ཆུ་ཚོད་བཅུ་གཉིས་ཀྱི་སྒྲ་ཐག་རྣ་བར་ལྷུང་ལ་ཉེ་དུས། ངས་ཀྱང་བྲེལ་ཟིང་ཆེན་པོས་ལག་པའི་རུམ་གྱི་ཟིན་དེབ་འདི་མཚན་གུང་གི་སྐར་ཚོགས་ལྷན་དུ་ཕྱི་རོལ་གྱི་མཚན་ལྗོངས་སུ་བཀྲམ། ཕྱི་གསལ་ནང་གསལ་གྱི་ངའི་འཇིག་རྟེན་གྱི་སྒེའུ་ཁུང་མདུན་དུ། ཁྱོད་ཀྱི་ཆེད་དུ་སྒྲིག་པའི་ཐ་སྙད་ཀྱི་མེ་ཏོག་ཆུན་པོ་གང་། ལོ་ན་སྨིན་པའི་བུ་མོ་གཅིག་གི་འབྲས་ལྡན་གྱི་དུང་ཟླ་ལ་འཕུལ་བའི་ཆེས་དྭངས་གཙང་གི་ལེགས་སྐྱེས་ཡིན།
རྨི་ལམ་ནང་གི་བརྩེ་དུང་ནི་འཛིན་ཐབས་བྲལ་བའི་འཇའ་ཚོན་དེ་རེད། སྒྲོ་གཤོག་མེད་པའི་སྙིང་གི་མདའ་མོ་ཞིག་གན་ལ་འཕང་ནའང་། ཕྱིར་བཟློག་མེད་པའི་ཆུ་བོ་བཞིན་བཞུར་སོང་བའི་ལོ་ཟླ་དེ་རང་རེད། བདག་ཏུ་མེད་པའི་སེམས་པ་མེ་སྟག་བཞིན་ཁྱོད་ལ་ཕྱོགས་ཤིང་ཁྱོད་ཀྱི་ཆེད་དུ་འབར་དགོས་གསུང་དུས། ཁོ་བོས་ངལ་དུབ་ཀྱི་མིག་ཟུང་ག་ལེར་བཙུམ་ཡང་རྨི་ལམ་གྱི་ཕོ་བྲང་དུ་ཁྱོད་ཁོ་ནས་གཟུགས་བརྙན་གྱིས་ཁེངས། དེ་ནས་བཟུང་། གཉིད་མི་ཁུགས་པའི་མཚན་མོ་རེ་རེར་ངས་མུན་ནག་གི་སྲུབས་ཀ་ནས་ཁྱོད་ཀྱི་མིག་ཟུང་མཐོང་ཐུབ་ཅིང་། སྙིང་ཉེ་བའི་རྣམ་པ་ཞིག་མཐོང་ཐུབ། ངས་ཀྱང་གཟབ་ནན་ངང་དྲན་གདུང་དང་བདེ་སྡུག གཏམ་རྒྱུད་དག་སྙན་ངག་གི་ཟིན་བྲིས་སུ་ཕབ་ཏེ་རེ་རེ་བཞིན་ཁྱོད་ལ་གླེང་བ་མ་ཟད། འདས་མ་ད་གསུམ་གྱི་ལས་དབང་སོགས་ཞིབ་ཏུ་ཁྱོད་དང་གླེང་མྱོང་བ་ནི་མི་ཚེའི་ལྷག་མ་ཡོངས་ཀྱི་འཚམས་འདྲི་འགོ་མ་དེ་ཡིན་སྲིད་ན་ཆོག
དབྱར་གཞུང་ཞིག་ལ། སྣག་ཚས་སྦགས་པའི་ཤོག་ལྷེ་གཅིག་གི་སྟེང་དུ་ངས་ཆེས་ཐོག་མའི་བརྩེ་འཕྲིན་དེ་ཁྱོད་ལ་བསྐུར་བ་ཡིན། དུས་དེ་ནས་བཟུང་། ཁྱོད་ཀྱི་འཕྲིན་ལན་སྒུག་རྒྱུ་ནི་ངའི་གོམས་གཤིས་སུ་གྱུར་ཞིང་། ལོབས་ཕྱོགས་ལྟར་མི་ཚོགས་ཀྱི་དབུས་སུ་ཁྱོད་ཉིད་བཙལ་རྒྱུའི་འདུན་པ་ཟབ་མོ་ཞིག་གཤིས་ལ་འཇག དུས་ཡུན་རིང་པོར་མ་འགྱང་བར་ཁྱོད་ཀྱི་འཕྲིན་ལན་འབྱོར་དུས། བརྩེ་དུང་གི་ས་བོན་དེ་ངེད་གཉིས་ཀྱིས་དེ་ནས་བཟུང་བཏབ་པ་ཡིན། ཕྱེ་ལེབ་ཟུང་ཞིག་མེ་ཏོག་གི་འདབ་མའི་སྟེང་ལ་འབྱར་ཏེ་བརྩེ་དུང་གིས་བཟི་བའམ། ལུ་གུ་བཞིན་བརྩེ་བའི་སྙིང་ཆུང་བར་མེད་དུ་ལྡིང་ཞིང་ན་ཆུང་གི་དཔྱིད་དཔལ་ནར་སོན་པར་དུས་ཚིགས་གཞན་ཞིག་ལ་ཁྲིད་དེ་ལོ་ཟླ་སྙེགས།
དྲན་གདུང་གི་སེར་ཤ་ལྷུང་བའི་སྟོན་ཁ་ཞིག ངས༼མཚེའུ་གཉིས་དང་ཁོ་མོའི་ལང་ཚོ༽ཞེས་པའི་སྙན་ངག་དེར། སེམས་ཀྱི་ཟབ་སར་བཞག་པའི་སྙིང་ཉེ་ཁྱོད་ལ་བརྩེ་དུང་གི་སྟོབས་ཤུགས་དྲག་པོ་ཞིག་སྤྲད་པ་ཡིན། ཁྱོད་ནི་གཞི་ནས་ལོངས་སུ་སྤྱད་མ་ཚར་བའི་སྙན་ཚིག་གི་ལམ་ནས་བཞེངས་པའི་མུ་འབྲེལ་རི་མོ་ཞིག་རེད། རི་མོ་དེའི་སྟེང་ན་མཚེའུ་གཉིས་ཀྱི་སྤྲིན་དཀར་དང་ལུག་ཁྱུའི་ཐུ་སྣེ་འདྲེས་ཤིང་། གསེར་མདོག་གི་ཉི་འོད་ས་གཞི་རུ་ཁྱབ། དེ་བཞིན་ཁྱོད་ཀྱི་བྱིས་དུས་དང་ཕ་ཡུལ་གྱི་ཡུལ་མི། སྔར་བས་མཚར་སྡུག་བཀྲ་བའི་རི་མོ་འདིའི་ཁ་མདོག་ཏུ་གྱུར་ཡོད།
ཕྱི་ལོའི་ཉི་འོད་རབ་ཏུ་དྲོ་བའི་ལྷ་སའི་ཇ་ཁང་ཞིག་ཏུ། ངས་དགོས་དབང་སྣ་ཚོགས་ཀྱིས་བློ་ཁུག་ནས༼ཁུ་སིམ་སིམ་གྱི་འུ་གཉིས༽ ཞེས་པའི་ལྷུག་རྩོམ་དེར་བརྩེ་དུང་གི་རྒུན་ཆང་དུ་ཕབ་པ་ཡིན། ཏག་ཏག་ལོ་དེར། ངེད་གཉིས་ཀྱིས་དམ་ཚིག་ཡོད་ཚད་རླུང་ཡན་དུ་བསྐྱུར་ནས་ཡིད་ཆེས་ཆད་དེ་བྲལ་དགོས་པའི་གནས་སུ་གྱར། བར་ཐག་གིས་ཆོད་པའི་ལུས་ངལ་ཡོད་ཚད། རེ་ཞིག་སྐྱིད་ཆུ་སྔོན་མོའི་གཙང་འགྲམ་དུ་སྐྱོ་བ་སངས་པའི་ཆུ་བྱ་དང་འདྲ་བར་ཙོག་པུར་བསྡད་ནས་སེམས་ཉིད་བཀླགས། མནོ་བསམ་གང་མང་བཏང་བའི་རྗེས་ནས། མཐར་ངེད་གཉིས་ཀྱི་བརྩེ་བ་དེར་གས་ཆག་ཤོར་བའི་ཤེལ་དམ་གཅིག་སྟེ། ས་རུ་འཐོར་ནས་ཅི་ཡང་འཛིན་ཐབས་བྲལ། ངས་མང་པོ་ཞིག་གི་མདུན་ནས་ཡང་བསྐྱར་ཁྱོད་གླེང་ཞིང་། མང་པོ་ཞིག་གི་རྒྱབ་ནས་སྔར་བཞིན་ཁྱོད་བསྐུང་ཡོད།
འཕྲིན་ཡིག་གིས་སྤུངས་པའི་སེམས་ཀྱི་སྒོ་ཁ་དེ་རུ། ཁྱོད་དང་འདྲེས་པའི་མིང་ཚིག་མང་པོ་དག་གིས་ཚིག་མཛོད་ཅིག་སྒྲིག་ཡོད་ལ། སྒོས་སུ་ང་ལ་དབང་བའི་འཇིག་རྟེན་གཞན་ཞིག་བཙལ་རྒྱུ་བྱུང་ན་སྙམ། ཁྱོད་ཀྱི་ཐོད་པའི་སྟེང་དུ་ཡུན་རིང་བྱིན་པའི་འོ་ཞིམ་པོ་དེ་ད་གཟོད་ང་ཡི་ཞེན་ཆགས་དང་ཁྱོད་ཀྱི་ཕྱིར་འདང་ཡིན་སྲིད་ནའང་ཆོག གང་ལྟར་ཀྱང་། ང་ཡིས་དྲན་པ་ཁུར་ནས་རྒྱང་དུ་ཆས་དགོས་ཤིང་། ཁྱོད་ཀྱིས་བསླུ་བྲིད་བཟོད་དེ་ལམ་དུ་བཞུད་དགོས། ལམ་ཕྱོགས་མི་མཐུན་པའི་འགྲུལ་པ་ངེད་གཉིས་ལ་མཚོན་ན། དགའ་འོས་པ་ཞིག་ནི། ངེད་གཉིས་ད་བར་འབྲེལ་ལམ་ཆད་མེད་ཅིང་། སྔར་བས་དུངས་བ་ཟབ་མོས་ཕན་ཚུན་གྱི་བདེ་སྡུག་འདྲི་བའི་སྣང་བ་ཤུགས་ཀྱིས་སྟེར་ལ། བསམ་བསམ་བ་སྤྲོ་སྣང་གི་དགའ་བས་བཟི་ཞིང་བདེ་སྐྱིད་ཀྱིས་མི་ཚེའི་སྙིང་པོ་རྟོགས།
ཁྱོད་ཀྱིས་སྒམ་ནན་ངང་ང་ཡིས་བྲིས་པའི་སྙན་ངག་ཀློག་ཐེངས་རེར། ང་ཡིས་ཁྱོད་ལ་དྲན་པ་བླ་ལྷག་གིས་ཆེ་ཞིང་། ང་རང་སྙན་ངག་འབྲི་བའི་འདུན་པ་དང་དང་ཕུགས་བསམ་ལ་འགུལ་ཤུགས་ཀྱི་མེ་ལྕེ་སྒྲོན། ཟིན་བྲིས་དེ། ངས་ཤིན་ཏུ་གྲང་བའི་ནམ་ཟླ་འདིར་ཁྱོད་ལ་བསྐུར་བའི་དགུན་བཟས་ཡིན་ཏེ། ཁྲུང་ཁྲུང་འཕུར་ཤུལ་དུ་བསྐུར་བའི་འཕྲིན་ཡིག་དང་ང་ཡི་དྲན་པ། མཚོ་འགྲམ་དུ་འགྲེང་ནས་གླུ་སྐད་ཀྱི་ང་རོས་དྲན་གླུ་འགུགས་ཀྱིན། ངས་ཁྱོད་ལ་ཆེས་ཟོལ་མེད་ཀྱི་བརྩེ་བ་དུ་མ་བླག སྙིང་ཉེ་བའི་མི།
