དཔྱིད།
དྲོད་འཇམ་གྱི་དཔྱིད་རླུང་གསེར་གཞུང་སྤང་ཐང་གི་འཁོར་མོ་ཡུག་ཏུ་དལ་བ་དལ་བུར་ལྡང་ཞིང་། དཔྱིད་འགོའི་ས་རློན་གྱི་དྲི་མ་མཐོ་སྒང་གི་ཕྱོགས་མཚམས་ཀུན་ཏུ་ཁྱབ།
གྲོང་ཁྱེར་དུ་བསྡད་དེ་གཏན་ནས་མ་གོམས་པ་མིན་ཡང་། སྐབས་སྐབས་སུ་སྤང་ཐང་དུ་སྤྲོ་གསེང་ལ་ཐེངས་གཅིག་མ་སོང་ཚེ། གངས་བུའི་ལུས་ཀྱི་གནས་ལྔའི་ག་ཤེད་ཅིག་ནས་ཟ་འཕྲུག་ལངས་པའམ་རང་ཡན་དུ་སྡོད་མི་ཚུགས་པ་ལྟ་བུའི་སྣང་བ་སྐྱེས་སྲིད་ཕྱིར། དེ་རིང་ཡང་ལོབས་སྲོལ་ལྟར་གངས་བུས་བུ་ཆུང་འཁྲིད་དེ་ཆུ་དཀར་རྫོང་གི་ནུབ་ཕྱོགས་ཀྱི་གསེར་གཞུང་སྤང་ཐང་དུ་མེ་ཏོག་སེར་ཆེན་ནི་ཉི་འོད་ཀྱི་ཟེར་མ་ས་ལ་བཀྲམ་པ་ལྟར་བཞད་པའི་གཞུང་འབྱམས་སུ་ཕྱིན། ན་གཞོན་སྙན་ངག་པ་གངས་བུས《ཕུགས་བསམ་ལགས། ང་ཡི་རླུང་གི་གཤོག་ཡ》ཞེས་པའི་སྙན་ངག་དེ་གྱེར་བའི་ཉམས་འགྱུར་ཁྲོད་མདུན་དུ་བསྐྱོད། ཁོང་གི་ལོ་གསུམ་ལ་བུད་མ་ཐག་པའི་བུ་ཆུང་བསམ་འགྲུབ་ཀྱང་བོད་ལྭ་ཆ་ཚད་རན་པ་ཞིག་གྱོན་ཏེ་གོམ་པ་ཡ་ཡོར་ངང་རྗེས་སུ་འབྲངས། མཚམས་ལན་རེར་ཁ་ལྕེ་དིག་པའི་སྒོ་ནས་ཨ་ཕས་བསླབས་པའི་ཀ་མད་སུམ་ཅུ་དབྱངས་ལ་འགུག་བཞིན་པའི་བར་གླགས་དེར། ནམ་མཁའ་ཐང་ལ་ལྷུང་འདྲའི་གསེར་གཞུང་སྤང་ཐང་གི་ཤར་ནས་ཁྲི་གདུགས་ཐ་ལ་ལ། ལྷོ་ནས་ལྷོ་སྤྲིན་ཁོར་མ་ཁོར། ནུབ་ནས་གྲིབ་སོ་ཡོ་རེ་ལངས། བྱང་ནས་སྐྱི་སེར་ཤིག་ཤིག་ལྡང་བའི་བྱིལ་བྱིལ་ལས་མེ་ཏོག་སེར་ཆེན་གྱི་ཚོམ་བུ་འཛུམ་ཞིང་ལྷུག་ལྷུག་དགོད། ན་གཞོན་སྙན་ངག་པ་གངས་བུའི་སྐྲ་ཡི་འཇིལ་ལི་ལྡེམ་ལྡེམ་གཡོ་ཞིང་བསིགས། སྤང་གཤོང་དུ་བུ་ཆུང་བསམ་འགྲུབ་ཀྱི་གོམ་འགྲོས་འཁྱར་ཞིང་འཁྱོར་བར་བྱེད། དུས་དེར། གངས་བུའི་མདུན་ཕྱོགས་སུ་ཕུགས་བསམ་གྱི་ལམ་ཁ་ཡངས་ཤིང་རྒྱབ་ཕྱོགས་སུ་བུ་ཆུང་གི་དཔུང་རོགས་མཆིས་པའི་དགའ་སྣང་གི་མཚོ་ཆེན་ཡིད་ལ་འཕྲོད་པ་ཞིག་ཆགས་པར་བྱས། སྐབས་དེར་གློ་རྡེག་ལ་རང་བྱུང་གི་ལྟ་ན་སྡུག་པའི་མཚོ་མོར་ཆགས་པའི་མཛེས་ཉམས་དེ་བཅོལ་མཁན་ནི་ཕུང་སྲི་གང་ཡང་མ་ཡིན་པར། “ཚི་ལིང”ཞེས་གྲགས་པའི་གངས་བུའི་སྐད་འཕྲིན་གྱི་འབོད་བརྡ་དེ་ཡིན་ལ། ལྷགས་རླུང་ལྟར་ཐོན་པའི་གཟུགས་མེད་ཀྱི་འབོད་བརྡ་དེས་གངས་བུའི་སེམས་ནི་ཟ་ངེ་ཟིང་ངེར་བཏང་། ཉོན་དང་། འབོད་བརྡ་དེ་ནི་ཅོང་སྒྲ་ཞིག་དང་འདྲ། འབོད་བརྡ་དེ་ནི་ཉེན་བརྡ་ཞིག་ཡིན་ཤས་ཆེ། འབོད་བརྡ་དེས་དྲན་པ་གསོ་བར་ཡང་འདྲ་སྟེ། ཆུང་མས་ཉེ་སྔོན་ཁོ་ལ“ཁྱིམ་ཚང་གི‘ཁྱིམ’ཞེས་པའི་མིང་འདིའི་གྲུབ་ཚུལ་ལ་དཔེ་བཞག་ན། མིང་གཞི‘ཁ’ཡིག་ནི་བཟའ་དཔོན་ཁྱོད་དང་ཡ་བཏགས་ནི་ཆུང་མ་ང་ཡིན་པ་དང་། བུ་ཆུང་ནི་དབྱངས་ཡིག་གི་ཐོག་མ་སྟེ་གི་གུ་ལྟ་བུ་ཡིན་ཕྱིན། མིང་གཞི་ཁ་ཡིག་གིས་འཚོ་བའི་ཁ་རྒྱབ་སྲོག་ཤིང་དུ་འཛིན་དགོས་པ་མཚོན། དྲང་གཏམ་རྣ་བར་བསུན་ཡང་དོན་ལ་ཕན། སྨན་རྩྭ་ཁ་ཏིག་ཆེ་རུང་ནད་ལ་ཕན”ཞེས་ཀུ་རེ་རྩེད་པར། གངས་བུས་ལན་དུ“ཨ་རོགས། སྙིང་གི་ཆུང་མ་ལགས། དེ་ལྟར་ཡིན་ཡང་རུང་། འུ་ཚང་ནི་གཙོ་བོ་མིང་གཞི‘བ’ཡིག་ལ་དབྱངས་ཡིག་ན་རོ་དང་རྗེས་འཇུག་ད་ཡིག་སྦྱར་བས། ‘བོད’ཅེས་པའི་ཐ་སྙད་གཡར་པོ་ཆེ་དེའི་ཕྲ་ཕུང་དུ་གྱུར་པ་རེད། ང་ཚོ་བལྟས་ན་ཆུང་ཡང་ཕྲ་ཕུང་ཆེན་པོ་ཞིག་གི་ནང་ཚན་ཡིན། ང་ཚོས་ཆུང་ས་འདི་ནས་ཆེ་ས་ཞིག་ལ་བསྙེག་དགོས། ཁ་ཕོ་བ་ཙམ་བསམས་ན་མི་ལུས་ཐོབ་པའི་སྙིང་བོ་ཅི། ཅིས་ཀྱང་ཕ་ཤུལ་བུ་ཡིས་ཟིན་དགོས”ཞེས་བཤད་མྱོང་བའི་སྐད་ཆ་དེ་རྣ་ལམ་དུ་སི་ལི་ལི་གྲག་པའི་ཚོར་སྣང་བསྐྱེད་དུ་བཅུག་ཀྱང་རུང་། སྙན་ངག་དང་དགའ་ཕྱོགས་འཁྱིལ་བའི་ཚོར་བའི་མཚོ་མོ་ནི་སུན་སྣང་གིས་དཀྲུགས་ཏེ་ཆུ་རིས་ཤིག་ཤིག་འགུལ་བ་ལྟར་རིམ་བཞིན་འཇགས། དེ་ཡང་ཐེངས་སྔོན་མ་དག་དང་འདྲ་བར་ཁ་པར་གྱི་འཆར་ཤེལ་ངོས་སུ་ཚན་གཙོས་བསྐུར་ཡོང་བའི་ཡི་གེ་བཙན་པོ་དག་ལ་མིག་བཤེར་ཙམ་བྱས་རྗེས། སྙན་ངག་ལ་འཁྱུད་པའི་སེམས་པ་དང་སྤང་ཐང་ནས་རྙེད་པའི་ཚོར་སྣང་སྐྱིད་པོ་དེ་མེ་ཏོག་གི་ཞིང་ཁམས་སུ་མི་སྐྱུར་ཐབས་མེད་དུ་གྱུར་ཏེ། བྲེལ་རྟབ་ཀྱིས་བུ་ཆུང་འཕྲུལ་རྟའི་འཕོངས་ལ་བསྐྱོན་ནས་ཆུ་དཀར་རྫོང་སྲིད་གཞུང་གི་ཕྱོགས་སུ་མདའ་འཕང་བ་ལྟར་བུད་སོང་།
དབྱར།
གསེར་གཞུང་སྤང་ཐང་དུ་སྐྱིད་ཀྱི་ཉི་མ་ཤར་འདུག གཡང་གི་མཚོ་མོ་འཁྱིལ་འདུག རླུང་ཁར་ལྡེམ་ལྡེམ་གཡོ་བའི་མེ་ཏོག་སེར་ཆེན་ནི་དབྱར་གཞུང་གི་ཉི་འོད་ལམ་ལམ་ཁྲོད་མཚོ་རླབས་བཞིན་དུ་འཕྱུར།
ལོ་ཟླའི་འགྲུད་བཞུད་ལ་བཟློག་ཏུ་མེད་པ་ལྟར་གངས་བུའི་འགྱུར་མེད་ཀྱི་ཕུགས་བསམ་སྒོར་མོའི་གྲ་མ་ཆག་ལ། གང་ཞིག་བསྒྲུབ་འདོད་ཀྱི་བརྩོན་སེམས་དེ་ཡང་ཟུར་མ་ཉམས་པར་ཡོད་དེ། ཞེ་རྩ་ཀ་རྡོ་བཞིན་དུ་བརྟན་ཞིང་གཟུགས་གཞི་ཀ་བ་བཞིན་དུ་དྲང་བ། སྨུག་མདངས་བཀྲ་བའི་གདོང་ལ་ཉི་ཟེར་ཕོག་འདྲ། མིག་ཁྲ་ཆུང་བུང་བ་འདྲ་བ། བུང་བ་མཚོ་ལ་འཁོར་འདྲ། སྐྲ་ལྕང་ལོ་དར་སྐུད་ཤད་པ་འདྲ་བ། དར་སྐུད་ལ་ཤེལ་ཞུན་བྱུག་འདྲའི་གསར་བུ་ལུས་སྟོབས་འཚར་ལོངས་པ་ཅན་ཞིག་དགའ་མདངས་ཡ་ལེ། འཛུམ་མདངས་དམུལ་ལེ། ཁོག་འཛུམ་ཤིག་གེར་ཕུགས་བསམ་རྡོག་རྡོག་ཅིག་རུམ་ལ་བསྡུས་ནས་ལས་ཁུངས་ཕྱོགས་སུ་བསྐྱོད་མཁན་དེ་ནི་གངས་བུ་ཡིན་ལ། ཁོ་རང་ལས་དབང་གིས་བསྐོས་ཐང་ལྟར་མི་རིགས་སྐད་ཡིག་ལས་དོན་གྱི་ལས་རྐང་དུ་རྒྱུགས་འཕྲོད་དེ་ལས་ཚོགས་སུ་ཞུགས་པའི་ལོ་དྲུག་པ་ཡིན་ལ། དེ་རིང་ནི་ཁོ་ལ་ལས་སྣོན་བྱ་དགོས་པའི་བརྡ་འཕྲིན་འབྱོར་ཐེངས་དུ་བ་ཡིན་པ་ཆ་མ་ངེས། གང་ལྟར། ཁོང་གིས་གང་ཞིག་སྒྲུབ་འདོད་པའི་སེམས་ཀྱི་ཕུགས་བསམ་རྡོག་རྡོག་དེ་འདོར་མེད་ལུས་ཀྱི་གྲིབ་གཟུགས་བཞིན་འགྲོགས་ནས་ཡོད།
ཉིན་དེར། གངས་བུ་རྐང་ཐང་དུ་ཚོང་ཁང་དང་ཟ་ཁང་སོགས་བསྟར་ཆགས་སུ་བསྒྲིགས་པའི་ཁྲོམ་ལམ་ཞིག་བརྒྱུད་དེ་མདུན་དུ་ཕྱིན། སྲང་ལམ་དེའི་གཡས་གཡོན་དུ་མི་རིགས་ཚོང་ཁང་དུ་མ་ཡོད་པ་དག་གི་སྒོ་བྱང་སྟེང་དུ་བོད་རྒྱ་དང་སོག་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་མི་རིགས་ཚོང་ཁང་དང་དར་རྒྱས་ཚོང་ཁང་། གཡང་འཛོམས་ཟ་ཁང་། བདེ་སྐྱིད་མགྲོན་ཁང་སོགས་བྲིས་ཡོད་པ་ནི་ལོ་སྔོན་མ་དག་ལ་འགྲོ་སའི་སྲང་ལམ་དེའི་སྒོ་བྱང་སྟེང་གི་བོད་ཡིག་དང་སོག་ཡིག་དག་ནི་ནོར་ཁྱུའི་ཁྲོད་ཀྱི་ལུ་གུ་དང་གཡུལ་འཐབ་རྗེས་ཀྱི་རྨས་མ་ལྟ་བུ་དག་དང་བསྡུར་ན་མིག་ལ་མཛེས་ཤིང་བློ་ངོར་འབབ་པ་ཞིག་རེད། འདི་ཡང་ངའི་ཕུགས་བསམ་གྱི་ཆ་ཤས་གྲུབ་པའི་རྟགས་མཚན་ནི་ཅི་ལ་མིན་སྙམ་བཞིན་ལས་ཁུངས་ཀྱི་སྒོ་ཆེན་ནང་དུ་འཛུལ།
