བཀྲ་ཤིས་ཉི་མ།

རྩོམ་པ་པོ། ཆེད་བསྐོས་གསར་འགོད་པ་བསོད་ནམས་སྐྱིད་ཀྱིས་བྲིས། བཀྲ་ཤིས་ཉི་མས་པར་མཁོ་འདོན་བྱས།སྤེལ་དུས། 2023年9月5日བཀླགས་གྲངས། 65294གངས་ལྗོངས་ཉི་གཞོན།

བཀྲ་ཤིས་ཉི་མ།

音频
0:00 / 0:00

རྩོམ་པ་པོ། ཆེད་བསྐོས་གསར་འགོད་པ་བསོད་ནམས་སྐྱིད་ཀྱིས་བྲིས། བཀྲ་ཤིས་ཉི་མས་པར་མཁོ་འདོན་བྱས།

ངོ་སྤྲོད་མདོར་བསྡུས།


བཀྲ་ཤིས་ཉི་མ་ལགས་ནི་སྤྱི་ལོ་1979ལོར་ཤར་ཟུང་ཆུའི་ཡུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལས་བོད་ཀྱི་ཡུལ་གཞས་རྒྱུན་འཛིན་པ་ཡིན་ལ། ད་ལྟ་ཀྲུང་གོའི་བོད་ཀྱི་ནོར་གནག་བུམ་པའི་ཡུལ་གཞས་རྒྱུད་འཛིན་འགྲན་ཚོགས་ཀྱི་མགོ་སློང་མཁན་སོགས་ཀྱི་ལས་འགན་བཞེས་ཡོད། ཁོང་ལ་དམངས་ཁྲོད་གླུ་གཞས་ལ་ཐུན་མིན་གྱི་དུངས་ཞེན་ཞིག་དང་གཞན་ལས་ལྷག་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་མཆིས་པས་དམངས་གླུ་ཡི་ཕྱོགས་ནས་གྲུབ་འབྲས་མི་དམན་པ་ལོན་ཡོད་པ་སྟེ། 《ཚུལ་ཁྲིམས་ལྷ་མོ》དང་《སེམས་ཀྱི་དམུ་ཐག》《སྦྲ་ནག》《གནའ་མཁར་ཟུང་ཆུ》《ཨ་ཁུ་པངྨ》《གླུ་གར་གྱི་རྒྱ་མཚོ》སོགས་ཕུལ་དུ་བྱུང་བའི་གླུ་གཞས་བརྩམས་ཆོས་མང་དུ་གྲགས།


དེའང་1999ལོར་ཟུང་ཆུ་རྫོང་གི་བརྒྱད་གཅིག་བསུ་བའི་གླུ་གཞས་འགྲན་སྡུར་ཁྲོད་ཁོས་བཏང་བའི་གཞས《ཨ་ཁུ་པངྨ》ལ་ཨང་དང་པོ་ཐོབ། 2001ལོར་གཟི་ཚ་སྡེ་དགུའི་གླུ་གར་མཐུན་ཚོགས་བཅུ་ལྷག་གིས་མཉམ་དུ་སྒྲུབ་པའི་གླུ་གཞས་འགྲན་སྡུར་ཁྲོད་ཡང་བསྐྱར་ཨང་དང་པོའི་འབྲས་བཟང་ལོན་པར་མ་ཟད། དམངས་གླུའི་རྒྱལ་སྲས་ཞེས་པའི་མཚན་སྙན་ཐོབ། 2001ལོར་ཁྲེང་ཏུའུ་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཁང་དུ་རྒྱུགས་འཕྲོད་ནས་ཆེད་ལས་གླུ་བ་ཞིག་ཏུ་གྱུར་ལ། རིམ་བཞིན་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཆེན་མོ་སྐབས་དགུ་པ་དང་། རྒྱལ་སྤྱིའི་དོམ་ཁྲའི་དུས་ཆེན། སི་ཁྲོན་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སོགས་རིག་རྩལ་འཁྲབ་སྟོན་ཆེ་གྲས་མང་པོར་ཞུགས། སྔ་རྗེས་སུ་ཀྲུང་གོའི་ལྷོ་བྱང་གཞས་པའི་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་གཉིས་པ་དང་། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་ཆེས་མཐོ་གྲས་ཀྱི་གསེར་གྱི་རྟགས་མ་ཐོབ། 2010ལོ་ནས་བཟུང་། བཀྲ་ཤིས་ཉི་མ་ལགས་གར་སྟེགས་སྟེང་ནས་གར་སྟེགས་ཕྱི་རུ་བསྐྱོད་དེ་རིག་གནས་བྱེད་སྒོ་ལ་ཇུས་འགོད་དང་དམངས་ཁྲོད་རོལ་དབྱངས་ལ་འཚོལ་ཞིབ་ཀྱི་འཇུག་སྒོ་བརྩམས། ཁོང་ལ་མཚོན་ན། སྔར་འཇུག་མ་མྱོང་བའི་ལས་ཀ་དག་ལ་གཞོལ་སྐབས། དེ་ནི་འགྲན་སློང་ཞིག་གམ་ཡང་ན་གོ་སྐབས་ཞིག་ཀྱང་ཡིན་ངེས། ཁོས་བོད་ཀྱི་ཡུལ་གཞས་རིག་གནས་ཀྱི་རིན་ཐང་དང་གནས་བབ་ཁྱད་པར་བར་དམིགས་ཏེ། བོད་ཀྱི་ཡུལ་གཞས་རིག་གནས་དར་སྤེལ་གྱི་ལས་ལ་འབད་པ་བསྐྱེད།


ཡུལ་གཞས་རིག་གནས་དར་སྤེལ་གྱི་ལས་ལ་ཞུགས་རྗེས། རྒྱལ་ནང་གི་ཁེ་ལས་ཆེ་གྲས་འགའ་ཤས་དང་མཉམ་འབྲེལ་གྱི་གོ་སྐབས་བྱུང་ལ། ཡུལ་གཞས་རིག་གནས་ཁྱབ་གདལ་ཐད་ལའང་གྲུབ་འབྲས་གསར་པ་བླངས། འདི་དག་གིས་ཁོང་ལ་སེམས་ཤུགས་བསྩལ་ཞིང་། མི་ཚེ་ལའང་སྔར་ལས་ལྷག་པའི་དོན་སྙིང་ལྡན་པར་བྱས།


མིག་སྔར་བཀྲ་ཤིས་ཉི་མས་བོད་ཀྱི་ཡུལ་གཞས་རིག་གནས་བསྡུ་བསྒྲིགས་ཀྱི་བྱ་བའི་ཐད་རེམ་བཞིན་ཡོད་ལ། བཅར་འདྲིའི་ཁྲོད་ཁོར་ཡིད་ཆེས་ཀྱིས་ཁེངས་ནས་ང་ཚོར་བཤད་རྒྱུར། བོད་ཀྱི་ཡུལ་གཞས་རིག་གནས་ནི་ང་ཚོའི་མེས་པོ་རྣམས་ཀྱིས་ཤུལ་དུ་བཞག་པའི་རིན་ཆེན་ནོར་བུ་ཡིན་ལ། དེའི་རིན་ཐང་ལ་གཞལ་ཐབས་བྲལ། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས། མི་རྣམས་ཀྱི་ཡིད་ཀྱི་གསོས་དང་རྣ་བའི་བདུད་རྩི་རུ་འགྱུར་བའི་ཡུལ་གཞས་མང་པོ་མུ་མཐུད་དུ་རྩོམ་པར་འབད་དགོས།