ཨ་རག་འཐུང་བའི་དགུན་སྟོད་ཀྱི་མཚན་མོ་རིང་པོ་ཞིག ངས་འདི་ལྟར་ཁྱོད་རང་གི་སྐྱེས་སྐར་ལ་ལེགས་སྐྱེས་ཀྱི་ཡིག་འབྲུ་འདི་དག་འཚང་ནས་བསྔོག སྙིང་གཏམ་སྙིང་ལ་ཟུག་པ་དག་ཀྱང་དོ་ནུབ་དམར་རྗེན་དུ་ཕུད་ནས་ཁྱོད་ལ་གླེང་བར་བརྩམས། ཟླ་འོད་གཉོམ་པོ་ཞིག་ད་གཟོད་སྐར་ཁུང་བརྒྱུད་དེ་ང་ཡི་སེམས་ནང་ལ་འཕྲོས་ཡོང་། ཟླ་འོད་འདི་ནི་སེམས་གསོ་ཞིག་གམ་ཡང་ན་ལེགས་སྐྱེས་ཡིན་པའི་ཚུལ་ནས་མདུན་དུ་བསྐྱོད་པའི་སྒུལ་ཤུགས་རེད། ང་རང་དལ་ཅག་གེར་ཟླ་འོད་འདིའི་ངོགས་སུ་བསྡད་དེ་མུ་མཐུད་དུ་ཁྱོད་ཀྱི་སྐྱེས་སྐར་ལ་འཚམས་འདྲིའི་ཐ་སྙད་གསོན་པོ་དག་སྒྲུག་ནས་ཁྱོད་ལ་རྟེན་འབྲེལ་ཞུ་འོ། །
ཁྱོད་ཀྱི་སེམས་ཁོང་ན་སྨིན་པའི་ན་ཚོད་ཀྱི་གདུང་བ་སྙི་མོ་ཞིག ང་ཡི་གསར་རྩོམ་གྱི་ལམ་དུ་རང་འབྲས་ཀྱི་རྩ་བ་རྒྱས་སུ་བཅུག ཁྱོད་ལ་རྟེན་འབྲེལ་ཞུ་འོས་ཤིང་ལེགས་སྐྱེས་ཀྱི་མཆོད་པ་ལོས་གཤམས།
པདྨའི་དགའ་ཚལ་དུ་བཞད་པའི་སེམས་ཀྱི་མེ་ཏོག་དམར་པོ། ངས་ཁྱོད་ལ་ནམ་ཟླ་ཧྲིལ་བོའི་ཁ་དོག་གིས་མཛེས་བརྒྱན་བཀླུབས་ཤིང་། ངས་ཁྱོད་ལ་དུས་ཚིགས་སོ་སོའི་ཉི་འོད་ཀྱིས་འཛུམ་མདངས་གདོང་ལ་བྱུགས།
དེ་རུ་ལོ་ངོ་གསུམ་ལ་བསྙལ་བའི་ལོ་ཏོག་གི་འབྲས་བུ་སྨིན་ཞིང་། བློ་གྲོས་ཀྱི་པདྨོ་རབ་ཏུ་རྒྱས། ངེད་གཉིས་ནི་སློབ་རའི་སྐྱེད་ཚལ་ཡངས་པོ་དེའི་ནང་གི་རྣམ་པར་གསལ་བའི་ཁྲུང་ཁྲུང་ཕོ་མོ་གཉིས་ཡིན། དེ་ནི་གཟི་བརྗིད་ཅིག་ཡིན་ལ། སེམས་ཁུར་དང་ཞེད་སྣང་ཞིག་ཀྱང་ཡིན། འཕྲད་པ་ཐམས་ཅད་ལས་དབང་ཡིན་ན། དབང་བ་ཐམས་ཅད་བསོད་ནམས་ཡིན་པ་རེད།