གངས་བུ་ནང་དུ་ཐོན་པ་ན། མགོ་གཙོ་ལི་གོ་ཀྲུང་ལགས་ཀྱིས་ལོབས་སྲོལ་ལྟར་སོག་སྐད་ཀྱི་ལམ་ནས“ཆའེ་སོ་སོ་སོ”ཞེས་བཤད་ཞོར་གངས་བུའི་གདོང་ལ་ལྟ་བཞིན་འཛུམ་ཞིག་ཤོར་བ་དང་མཉམ་དུ“ཡ། དེ་གར་བཙོག”ཅེས་བོད་སྐད་དུ་བསྒྱུར་ཚུལ་ལ་གཞིགས་ན་ཁོང་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་བྱ་བ་གཉེར་ནས་མཐར་ཕྱིན་པའི་མི་ཞིག་ཡིན་པ་འདྲ་སྙམ་བཞིན་ཁོང་ཚང་གི་ཕྱོགས་སུ་འཛུམ་དམུལ་བ་ཞིག་བསྟན།
“འོ། རེད། ཁྱོད་ཀྱིས་ཆེད་ལས་ཅི་ཞིག་སྦྱངས་པ་རེད།”
“བོད་རྒྱ་ཡིག་སྒྱུར། ཡིན་ཡང་མཐར་ཕྱིན་འཛིག་ཡིག་སྟེང་དུ་ཡིག་སྒྱུར་གྱི་ཁ་ཕྱོགས་ཞེས་བྲིས་འདུག།”
“དེར་སྐྱོན་མེད། འོ་ན། བསླབ་གནས་ཅི་ཞིག་རེད།”
“ཤེས་རམས་པའི་བསླབ་གནས་ཡིན།”
“འོན་ན། ཏང་ནང་དུ་ཞུགས་ཡོད་དམ།”
“ཨ—ངས་གསལ་བོ་ཞིག་མ་ཐོས་ཐལ།”
“ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཡོད་དམ་ཟེར་བ་ཡིན། ཁྱོད་མ་འཚབ།”
“ཡ་ལགས། ང་འཚབ་གི་མེད། སློབ་ཆེན་ལོ་རིམ་དང་པོའི་སྐབས་སུ་ཞུགས་སོང་།… …”ཞེས་བཤད་པའི་མཚམས་ལ་མགོ་གཙོའི་གཡས་ལག་གི་མཛུབ་མོ་རྣམས་ཀྱིས་གུས་ཕྱག་འབུལ་བ་ལྟར་མང་པོ་ཞིག་གསལ་བཤད་བྱ་མི་དགོས་པའི་ལག་བརྡ་ལྷོད་པོ་ཞིག་བཏང་བ་མཐོང་འཕྲལ། མཇུག་གི་བཤད་འདོད་ཀྱི་སྐད་ཆ་དག་ཕྱིར་ཁོག་ཏུ་མིད།
མགོ་གཙོ་ལི་གོ་ཀྲུང་ལགས་ནི་དགའ་ཁྲས་ཁྲས་ངང“འོ་རེད། དེ་ན་འགྲིག་འདུག གང་ལྟར། ཁྱོད་ནི་ཞིབ་འཇུག་སློབ་མ་ཞིག་ཡིན་པར་མ་ཟད། རང་ས་གནས་ཀྱི་མི་བུ་ཞིག་ཡིན་པའི་ཆ་ནས། ཆུ་དཀར་རྫོང་དང་བྱེ་བྲག་ཏུ་རང་གི་ཕ་ཡུལ་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཁྱད་པར་དུ་སྤྱི་ཚོགས་ལ་ལག་རྗེས་ཤིག་འཇོག་ཐུབ་དགོས། དཔེར་ན། མཐོ་རི་རབ་རྩེ་ལ་སྐྱ་ལམ་བཏོད་ཐུབ་པའི་བརྩོན་པ་དགོས། དམའ་རྒྱ་མཚོའི་དཀྱིལ་ལ་རྐང་ཟམ་བཏོད་ཐུབ་པའི་ཤེས་རབ་དགོས། སྟོད་གངས་དཀར་རྩེ་ལ་ཞབས་རྗེས་འགོད་ཐུབ་པའི་བློ་སྤོབས་དགོས། དཔེ་མ་དར་ས་ལ་མདའ་དར་འཛུགས་ཐུབ་པའི་གསར་གཏོད་ཀྱི་རིག་པ་དགོས། ལྷག་པར་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་དཀར་ནག་གི་དབྱེ་བ་འབྱེད་ཤེས་དགོས། ཐག་ནག་གི་མདུད་པ་འགྲོལ་མྱུར་དགོས”ཞེས་རྒྱ་སྐད་ཀྱི་ལམ་ནས་ཟེར་དུས། མདུན་དུ་བཙོག་ནས་འདུག་པའི་གངས་བུ་ནི་མིག་ཅེར་ཞིང་ཁ་གདངས་ནས་སེམས་སུ་གེ་སར་རྒྱལ་པོས་གླིང་དཀར་སྟོད་ཀྱི་དཔོན་དམག་ཡོངས་ལ་བཀོད་ཁྱབ་ལྷུ་ཐིངས་པ་མཛད་པ་ལྟ་བུའི་ཁམས་གསུམ་ཟིལ་ནོན་གྱི་དོན་གཏམ་ཞིག་རེད་འདོད་དེ། ཀྱེ་མ་ཀྱི་ཧུད། སྤྱི་ཚོགས་ཀྱི་གཤིན་ས་འདི་ལ་མཁོ་བའི་དྲོ་འཇམ་དབྱར་གྱི་ཉི་མ་ལྟ་བུ་ནི་ཁྱོད་མིན་ན་སུ་ཡིན་སྙམ་པའི་བསམ་གཞིག་ཁྲོད་དུ་ལག་ཟུང་ཁ་སྦྱར་ཏེ་པུས་མོའི་སྟེང་བཞག་ཅིང་ལུས་སྟོད་མཐོ་རུ་དགྱེ་བའི་ཉམས་ཀྱིས་ཁོང་གི་གསུང་ལ་ཉན་ནས་བསྡད།
མགོ་གཙོ་ལི་གོ་ཀྲུང་ལགས་ཀྱིས་མདུན་ཅོག་ཐོག་གི་ཐ་མག་རྔུབ་བཞིན་གང་ཞིག་ལ་མནོ་བསམ་གཏོང་གི་འདུག བར་མཚམས་དེར་གངས་བུས་ཁ་གྲག་མ་ཕོད་པས་ཁོང་གི་གཞུང་ལས་ཁང་གི་གྲ་ཁ་དང་གྲུ་ཁ་གང་རུང་ལ་མིག་མདའ་འཕངས་སྐབས། གཡོན་གྱང་ངོས་ཀྱི“དངོས་ཐོག་བདེན་འཚོལ”ཞེས་པའི་ཡིག་འབྲུ་ཆེན་པོ་བཞི་བྲིས་ཡོད་པའི་འདྲ་པར་དེ་ལྷང་ངེར་མིག་ལམ་བརྒྱུད་དེ་སེམས་ལ་རྡོག་རྡོག་གི་ཚུལ་དུ་ལྷུང་སོང་། མི་སེམས་རླུང་གི་འགྱུ་བག་དང་བསྟུན་པའི་སྤྱི་ཚོགས་འདིར། དངོས་ཐོག་བདེན་འཚོལ་བྱེད་པའི་དཔོན་པོ་ནི་དེ་བས་ཀྱང་དཀོན་པ་མིན་ནམ། དངོས་ཐོག་བདེན་འཚོལ་ཞེས་པའི་ཡིག་འབྲུ་བཞི་ནི་གངས་བུའི་སྲོག་གི་ཕུང་བོར་ཞུགས་པས་མི་ཚད་ལུས་སུ་ཟ་འབུ་ན་ར་ར་མདུན་དུ་ནུར་བ་ལྟར་འགུལ་བྱུང་།
“ཡ། གངས་བུ། ངས་ཁྱོད་ལ་ལས་བཅོལ་བྱས་པ་དེའི་ལག་བསྟར་འཆར་གཞི་ཚན་གཙོ་འཇའ་བྷེ་ལག་ཏུ་བླངས་ནས་ཕྲ་ཞིང་ཞིབ་པར་ལག་ལེན་བྱོས”ཞེས་མགོ་གཙོས་དཔེ་རེ་རེ་དྲངས་ནས་འབོད་དོན་གྱི་དམིགས་ཡུལ་གངས་བུའི་སེམས་ལ་བུམ་པ་གང་བྱོའི་ཚུལ་དུ་བླུགས་རྗེས། བསྐྱར་དུ་ཆུ་ཁོལ་ཧུབ་འཐུང་དང་ཐ་མག་རྔུབ་འཐེན་བྱས་ནས་བསྡད་པ་ལས་སྐད་ཆ་ཅི་ཡང་མ་བཤད། དེ་མུར་གངས་བུས་རི་རབ་ལྟ་བུའི་བློ་བཀོད་དང་བྱེ་བྲག་གི་བྱེད་ཐབས་རེ་རེ་བཤད་འདོད་དེ“ཀྲུའུ་རིན་ལགས། ངས… …ངས… …”ཞེས་ཚིག་མགོ་གླེང་མ་ཐག་མིག་ལམ་དུ་མགོ་གཙོས་གུས་ཕྱག་འབུལ་བ་ལྟ་བུའི་མང་པོ་བཤད་མི་དགོས་པར་བཏང་བའི་ལག་བརྡ་མངོན་བྱུང་། ཁོང་གི་འཆར་གཞི་རེ་རེ་ནི་མགོ་གཙོའི་མཛུབ་བར་ནས་བཅིར་བ་དང་འདྲ་ཆགས་ཀྱང་རུང་། གངས་བུས་མགོ་གཙོའི་བཅོལ་གདམས་ནི་བྲོ་ཁ་ཞིག་གི་ཚུལ་དུ་ཡིད་ལ་ཉར་ཞིང་། དངོས་ཐོག་བདེན་འཚོལ་ཞེས་པའི་ཡིག་འབྲུ་བཞི་ནི་རླུང་ཁའི་མེ་ཏོག་སེར་ཆེན་སེམས་སུ་གཡོ་བ་ལྟར་ཁོང་འཛུམ་ཤིག་ཤིག་ངང་ཚན་གཙོའི་གཞུང་ལས་ཁང་དུ་བུད་སོང་།
དུས་དེ་ནས་བཟུང་། གངས་བུ་ནི་མེ་སྟག་རྩྭ་གསེང་དུ་མཆེད་པ་བཞིན་ཁོ་བོའི་རྩོམ་རིག་གསར་རྩོམ་དང་ཁ་ལས་སྙན་གྲགས་མེ་དཔུང་ལྟར་འབར་ཞིང་། སྒེར་སེམས་མེད་ཅིང་གཞུང་དོན་ཉར་བའི་འབངས་མིའི་སེམས་ཀྱི་མགོན་དུ་གྱུར་པའི་མི་ཚད། མི་དམངས་ཀྱི་དོན་དུ་སྐད་ཆ་བཤད། མི་དམངས་ཀྱི་སླད་དུ་ལས་ལ་བརྩོན། འབངས་མིའི་རྒྱབ་རྟེན་བྱས། སྤྱི་སེམས་ཅན་གྱི་ལམ་སྣ་དྲངས། ད་དུང… …
སྟོན།
དུས་བཞིའི་ཕང་ལོའི་འགྲོས་དང་བསྟུན། དེ་ཡང་ལོ་འཁོར་གཅིག་གི་སྟོན་འགོ་ཚུགས་རྗེས། རྫ་འགོའི་སྨུག་པ་ཡལ་ཞིང་སྤང་དུ་སེར་ཐིག་ལྷུང་སྟེ། མདོ་དབུས་མཐོ་སྒང་གི་དྲི་བཟང་མེ་ཏོག་ཚོགས་ཀྱི་འབྲས་བུ་རླུང་གིས་འཛིན་མའི་ཁྱོན་ལ་གཏོར།
གངས་བུའི་བུ་བསམ་འགྲུབ་ལ་སུམ་རྟགས་དང་བརྡ་སྤྲོད་སྐོར་ནས་ཅུང་ཙམ་སློབ་ཁྲིད་བྱེད་བསམས་པ་ཡིན་མོད། འོན་ཀྱང་བུ་ལ་ཁོམ་པོ་མེད་པས་མི་ཚད་ཞོར་གྱི་གསབ་སྦྱོང་ལ་སྤྲོ་བ་དེ་བས་ཆེན་པོ་མི་འདུག་པས་རང་སོར་བཞག