བཅར་འདྲིའི་ལེའུ།


དྲི་བ། ཁྱེད་ཀྱིས་འགོ་འཛིན་བཞིན་པའི་ཀྲུང་གོའི་བོད་ཀྱི་ནོར་གནག་བུམ་པའི་ཡུལ་གཞས་རྒྱུད་འཛིན་འགྲན་ཚོགས་སྐབས་གསུམ་པ་སྤེལ་བར་གྲུབ་འབྲས་ག་འདྲ་ཡོད་དམ།


བཀྲ་ཤིས་ཉི་མ། 2023ལོའི་ཀྲུང་གོའི་བོད་ཀྱི་ནོར་གནག་བུམ་པའི་ཡུལ་གཞས་རྒྱུད་འཛིན་འགྲན་ཚོགས་ནི། མིག་སྔར་དྲ་ལམ་དང་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བོད་ཀྱི་ཡུལ་གཞས་གཏོང་མཁན་གྱི་གཞས་པ་དང་བོད་ཀྱི་ཡུལ་གཞས་ལ་མོས་པ་ཡོད་པའི་རིགས་སོ་སོའི་གྲོགས་པོ་དག་བསྡུས་ནས། ཕྱོགས་སོ་སོའི་ཐོན་ཁུངས་དང་འབྲེལ་ལམ་བརྒྱུད་པ་མ་ཟད། སྲིད་གཞུང་གི་རིག་གནས་སྡེ་ཁག་དང་དམངས་ཁྲོད་རྩ་འཛུགས་ལ་སྐུལ་སློང་བྱས་ཏེ། བོད་ཀྱི་ཡུལ་གཞས་ཐོན་ཁུངས་སྔོག་འདོན་དང་རྒྱ་བསྐྱེད་པའི་དུས་རིམ་ཞིག་ཡིན།


དྲི་བ། ཁྱེད་རང་ཉིད་ཀྱི་ངོས་ཐད་ནས་བོད་ཀྱི་ཡུལ་གཞས་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་ལ་ཆ་རྐྱེན་གང་དག་འཛོམས་དགོས་སམ།


བཀྲ་ཤིས་ཉི་མ། ཡུལ་གཞས་རིག་གནས་རྒྱུན་འཛིན་བྱེད་དགོས་ན། ཐོག་མར་དགའ་ཞེན་ཡོད་དགོས་ལ། དེ་ནས་འོས་འགན་རང་གི་ཕྲག་ཏུ་ལེན་དགོས་པ་དང་། ཆོད་སེམས་ཀྱང་བརྟན་པོ་ཞིག་ཡོད་དགོས། ཡུལ་གཞས་རྒྱུན་འཛིན་གྱི་ལས་ལ་ཚེགས་ཆེ་ཞིང་རྒྱུན་འཁྱོངས་དགོས་པས། ཡིད་ཆེས་བརྟན་པོས་དཀའ་བའི་ལས་བྱས་ན་ད་གཟོད་གྲུབ་འབྲས་ལོན་ངེས། དེས་མ་ཟད་རང་གི་དུས་ཚོད་དང་རྒྱུ་ནོར་ཚང་མ་གཏོང་ཕོད་པའི་སྙིང་སྟོབས་ཀྱང་ལྡན་དགོས།


དྲི་བ། ཁྱེད་ཀྱིས་བཤད་ན། ད་ལྟའི་ལོ་ཆུང་མང་ཆེ་བ་ཞིག་སྲོལ་རྒྱུན་རིག་གནས་ཐད་རྒྱུས་ལོན་མེད། ཡིན་ཡང་དེ་ཁོ་ཚོར་ལན་མེད། རྒྱུ་མཚན་ནི་ནར་སོན་པར་བརྒྱུད་རིམ་ཞིག་དགོས། ནམ་ཞིག་ཁོ་ཚོའི་རང་མགོ་འཁྱོངས་དུས་རྒྱུན་འཛིན་བྱེད་ཁོ་ཐག་ཡིན་ཟེར། དེ་ནི་ཁྱེད་རང་ཉིད་ཀྱི་བསམ་ཚོར་དངོས་ཞིག་ཡིན་ནམ།


བཀྲ་ཤིས་ཉི་མ། ཡིན་ལགས། སྐད་ཆ་དེ་དག་ནི་ང་རང་ཉིད་ཀྱི་ནར་སོན་པའི་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར་ཟབ་མོ་ཡིན། ལོ་ན་གཞོན་དུས་དབྱངས་ཀྱི་འགྱུར་ཁུགས་ཀྱི་རྒྱལ་ཁམས་ལ་འགྲིམས་ན། ལྟ་རྒྱ་མཐོང་རྒྱ་བསྐྱེད་དེ་བསམ་བློའང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྗེས་ཕྱོགས་ཀྱི་རང་གཞས་གསར་རྩོམ་ཐད་ལ་རོགས་སྐྱོར་ཆེན་པོ་ཡོད་ངེས། དེ་མིན་རང་གི་རིག་གནས་ཀྱི་རྨང་གཞིའི་སྟེང་ནས་གསར་རྩོམ་བྱེད་པར་འབད་དགོས་ལ། བོད་ཀྱི་ཡུལ་གཞས་ལ་རྒྱབ་སྐྱོར་དང་གསོན་ཤུགས་སྣོན་པ། རྒྱུན་འཛིན་སོགས་བྱེད་ཐུབ་པ་རེད། ངས་བལྟས་ན་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་སྔོག་འདོན་གྱི་བྱ་བ་ནི་གཞས་གཏོང་བ་ལས་གལ་ཆེ་སྙམ། འདི་ནས་ཡང་བསྐྱར་བོད་ཀྱི་ན་གཞོན་རྣམས་ལ་མིག་གིས་བལྟ་ཞོར་དང་རྣ་བས་ཉན་ཞོར་བྱས་ནས་རང་ཉིད་ཀྱིས་གང་གི་ཕྱོགས་སུ་བརྩོན་དགོས་པ་གསལ་པོོར་རྟོགས་དགོས་པའི་འབོད་སྐུལ་བཏང་བ་ཡིན།


དྲི་བ། མིག་སྔར། ཁྱེད་ཀྱིས་བོད་ཀྱི་ཡུལ་གཞས་རིག་གནས་བསྡུ་བསྒྲིགས་ཀྱི་དུས་རིམ་ཅི་འདྲ་ཞིག་ལ་བསླེབས་ཡོད་དམ།


བཀྲ་ཤིས་ཉི་མ། མིག་སྔར། བོད་ཀྱི་ཡུལ་གཞས་རིག་གནས་སྔོག་འདོན་དང་བསྡུ་བསྒྲིགས། ཉར་ཚགས་སོགས་ཀྱི་ལས་ཀ་གཉེར་བཞིན་པའི་སྒང་ཡིན་ལ། གལ་ཏེ། དམངས་ཁྲོད་ཀྱི་ཡུལ་གཞས་བརྩམས་ཆོས་མང་པོ་ཞིག་བསྡུ་ཐུབ་ཚེ། ཡུལ་གཞས་ཀྱི་གླུ་མཛོད་APPཡི་གཞས་གྲངས་ཇེ་མང་ཇེ་ལེགས་སུ་གཏོང་ཐུབ། བོད་གླུའི་དབྱངས་མཛོད་ཀྱི་APPབསྒྲིགས་པའི་ཐོག་མའི་བསམ་འདུན་ནི་ཡུལ་གཞས་སྲུང་སྐྱོབ་དང་སྔོག་འདོན། བསྡུ་བསྒྲིགས་བཅས་བྱེད་པ་དང་། དམངས་ཁྲོད་ཀྱི་གཞས་པ་གསོ་སྐྱོང་བྱས་ནས། དྲིལ་བསྒྲགས་དང་ཁྱབ་གདལ། འགྲེམ་སྤེལ་སོགས་གཞི་གཅིག་ཅན་གྱི་ཡུལ་གཞས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་སྟེགས་བུ་ཞིག་བསྐྲུན་ཆེད་ཡིན།

དྲི་བ། བོད་ཀྱི་ཡུལ་གཞས་རིག་གནས་ཀྱི་ད་ལྟའི་གནས་བབ་ག་འདྲ་ཡིན་ནམ། དེའི་རྒྱབ་ཕྱོགས་ཀྱི་ཚོང་ར་ཡང་ག་འདྲ་ཡིན་ནམ།


བཀྲ་ཤིས་ཉི་མ། བོད་ཀྱི་ཡུལ་གཞས་ཚོང་ར་ནི་བོད་ཀྱི་སྤྱི་ཚོགས་དང་དམངས་ཁྲོད་ན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། དེ་ལ་སྒྱུ་རྩལ་གྱི་རིན་ཐང་ལྡན་པར་མ་ཟད། རིག་གནས་ཀྱི་རིན་ཐང་ཡང་བླ་ལྷག་ལྡན། ཡིན་ནའང་ད་ལྟ་དར་ཁྱབ་ཆེ་བའི་དེང་རབས་གླུ་གཞས་སམ་ཡང་ན་རྡུང་ལེན་སོགས་ཀྱི་ཤུགས་རྐྱེན་འོག་ཏུ། ཡུལ་གཞས་ལ་གདེང་འཇོག་བྱེད་མཁན་ཇེ་ཉུང་དུ་འགྱུར་བཞིན་ཡོད་པས། ང་ཚོས་ལོ་རེ་རེ་བཞིན་བོད་ཀྱི་ཡུལ་གཞས་འགྲན་ཚོགས་སྤེལ་ཅི་ཐུབ་བྱས་ནས། གསར་སྐྱེས་ཀྱི་ན་གཞོན་སྒྱུ་རྩལ་པ་དེ་ལས་མང་པོ་ཞིག་ལ་ཡུལ་གཞས་ཀྱང་དུས་རབས་ཀྱི་འགྲོས་དང་མཐུན་ལ། ཧ་ཅང་ཕུན་སུམ་ཚོགས་པ། འཛམ་གླིང་རང་བཞིན་ལྡན་པ་ཤེས་སུ་འཇུག་པ་དང་། སྐབས་ཀྱི་དགོས་མཁོ་ཙམ་ལ་མི་དམིགས་པར་མི་རིགས་གང་དེའི་རོལ་དབྱངས་ཀྱི་བླ་སྲོག་དང་ལྡན་པའི་སྒོ་ནས་གསར་རྩོམ་བྱ་རྒྱུའོ། །གལ་སྲིད་མི་རིགས་རོལ་དབྱངས་ནི་ས་བོན་ལྟ་བུ་ཡིན་ན། གསར་རྩོམ་ནི་དེ་ལས་བཞད་པའི་མེ་ཏོག་ཡིན་པས། མེ་ཏོག་སྣ་བརྒྱ་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཡོང་བར་མི་རིགས་རོལ་དབྱངས་ཀྱི་སྲོག་ཤིང་ལ་འབྲལ་ཐབས་མེད།


