་མ་རེད།
ལྔ
ང་ཚོའི་ངག་ནས་ཆེས་ཐོག་མར་ཁྲོལ་ཡོང་བ་ནི་ཕ་མ་ཞེས་པའི་ཐ་སྙད་རླབས་པོ་ཆེ་དེ་ཡིན། ང་ཚོས་ཆེས་མཐའ་མཇུག་ལའང་བརྗེད་མི་སྲིད་པ་ནི་ཕ་མ་ཞེས་པའི་བག་ཆགས་ཀྱི་མིང་དེ་ཡིན། དེ་བས་ཕ་མ་ནི་ང་ཚོའི་ཚེ་ཡི་ཐོག་མཐའ་བར་གསུམ་ནས་གཏན་དུ་བརྗེད་མི་སྲིད་པའི་མི་ཚེ་འདི་ཡི་རིན་བྲལ་གྱི་ནོར་བུ་གཅིག་པུ་དེ་ཡིན་ནོ། །