ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་ནམ་ཡང་འཁོར་འོངས་པ་ནི་ཆུང་དུས་ཀྱི་གྲོགས་པོ་བསོད་ནམས་རྒྱལ་ཡིན། ངེད་གཉིས་ཀྱི་ལུས་ལ་ཆེ་ཆུང་དང་གཟུགས་པོར་རིང་ཐུང་མེད། རྒྱུ་མཚན་ནི་ངེད་གཉིས་ལོ་གཅིག་དང་ཟླ་གཅིག་ལ་སྐྱེས་པས་ཡིན་མོད། འོན་ཀྱང་ཅུང་ཙམ་མི་འདྲ་ས་ཞིག་ཡོད་པ་ནི་ཁོ་ང་དང་བསྡུར་ན་ཉིན་དྲུག་གི་སྔོན་དུ་སྐྱེས་པ་དེ་རེད།
དེ་བས། སྤྱིར་ཡིན་ན་ངས་ཁོའི་མིང་ལ་ཕུ་བོ་ཞེས་འབོད་དགོས་པ་གནས་ལུགས་དང་མཐུན་མོད། དེ་ལས་ལྡོག་སྟེ་རྒྱུན་པར་བདག་གིས་ཅི་བཤད་ཐམས་ཅད་དང་དུ་ལེན་པའི་ཁོ་བྱིས་པ་གཞུང་དྲང་ངང་རྒྱུད་རིང་བ་ཞིག་ཡིན། སྐབས་དེར་ཁྱིམ་མཚེས་གཞན་གྱི་བྱིས་པ་སྣབས་ལུག་དག་གིས་རྩེད་ཆས་བརྩད་དེ་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་དང་བྱེད་ཀྱིན་ཡོད་པ་རྒྱུན་ལྡན་ཡིན། ཡིན་ཡང་ངེད་གཉིས་ཀྱིས་གོས་ཁ་གང་ཡོད་ན་མཉམ་གོན་དང་ཟས་ཁམ་གང་ཡོད་ན་མཉམ་ཟ་བྱེད་ཀྱིན་ཡོད་པས་མི་མཐུན་ས་གཅིག་ཀྱང་མེད། དྲང་མོར་བཤད་ན། དེ་དུས་ཀྱི་རྩེད་ཆས་ཕལ་ཆེར་རྡོ་དང་སྤོ་ཐོ་ཡིན་པས་རྩོད་དགོས་དོན་ཡང་མི་འདུག
ཆུང་བྱིས་པའི་དུས་ཀྱི་སེམས་ཁམས་ནི་འཇའ་ཚོན་ལྟར་ཁ་དོག་ལེགས་ཤིང་། ཉི་མ་བཞིན་འོད་སྣང་ལྡན་པས་ཉིན་མཚན་བར་མེད་དུ་རྩེད་འཇོར་རོལ་བ་ཡིན། ངེད་གཉིས་ཀྱི་རྩེད་ས་ལ་ངེས་གཏན་མེད་ཀྱང་། ཕལ་ཆེར་དབྱར་གསུམ་ཆུ་བོའི་འགྲམ་དང་ན་དམར་གཞུང་ནས་ས་ནག་རློན་པས་སྦྲ་ནག་ཕུབ་པའི་འདབས་རོལ་ཏུ་སྤང་རྒྱན་པདྨས་བག་མ་བཟོས་ཏེ་གཉེན་སྟོན་བགྱིས་ཁུལ་གྱིས་བརྩེས་མྱོང་ལ། དགུན་གསུམ་བྲག་ཕུག་དང་གད་ཁུང་ཉུལ་ཏེ་རབ་དཀར་ཁ་བས་འཛིན་མ་བཀླུབས་ཤིང་། གྲང་རེག་རྒོད་པོས་འགྲམ་ལྕག་གཞུས་ཀྱང་དར་དིར་ངག་གི་གླུ་སྐད་ཆད་མ་མྱོང་བས། སྐབས་དེའི་ལྷད་མེད་ཀྱི་བརྩེ་བ་དང་སེམས་ཁམས་ནི་གང་སྣང་ཐམས་ཅད་མཛེས་པར་བརྗོད་པའི་སྙན་ངག་མཁན་ཞིག་གིས་ཀུན་རྟོག་མེ་ལོང་གི་ངོས་ན་ཁྲ་ལམ་མེར་བཀྲ་བའི་འཆར་ཡན་ཐམས་ཅད་བློས་བསླངས་བྱས་པའམ། ཡང་ན། སྣ་བརྒྱའི་མེ་ཏོག་གི་བསུང་ངད་འཐུལ་བའི་ཆར་ལྡན་དུས་ཀྱི་མཛེས་སྡུག་ལ་ཅོ་འདྲི་སློང་བ་དང་ཀུན་ནས་མཚུངས་ཨང་།
ངེད་གཉིས་ཕོ་ལོ་ལྔ་ཟུང་བཅུ་ལ་བུད་པའི་སྟོན་ཁ་དེར། ཐོག་དང་པོར་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་པ་ཡིན། སྐབས་དེའི་འབྲོག་ཕྱོགས་ཀྱི་རྒན་པོ་དག་གིས་བརྗོད་པ་ལྟར་ན། སློབ་གྲྭ་ནི་བཙོན་ཁང་དང་སློབ་མ་ནི་བཙོན་མ་ལྟ་བུ་ཡིན་པས། གལ་ཏེ་ཟོག་རྫིར་མི་འགྲོ་ན་སློབ་གྲྭར་བསྐྱལ་རྒྱུ་ཡིན་ཞེས་སྐྲག་སློང་གིན་ཡོད་པར་བརྟེན། བྱིས་པ་ཚང་མས་སློབ་གྲྭའི་མིང་ཐོས་ཚེ་སྡོད་སའི་གནས་དང་གབ་སའི་ཁུང་མི་རྙེད་པའི་བག་ཆགས་ངན་པ་ཞིག་འབྲོག་ཕྱོགས་སུ་ཁྱབ་གདལ་དུ་སོང་ཡོད་པས། ངེད་གཉིས་ལ་མཚོན་ནའང་། དེ་ལས་མ་འདས་པར་རྒྱུན་པར་སྐྲག་སྐྲག་འདར་འདར་དུ་བསྡད་པ་ཡིན་མོད། འོན་ཀྱང་སློབ་གྲྭའི་སྒོ་ཐེམ་བརྒལ་བ་ནས་བཟུང་། དེ་ལས་ལྡོག་སྟེ་ངེད་གཉིས་ལ་སྨྲ་མི་ཤེས་པའི་སྤྲོ་སྐྱིད་ཀྱི་སྣང་བས་བརྟས་སོང་། ཡང་སྙིང་ཟོག་རྫིར་མི་འགྲོ་ན་སློབ་གྲྭར་བསྐྱལ་རྒྱུ་ཡིན་ཞེས་པའི་ནང་དོན་ནི་བྱེད་ཐབས་ཤིག་ཡིན་ལ། བྱེད་ཐབས་དེར་བརྟེན་ནས་རང་རང་གི་བྱིས་པའི་འོད་སྟོང་འབར་བའི་མདུན་ལམ་རླག་གིན་ཡོད་པ་ཁོ་ཚོས་ག་ལ་ཚོར། དེ་བས་འབྲོག་པ་ནོར་ལ་ནོར་རེད། འབྲོག་ཕྲུག་ནོར་གྱི་ལྕི་བ་རེད་ཅེས་པའི་གཏམ་དེར་ཡང་ཆ་འཇོག་མེད་པ་ཞིག་མ་ཡིན་པར་འདི་དང་འདི་ལྟ་བུའི་ནོར་འཁྲུལ་མི་ཉུང་བ་ཞིག་ཤེས་མེད་ཚོར་མེད་ངང་བྱུང་དང་འབྱུང་གིན་ཡོད་པས་རེད།