དྲི་བ། ཁྱེད་ཀྱིས་བོད་ཀྱི་ན་གཞོན་གཞས་པ་རྣམས་ལ་གདམས་ངག་ཅི་ཞིག་ཡོད།


སྒྱུ་རྩལ་པ་རྒན་རབས་པ་དག་གིས་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་བརྩོན་པ་ཡིས། ཚོན་མདངས་རྣམ་པར་བཀྲ་བའི་སྒྱུ་རྩལ་ལོ་རྒྱུས་ལ་ཟིན་ཐོ་གསར་པ་བཀོད་ཡོད་པས། ང་ཚོས་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས། ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་དགོས། བོད་ཀྱི་རོལ་མོའི་མ་འོངས་འཕེལ་རྒྱས་ཀྱི་ལམ་ཁ་ནས་བལྟས་ན། ཚིག་དང་དབྱངས་གསར་རྩོམ་གྱི་ཐད་ལ་འཇོན་མཁན་ཧ་ཅང་ཉུང་། དེང་སྐབས་ཀྱི་ན་གཞོན་མང་ཆེ་བར་རང་རང་སོ་སོའི་ཐད་ན་བསམ་བློ་འདྲ་མིན་མང་པོ་ཡོད་པས། གསར་རྩོམ་ལ་འགྲན་སློང་ཡོད། ང་ཚོས་ཡུལ་གཞས་ཀྱི་འབྱུང་རྩ་འཚོལ་ཞིབ་བྱེད་པ་རྨང་གཞི་བྱས་ནས། ཡུལ་གཞས་ཀྱི་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་པའི་རྩ་བ་ཚུགས་དགོས་ལ། ཆེད་ལས་གཞས་པའམ་ཡང་ན་རོལ་དབྱངས་སྒྲིག་བཟོ་པ་སུ་ཡིན་ཡང་སློབ་སྦྱོང་དང་བརྩོན་པ་རྒྱུན་ཆད་མེད་པ་བྱེད་དགོས།


རོལ་དབྱངས་དང་རིག་གནས་ཀྱིས་ང་ཚོའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་། འོན་ཀྱང་དཔལ་འབྱོར་གྱི་ཁེ་ཕན་རག་པར་དུས་ཡུན་རིང་པོ་ཞིག་དགོས། བརྒྱུད་རིམ་འདིས་མིའི་སེམས་ནུས་ལ་སྦྱོང་བརྡར་བྱེད་ཐུབ། ལས་རིགས་གང་ཡིན་རུང་གསར་རྩོམ་ནི་ལམ་སྟོན་ཡིན། གསར་རྩོམ་གྱིས་ཕྱི་ལ་མངོན་པ་ནི་ལས་རིགས་དེའི་བསམ་པའི་ཉིང་བཅུད་ཡིན། དེའང་སོ་སོའི་ཤེས་རིག་དང་འཇོན་ནུས་ལ་འབྲེལ་བ་དམ་ཟབ་ཡོད། གལ་ཏེ་གསར་རྩོམ་མཁན་གྱིས་ཐོག་མ་ནས་ཚང་མའི་དགའ་ཕྱོགས་ལ་དམིགས་དྲགས་ན། རོལ་དབྱངས་གསར་རྩོམ་གྱི་དམིགས་འདུན་ལེགས་པོ་མིན་ལ། ཁེ་ཕན་རང་བཞིན་གྱི་སེམས་ལས་བྱུང་བའི་བརྩམས་ཆོས་ཀྱིས་དུས་ནམ་ཡང་མི་སེམས་འགུགས་མི་ཐུབ།


བྱ་བ་ནི་འབད་པ་ལས་འགྲུབ་ལ་རྣམ་གཡེང་གིས་ཟད། ལས་རིགས་ནི་བསམ་བློ་ལས་འགྲུབ་ལ་ལྷོད་གཡེང་གིས་བརླག །ཉི་མ་རེ་རེ་བཞིན་ཡར་ཐོན་ཡོང་ན་ཉིན་ཞིག་ལ་རེ་བའི་མེ་ཏོག་རྣམ་པར་བཀྲ་ངེས། ང་ལ་ནམ་ཡང་སྒྱུ་རྩལ་གྱིས་མིའི་སེམས་པ་གསོ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ལ། དུས་ཚོད་ཀྱིས་ང་ཚོར་ལན་གསལ་པོ་ཞིག་སྟེར་ཐུབ། རང་གི་ཡོད་ཚད་སྒྱུ་རྩལ་གྱི་ཆེད་དུ་བློས་གཏོང་ཕོད་པའི་མི་བུ་དེ་དག་གི་སྒྱུ་རྩལ་གྱི་ལམ་ཁ་ནི་ཇི་འདྲའི་ཡངས་ཤིང་ཆེ་བའོ། ། 


བཀྲ་ཤིས་ཉི་མ། | 藏地杂志