༼གཉིད་མེད་པའི་མཚན་མོ་དེར༽ང་ལ་དབང་བའི་གནས་ཚང་ཞིག་ཁྱོད་ཀྱིས་ཨེ་གཡར། མགྲོན་པོ་ཡོད་ཚད་གཉིད་ཀྱི་ཞིང་ཁམས་སུ་རོལ་བཞིན་མཆིས་པའི་བདེ་སྐྱིད་དེ་ང་ལ་ཨེ་སྤྲད། ང་དང་འདྲ་བའི་མཚན་གྱི་འུག་པ་དེ་དག འཕུར་སའི་མཁའ་ལམ་ཞིག་ཨེ་སྟེར། མུན་པ་ཧ་ཅང་ནག་པའི་མཚན་མོ་དེར་ཤིན་ཏུ་གྲང་། ཙག་རླུང་གིས་ལུས་ཀྱི་བ་སྤུ་གྱེན་དུ་གཟེང་ཞིང་ཆད་རྒྱུ་མེད་པའི་ཁ་བ་སྟུག་པོ་དེས་ང་ལ་མནར་གཅོད་གཏོང་གི་ཡོད་པ་ཁྱོད་ཀྱིས་མཐོང་ངམ། ངས་མུ་མཐུད་དུ་ཁ་བ་ལྡག་གིན་ནམ་གུང་དེར་ཁྱོད་ཀྱི་སྐྱེས་སྐར་ལ་དབང་བའི་ལེགས་སྐྱེས་ཤིག་འབུལ་ཐུབ་པར་བཟོད་བསྲན་བྱེད་ཆོག རྟེན་འབྲེལ་ཞུ།
ད་ལྟ་ཁྱོད་རང་སོས་དལ་བག་ཕེབས་ཀྱི་མཚན་ལྗོངས་བརླན་ཏེ་ཟླ་འོད་འོག་ཏུ་ང་ཡི་ལེགས་སྐྱེས་འདི་ཀློག་རོགས། ཁྱོད་ཉིད་གཤོག་རྩལ་རྒྱས་ཏེ་རྒྱང་རིང་ལ་འཕུར་བའི་གླག་མོ་ཞིག་ཡིན་པས། དུས་ཚིགས་བཞི་བོའི་འཁོར་རྒྱུན་ཁྲོད་ནས་ཡང་བསྐྱར་དཔྱིད་ཀ་གསར་པ་ཞིག་གི་ཚེ་སྲོག་སྨིན་པར་གསོལ་བ་འདེབས་ཀྱིན་ཡོད། སྙིང་ཉེ་མ། ངས་མ་འོངས་གླེང་དུས། ཁྱོད་ཀྱིས་ཚེ་སྲོག་ནང་དུ་ང་ཡི་གཏམ་རྒྱུད་སྦྲུམ་ཞིང་། ང་ཡི་འཚོ་གནས་སུ་ཁྱོད་ཀྱི་ལོ་རྒྱུས་བཀོད་པའི་རིན་བྲལ་གྱི་རེ་བ་ཆེན་པོ་ཞིག་ཡིན་པའི་ཁྱོད་རང་མི་ཡུལ་དུ་ཡོང་བའི་ཉིན་མོ་དེར། ངས་ཁྱོད་ལ་རྟེན་འབྲེལ་ལོས་ཞུ་འོས། བཀྲིས་བདེ་ལེགས།
བཤད་ན་རིང་སོང་བའི་གཏམ་རྒྱུད་དེ་དང་བྲིས་ན་བཟི་སླ་བའི་སྙན་ངག་འདི་གཉིས། ཆེད་དུ་དེ་རིང་ཁྱོད་ལ་བསྐུར་བའི་ཆེས་འདང་ཆེན་གྱི་ལེགས་སྐྱེས་ཁོ་ན་ཡིན།