དུས་དེ་ནས་བཟུང་། ཞོགས་པའི་ཉི་ཟེར་སེར་ལམ་མེར་འཕྲོས་ཏེ་དབང་ཕྱོགས་རི་བོས་གསེར་ཞྭ་གྱོན་པ་དང་མཉམ་དུ། ཞལ་འཛུམ་མདངས་དམུལ་ལེར་ངག་དགོད་སྒྲ་ལྷང་ངེར་མཐུན་པའི་དཔུང་རྡང་ཨ་ལོང་གཅིག་ཏུ་སྦྲེལ་ནས་ལམ་གྱ་མ་གྱུ་ཞིག་གི་རི་ལམ་བརྒྱུད་དེ་ངེད་གཉིས་སློབ་གྲྭར་བསྐྱོད་པ་གྲངས་ཀྱིས་ག་ལ་ཟིན། གཞན་གྱིས་བཤད་ན། སློབ་མ་ཚོ་སློབ་གྲྭར་འགྲོ་བའི་ལམ་བར་ནས་རང་དང་ན་ཚོད་མཉམ་པའི་རྫི་བོ་ཆུང་ཆུང་རྣམས་བྱ་རྒོད་ཐེད་ཐོག་ཏུ་འབབ་པ་བཞིན། རྒྱུ་མཚན་ཅི་ཡང་མེད་པར་རུབ་འོངས་ཏེ་དོན་མེད་ལ་གཅར་རྡུང་བྱས་དང་བྱེད་བཞིན་པའི་གཏམ་རྒྱུད་མང་། ཡིན་ནའང་། ངེད་གཉིས་བཞུད་ཀྱིན་པའི་ལོ་ཟླའི་ནང་དུ་དེ་ལྟ་བུའི་མི་ངན་དག་དང་ཕྲད་མ་མྱོང་། དེ་ནི་ཕན་ཚུན་རྡོག་རྩ་གཅིག་སྒྲིལ་གྱི་བརྩེ་བ་ཟབ་པས་ཡིན་ནམ། ཡང་ན་ངེད་གཉིས་དཔུང་བ་རྒོད་པས་ཡིན་པ་ཆ་མི་འཚལ་མོད། གང་ལྟར་སྐྱིད་ལ་སྡུག་པའི་ལོ་ཟླ་ཆུ་བོ་ལྟར་ཤུགས་ཀྱིས་བཞུར་བའི་ཁྲོད་ནས། ངེད་གཉིས་ཀྱིས་སྐྱིད་པའི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བགྱིས་ཏེ་རྒྱུན་པར་ལུས་དང་གྲིབ་མ་བཞིན་འགྲོགས་པར་བརྟེན། དེ་ལྟ་བུའི་གཞན་གྱི་བརྙས་བཅོས་དང་གཉའ་གནོན་ཁུར་མ་མྱོང་ལ། ཤེས་རིག་ཡོན་ཏན་གྱིས་དབུལ་ཏེ་དགེ་རྒན་གྱི་རིན་མེད་ཕྱག་འབེབས་ཀྱང་ཉོས་མ་མྱོང་།
སློབ་མཐར་ཕྱིན་པའི་ལོ་དེར། ངེད་གཉིས་ཕོ་ལོ་བརྒྱད་ཟུང་བཅུ་དྲུག་གི་ལང་ཚོ་དར་ལ་བབས་དུས་ཡིན་པས། མགོ་འཕང་ཁ་དཀར་རྐྱང་དང་སྣང་བ་ཨ་སྔོན་དགུང་ཡིན་པ་སུས་མི་ཤེས། དེ་དུས་ངེད་གཉིས་ལ་གོས་ཚར་གོས་ལྭ་རྒྱུན་དུ་གོན་རྒྱུ་མེད་ཀྱང་ཕྲུག་ཐེར་མ་རྒྱབ་དང་འབྲལ་མ་མྱོང་ལ། ཀ་ར་བུ་རམ་དུས་ཀུན་སྤྱོད་རྒྱུ་མེད་ཀྱང་ཟས་ཞིམ་པོ་སྦྲང་དཀར་རྩམ་པ་ཆད་མ་མྱོང་བས། ཁ་སྐྱིད་པོ་རི་སྤྱང་སྔོན་མོ་དང་སེམས་སྐྱིད་པོ་བས་མཐའི་རི་དྭགས་ལས་ལྷག་མོད། འོན་ཀྱང་བསོགས་པའི་ཐ་མ་ཚར་དགོས། འདྲིས་པའི་ཐ་མ་འབྲལ་དགོས་ཟེར་བ་ཅིས་མི་བདེན། དེ་ལྟར་ལོ་ཟླ་ཁ་ཤས་རྨི་ལམ་བཞིན་འདས་རྗེས། མི་འདོད་བཞིན་དུ་སྔོན་བསགས་ལས་ཀྱིས་དེད་པའི་ལམ་བུ་དེར་ཞུགས་ནས་ངེད་གཉིས་རང་རང་སོ་སོའི་གནས་སུ་ཆས་པ་ཡིན། དེའི་མིང་ལ་ལས་དབང་ཟེར།
སྤྱིར་ངེད་གཉིས་ཡོད་སའི་བར་ཐག་དེ་འདྲ་རིང་རྒྱུ་མེད་ཀྱང་རང་རང་གི་ལས་གནས་མི་གཅིག་པའི་རྐྱེན་གྱིས་ཕན་ཚུན་ཐུགས་འཕྲད་བྱེད་པའི་གོ་སྐབས་ཤིན་ཏུ་ཕྲ། ལྷག་པར་དུ་ངའི་གཤིས་ཀ་ནི་ལོག་ལོག་རིལ་བུ་བཞིན་གང་སར་འགྲིལ་འགྲོ་བའི་ཕོ་རྒོད་ཀྱི་རིགས་དེར་མི་གཏོགས་ཤིང་། ལེབ་ལེབ་ཀ་རྡོ་ཇི་བཞིན་གར་བཞག་ས་ནས་འགུལ་མི་ཤེས་པའི་ཉམ་ཆུང་གི་རིགས་དེ་ཡིན་པས། ཆུང་གྲོགས་མང་བོ་ཞིག་ལ་ངོ་འཕྲད་མ་མྱོང་བར་མ་ཟད། ཐ་ན་གཉེན་ཉེ་དུ་མང་བོ་ཞིག་ཀྱང་མིག་ལམ་ནས་བོར་ཟིན། ངའི་ཆུང་གྲོགས་བསོད་ནམས་རྒྱལ་ཁོ་ཡང་དེའི་གྲས་ཀྱི་གཅིག་ཡིན་པ་སྨོས་ཅི་དགོས། དྲང་མོར་བཤད་ན། ཆུ་བོའི་རྒྱུན་ལྟར་བཞུར་གྱིན་པའི་ལོ་ཟླའི་ནང་དུ་རང་ཉིད་ཤེས་རིག་གི་མཚོ་མོར་བྱིང་སྟེ་ཡོད་ཚད་ཀྱི་ཡོད་ཚད་བརྗེད་ཟིན་ན་ཡང་། ཆུང་བྱིས་པའི་དུས་ཀྱི་རྩེད་གྲོགས་ཚོའི་སྙིང་དུ་སྡུག་པའི་ལུས་ཀྱི་ཉམས་འགྱུར་རེ་རེ་བརྗེད་ག་ལ་སྲིད། དེ་དུས་ཀྱི་སྣང་བརྙན་རབ་རིབ་དེ་དག་ཀུན་རྟོག་མེ་ལོང་གི་ངོས་སུ་འགུལ་རིས་རི་མོ་བཞིན་འཆར་ཐེངས་རེ་རེར་གཟུགས་མེད་ཀྱི་ལག་པ་ཞིག་གིས་བདག་གི་ཡ་ཆུང་སེམས་ལ་སྦར་འབྲད་བྱེད་པ་དང་ཀུན་ནས་མཚུངས་ཨང་། ལོ་ཟླ་དེ་དག་ཏུ་ང་ཚོ་ཕན་ཚུན་ངོ་མ་འཕྲད་པ་ནི་གཅིག་གིས་གཅིག་བརྗེད་སོང་བ་མ་ཡིན་ལ། ཕན་ཚུན་འཕྲད་འདོད་མེད་པའང་གཏན་ནས་མ་ཡིན། ཅིའི་ཕྱིར་ཞེ་ན། བྱ་བའི་དགོས་དབང་གིས་ངེད་ཚོ་ཚང་མ་ལྷན་དུ་འཛོམས་ནས་དོན་སྙིང་ལྡན་པའི་ཁ་བརྡ་ཉན་སྤྲོ་བ་ཞིག་བྱེད་མ་ཐུབ་པར་གྲོག་མ་མིག་མེད་བཞིན་རང་རང་གི་ལས་དོན་ལ་འབད་ཀྱིན་ཡོད་པས་ཡིན་ནོ། །
སྟབས་ལེགས་པ་ཞིག་ལ། ད་ལོའི་ཟླ་སྔོན་མར་ངེད་གཉིས་རླངས་འཁོར་གཅིག་ལ་འཛོམས་ཏེ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་བསྐྱོད་རྒྱུའི་རྟེན་འབྲེལ་འགྲིགས་སོང་། དེ་ནི་སྟེས་དབང་ཞིག་གམ་ལས་དབང་ཞིག་གིས་བཀོད་སྒྲིག་བྱས་པ་དང་ཀུན་ནས་མཚུངས་ཨང་། དེ་དུས་ངེད་གཉིས་ཀྱིས་བྱ་ལྟར་སྐྱེན་པའི་རླངས་འཁོར་ལས། ཕན་ཚུན་བྲལ་བའི་སྐྱོ་གདུང་དང་ཡུན་རིང་མ་འཕྲད་པའི་སེམས་གཏམ་སོགས་ཡུན་རིང་གླེང་བར་བརྟེན། བཞུད་ཟིན་པའི་བགྲང་བྱ་བཅུ་ཕྲག་དུ་མར་བདག་ཡིད་ཆུ་སྐྱེས་པདྨའི་སྐྱེད་ཚལ་གྱི་གསང་བའི་སྦུབས་བརྒྱའི་དབུས་ནས། ཡུན་རིང་བག་ལ་ཉལ་བའི་གངས་དཀར་སེམས་ཀྱི་སྐྱོ་ངལ་ཡོད་ཚད་སྤྲོ་སྣང་སྨྲ་མི་ཤེས་པ་ཞིག་གིས་སངས་པར་གྱུར་པས། འདས་མ་ད་གསུམ་ལས་འཕྲོས་པའི་སྐད་ཆའི་བཞུར་རྒྱུན་ཡང་ཆུ་ཕྲན་འདུས་པའི་ཆུ་བོ་བཞིན་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་ཉེ་འཁོར་གྱི་མི་རྣམས་ཀྱང་ཡོངས་སུ་བརྗེད་སོང་བ་ལྟར། ཆུང་དུས་ཀྱི་གསང་བ་ལྐོག་གྱུར་ཐམས་ཅད་ཀྱང་མངོན་སུམ་འཛེམས་མེད་དུ་བརྗོད།
འོད་ཀྲིག་ཀྲིག་བྱེད་པའི་གནག་སྣུམ་གྱི་གཞུང་ལམ་སྟེང་ན། ཆེ་ཆུང་དང་ཁ་དོག་མི་འདྲ་བའི་རླངས་འཁོར་ཚང་མ་གཅིག་ལས་གཅིག་མགྱོགས་ཀྱི་ཚུལ་དུ་བང་རྩལ་འགྲན་གྱིན་བདོག དེ་དང་ཆབས་ཅིག་ཏུ་ཡུན་རིང་སེམས་ལ་ཉར་བའི་ངེད་གཉིས་ཀྱིས་བརྗོད་འདོད་པའི་སྐད་ཆ་རྣམས་ཀྱང་གཅིག་ལ་གཅིག་འགྲན་པ་ལྟར་ཕན་ཚུན་འདྲོགས་ལངས་ནས་བརྗོད་ཀྱིན་པའི་སྐབས་དེར་ཁོས་བསམ་གཟས་ང་ཚོའི་རྫོང་ཐོག་གི་ཁྲོམ་ར་ན་ཚོང་ལས་གཉེར་གྱིན་པའི་མི་ཞིག་གླེང་བྱུང་། ཁོས་བཤད་རྒྱུར་བཟོ་ཁང་དེའི་གོས་ཕྲུག་རས་གསུམ་གྱི་རྒྱུ་སྤུས་དང་བཟོ་བའི་ལག་རྩལ་སོགས་ཕྱོགས་གང་ཅིའི་ཐད་ནས་བཟང་བར་མ་ཟད། ཚོང་བདག་གི་ཞབས་ཞུའི་རྣམ་འགྱུར་དང་སྐད་ཆའི་སྒྱུ་རྩལ་ཀྱང་དངོས་གནས་འགྲིགས་འདུག་ཟེར་བ་དང་། ཡང་ཁོས་ངའི་རྣམ་འགྱུར་ལ་བལྟས་རྗེས། མུ་མཐུད་དུ་ཚོང་བདག་དེ་དང་འབྲེལ་བའི་འདས་མ་ད་གསུམ་གྱི་ཉན་སྤྲོ་བའི་གཏམ་རྒྱུད་མང་བོ་ཞིག་ཀྱང་ལུ་གུ་རྒྱུད་དུ་བཤད་འོང་དུས། རང་སེམས་ཀྱི་རྟ་ཕོ་གཤོག་ཐོགས་དེ་ཉིད་རྩལ་ཆེན་གྱིས་མདའ་འཕང་བ་ལྟར། སྐད་ཅིག་དེ་ཉིད་ལ་མང་རྫོང་ཁྲོམ་རའི་ཚོང་ཁང་དེར་འཕྱན་ཏེ་བག་ལ་ཉལ་བའི་གཉོམ་དུང་དུང་གི་ཚོར་བས་མྱོས་པར་བརྟེན། ཁོས་བདག་ལ་བརྗོད་ཀྱིན་པའི་སྐད་ཆ་གཅིག་ཀྱང་ཡེ་ནས་མ་ཚོར་ལ། བདག་གིས་དེ་དང་མཐུད་ནས་དེའི་ཕྱོགས་ཀྱི་ཁ་བརྡ་ཡང་མ་བྱས། རྒྱུ་མཚན་རང་ཉིད་དེ་ལ་སྤྲོ་བ་མེད་པའམ་ཡང་ན། བཤད་འདོད་མེད་པ་གཏན་ནས་མིན་མོད། འོན་ཀྱང་གཅིག་ནས་སྐབས་ཐོག་དེར་མི་སྣ་མང་བ་དང་གཉིས་སུ་ཇི་ལྟར་ལབ་གླེང་བྱེད་དགོས་པའང་མ་ཤེས་པར་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། ཕྱིས་སུ་ལྷིང་འཇགས་ཀྱི་གོ་སྐབས་འདྲ་བྱུང་ན་དེའི་སྐོར་གྱི་ཁ་བརྡ་ཞིབ་མོ་ཞིག་བྱ་རྩིས་ཡོད་པས་སོ། །
མཚན་མོ་དེར། ངེད་གཉིས་མགྲོན་ཁང་གཅིག་ཏུ་བསྡད་དེ་ཡུན་རིང་ལ་ཁ་བརྡ་བྱས་རྗེས། ཁོ་རྨི་ལམ་གྱི་ཞིང་ཁམས་སུ་བཞུད་དེ་སྔུར་དབྱངས་རིང་མོ་ཞིག་འཐེན་གྱིན་ཡོད་མོད། འོན་ཀྱང་བདག་ལ་གཉིད་གཏན་ནས་མ་ཡོང་བར་དེ་སྔ་ཁོས་བཤད་པའི་སྐད་ཆ་དེར་ཕྱིར་དྲན་བྱས་པ་ཡིན། རང་ཉིད་ཚོང་བདག་དེ་དང་བྲལ་ནས་མི་ལོ་ཉི་ཤུ་ལྷག་མིག་རྡེབ་དབང་ཙམ་གྱིས་འདས་སོང་། ཕན་ཚུན་དྲན་པའི་གདུང་བ་རི་ལྟར་ལྕི་ནའང་དེའི་སྐོར་གྱི་ཚིག་ཟུར་ཙམ་ཡང་ཁ་ནས་གླེང་མ་མྱོང་། ཡིན་ཡང་དེ་རིང་ཁོས་དེ་ལྟར་ཚོང་བདག་དེའི་འཚོ་བའི་ཁ་དོག་གླེང་དོན་ཅིའི་ཕྱིར་ཡིན་ནམ་ཞེ་ན། བློས་ཐུབ་ཀྱི་གྲོགས་པོས་ད་གཟོད་ལྷད་མེད་ཀྱི་སེམས་གཏམ་བརྗོད་སྟབས། ཁོས་བཤད་པའི་སྐད་ཆ་དེར་མཚོན་ནའང་ཚིག་རྩ་བ་ཅན་ལ་ཉན་རྒྱུ་ཡོད། བ་ནུ་མ་ཅན་ལ་བཞོ་རྒྱུ་ཡོད་ཟེར་བའི་དཔེ་ལྟར་ཧ་ཅང་ནང་དོན་མེད་པ་ཞིག་ག་ལ་ཡིན། ང་དེ་ལྟར་ཕྱིར་དྲན་གྱི་ཀློང་ལ་འཕྱན་དུས། ཁ་སང་བྱུང་བའི་སྣང་བརྙན་བཞིན་ཆུང་འདྲིས་ཚོང་བདག་དེའི་གདོང་གི་འཛུམ་མདངས་དང་ལུས་ཀྱི་ཉམས་འགྱུར། ཐ་ན་སྐད་ཀྱི་གདངས་དང་སེམས་ཀྱི་འཆར་སྒོ་ཚང་མ། རྡོ་ལ་བརྐོས་པའི་རི་མོ་ཞིག་དང་འདྲ་བར་དྭངས་གཙང་སེམས་ཀྱི་གཏིང་རིམ་ནས་དྲན་པའི་སྒོ་གླེགས་ཡོངས་སུ་ཕྱེས་ཏེ་ཀུན་རྟོག་མེ་ལོང་གི་ངོས་སུ་གསལ་ལྷང་ངེར་ཤར་འོང་བར་བརྟེན། འཇམ་ཅག་གེར་གནས་པའི་མཚན་མོ་རིང་བོ་ངུ་མ་དགོད་ཀྱི་འཁྲུལ་སྣང་རབ་རིབ་ཀྱི་ཀློང་ནས་དེ་ལྟར་ཕར་བསྐྱལ་བ་ཡིན།
ཕྱི་ཉིན་ཞོགས་པར་རེབ་གོང་རོང་བོ་དགོན་པའི་ཉེ་འགྲམ་གྱི་གསོལ་མགྲོན་ཁང་ཆེན་མོ་ཞིག་ནས། བྲེལ་བྲེལ་འཚབ་འཚབ་ཀྱི་ནངས་ཇ་སྟབས་བདེ་ཞིག་རོལ་རྗེས། བཀྲ་ཤིས་བདེ་ལེགས་ཀྱི་ཁམས་བདེ་ཞུ་ཞོར་རང་རང་སར་གྱེས་པ་ཡིན། ཁ་བྲལ་བའི་ཉིན་མོ་དེ་ནས་བཟུང་། ང་ཡི་གམ་དུ་ཁྱོད་ཀྱི་གཟུགས་བརྙན་མེད་ཅེས་ཟེར་བ་ནང་བཞིན། དུས་དེ་ནས་བཟུང་སྔར་ལྟར་ཁོའི་གྲིབ་གཟུགས་ཙམ་ཡང་བདག་གི་མཐོང་ལམ་དུ་མ་གྱུར་ལ། ཤིན་ཏུ་ཉན་པར་སྤྲོ་བའི་གོང་སྨོས་ཀྱི་ཚོང་བདག་དེ་དང་འབྲེལ་བ་ཡོད་པའི་སྐད་ཆ་མང་བོ་ཞིག་ཀྱང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འཕྲོ་ལུས་སུ་གྱུར་སྟབས། ཡང་བསྐྱར་ལྷན་འཛོམས་ཀྱི་དུས་བཅད་ཅིག་ལ་རེ་བ་ལས་བྱ་ཐབས་གང་ཡང་མ་མཆིས་སོ། །