གངས་བུ་ལ་ལས་ཀ་ཅི་ཡང་མེད་པར་གྱུར་ཏེ་འབོལ་ཁྲིའི་སྟེང་ཕྱིར་དྲན་ལ་གཡེངས་སོང་། ཁོང་གིས་ཕྱིར་འདང་རེ་བརྒྱབ་ན། ཉིན་དེར། ཆུང་མ་ཟླ་སྒྲོན་གྱིས“སྙིང་སྡུག་ལགས། དེ་རིང་ནི་ཅི་ཞིག་གི་ཉིན་མོ་རེད”ཅེས་བསྐུར་བའི་བརྡ་འཕྲིན་དེ་འབྱོར་དུས་གངས་བུ་ད་དུང་གསར་དུ་བསྐོས་པའི་ཚན་གཙོའི་གཞུང་ལས་ཁང་དུ་ཐོན་མེད། གངས་བུས་མིག་བཤེར་ཙམ་བྱས་པ་ལས“དེ་རིང་ནི་ངས་གཞན་ལག་ཏུ་མེ་ཏོག་སེར་ཆེན་རྐང་གཅིག་བཙན་འཕྲོག་བྱས་པའི་ཉིན་མོ་རེད་ཅེས་ལན་འདོད་བསམས་མོད། འོན་ཀྱང་བྱ་བའི་བྲེལ་ཟིང་གིས་རྐྱེན་པས་ལན་ཅི་ཡང་མ་བཏབ། “ཚི་ལིང”ཞེས་པའི་ཁ་པར་གྱི་བརྡ་འཕྲིན་འབྱོར་བརྡ་ཡང་བསྐྱར་གྲག་བྱུང་། གངས་བུས་གོམ་པ་སྔུན་ལ་སྤོ་མཚམས་བཞག་སྟེ་སྐད་འཕྲིན་གྱི་ཁ་ཕྱེས་པ་ན། ཆུང་མས“ངེད་གཉིས་གཉེན་བསྒྲིགས་ནས་ཏག་ཏག་ལོ་འཁོར་བདུན་ལོན་པའི་ཉིན་མོ་རེད། ཨ་རོག རླུང་ཁའི་མེ་ཏོག་སེར་ཆེན་ལ། སྟོན་གྱི་སེར་ཐིག་ལྷུང་ཤས་ཆེ། ཧེ་ཧེ། བུ་རྟགས་ཤིག་མི་འཇོག་གམ། གསར་ཡག”ཅེས་གསལ་ཁ་བཏོད་ནས་བཤད་འདུག རེད་ལགས། ལོ་ངོ་བདུན་གྱི་ཡར་སྔོན་གྱི་དེ་རིང་གི་ཉིན་མོར་ངེད་གཉིས་ཀྱིས་རང་རང་ལ་དབང་བའི་བརྩེ་དུང་དྭངས་མ་དེ་རྒྱབ་ཏུ་བསྐྱུར་ནས་འཚོ་བ་ཟེར་བའི་སྣེ་རུ་སེམས་ཀྱི་མདུད་པ་རེ་རེ་གྲོལ་ནས་འོངས། རིམ་བཞིན་ངས་ནི་བྱིས་དུས་ཀྱི་རྩེད་ར་ནས་བསྙལ་བའི་ཆུང་གྲོགས་ཀྱི་ཞེ་འདང་བརྗེད་དུ་བཅུག་ལ། ཁྱོད་ཀྱིས་ཀྱང་ཆུང་འདྲིས་བྱམས་པ་འཇའ་བྷེ་མ་གཏོགས་མི་ཤོང་བའི་བརྩེ་དུང་གི་བུམ་པ་ང་གཅིག་པུར་དབང་བར་བྱས་ཤིང་། དེ་བཞིན་དུ་སྔས་ཐོག་གཅིག་ཏུ་མགོ་བོ་བཞག་པ་ནས་བཟུང་། ཕན་ཚུན་ལ་ཁོག་གི་གློ་སྙིང་དམར་རྗེན་མ་སྟོན་བཞིན་འཚོ་བའི་ས་འཛིན་གྱི་རུམ་ཁོང་དུ་བརྩེ་དུང་གི་མེ་ཏོག་བཞད་ཅིང་འབྲས་བུ་སྨིན། ལྷག་པར་དུ་རེ་སྨོན་འབུམ་གྱིས་གྲུབ་པའི་བུ་ཆུང་བསམ་འགྲུབ་ནི་ངེད་གཉིས་ཀྱི་སེམས་པ་སྦྲེལ་བའི་ཨ་ལོང་ཡིན། སྙིང་སྡུག་ལགས། ངས་བུ་རྟགས་ཤིག་ཅི་ལ་འཇོག་མི་འདོད་དེ། ཡིན་ཡང་། ཚེ་གཅིག་གི་སྐྱ་ཡ་ལགས། ཐོག་མར་ངའི་ཕུགས་བསམ་གྱི་མེ་ཁ་ཅུང་ཙམ་གསོ་བར་གུ་ཡངས་ཅུང་ཙམ་གནང་ན་ཆོག་གམ། དུས་ཚོད་ཕྱི་འགྱངས་ཅུང་བྱས་པ་ཙམ་གྱིས་འུ་གཉིས་བར་དུ་ཧེ་བག་ཡོད་པ་མི་མཚོན། གང་ལྟར་ང་ནི་ཁ་བཤད་དོན་ལ་གནས་པའི་མི་ཞིག་ཡིན་པ་ཤེས་དགོས་ལགས། གངས་བུས་སེམས་ལ་དེ་ལྟར་སྔོག་བཞིན་ཚན་གཙོའི་གཞུང་ལས་ཁང་དུ་ཅི་ལྟར་ཐོན་པའང་མ་ཤེས།
ཚན་གཙོ་འཇའ་བྷེ་ཡིས་གཞིས་བུད་མེད་ཐོག་ལ་གྲི་མགོ་ཕུད། གཡོག་མར་འདུག་སྟེང་ལ་ཁྲིམས་ཁ་བཙན་ཟེར་བའི་ཉམས་སྣང་དང་བཅས“དེང་སང་ནངས་ཀ་མི་ལ་ལས་མགོ་གཙོར་དམུ་གབ་ནག་པོའི་དབང་བསྐུར་ནས་ངོ་མས་ངར་བ་རེད། ངར་བ་རེད”ཟེར་བཞིན་གཞུང་ལས་ཁང་ནང་དུ་ཡར་འགྲོ་མར་འགྲོ་བྱེད་བཞིན། “ཧུན། དཀའ་བའི་ལས་ཤིག་མ་ལས་ན། སླ་བའི་ཟས་ཤིག་རེག་མི་ཐུབ”ཡ་ཟེར་ཚུལ་ལ་བལྟས་ན་སུ་ཞིག་གིས་ཁོ་ལ་ཁོང་ཁྲོ་བླངས་འདུག་པ་འདྲ། ཅུང་མ་འགོར་བར་ནང་དུ་ཐོན་པའི་གངས་བུ་ལ་སྡང་བའི་མིག་མདའ་འཕེན་ཞོར“གང་ལྟར། སྐྱ་རེངས་ནམ་མཁའི་སྒོ་འབྱེད་ལ། སྤར་མོས་ཁེབས་པ་ལར་ནས་མེད”ཟེར་བ་ནི་བསམ་གཟས་ནས་གངས་བུའི་རྣ་ལམ་དུ་བརྫངས་པ་ཡིན་པར་འདུག གངས་བུའི་སེམས་ལ་གལ་སྲིད་ཁྱོད་ཀྱིས་ངའི་མགོ་ཐོག་ནས་མེ་འབུད་པར་བྱེད་ན། ངས་ཀྱང་དགྲ་ལ་ལན་དང་གཉེན་ལ་ཆང་། ནད་པ་ལ་སྨན་ཟེར་བ་ལྟ་བུའི་ཚུལ་ཆོས་ཤིག་བསྟན་ན་ལོས་ཆོག་སྙམ་པའི་ངོ་མདངས་མངོན་པར་བྱས་ནས་བསྡད།
“ཡ་བཟང་གི ཐོག་མར་ངས་ཁྱེད་ལ་ལས་ཀ་ཞིག་བཅོལ”ཟེར། གངས་བུས་ཚན་གཙོའི་རྟུལ་ཞུགས་གང་ཞིག་བཟུང་བར་དོ་སྣང་མེད་པའི་ཚུལ་དུ་ཡ་ཡ་ཡོ་ཡོ་ཟེར་བཞིན་བཙན་ཚུགས་ཀྱིས་འཛུམ་ཙམ་མི་སྟོན་ཐབས་མེད་དུ་གྱུར། ཚན་གཙོས་དབུལ་བོས་གསེར་རྙེད་དེ་ཞིབ་ལྟ་བྱེད་པའི་ཚུལ་གྱིས་གངས་བུའི་ལུས་ཡོངས་ལ་མྱུལ་ཞིབ་བྱེད་བཞིན“སྤྱི་གཙུག་རིལ་རིལ་རེད། རྩ་ལམ་དྲང་མོ་རེད། ཀླད་པ་ཁོག་སྟོང་མ་རེད། ཕར་བལྟས་ན་དཀར་ཡོལ་བཅག་ན་བཙེམ་ཚུལ་ཡོད་པ་དང་། སྒོང་ང་བཅག་ན་སྦྱོར་ཚུལ་མེད་པའི་ངོས་ཟིན་ཞིག་ལོས་ཡོད་སྙམ། ཧ་ཧ་ཧ། ཀུ་རེ་རྩེད་པ་ཡིན། ང་ནི་མི་ཉམ་ཆུང་སྟེང་ལ་མཉམ་སྡང་། གད་དམའ་བོའི་སྟེང་ལ་ཆུ་འབབ་པའི་མི་ཞིག་གཏན་ནས་མིན། ཡིན་ཡང་མི་ཁེངས་རློམ་ཅན་འགྲོ་མ་ཤེས་གོང་ལ་རྒྱུག་པར་མོས་པ་ཚོར་ཁ་ལོ་བཏུལ་བའི་ཐབས་ཤེས་ང་ལ་ཡོད”ཟེར་ཞོར་སྐེ་ཀྲོང་ཀྲོང་ངང་ཁོ་ལ་རྒྱབ་བསྟད་ནས་འདུག་པའི་གངས་བུའི་ངོ་གདོང་ཕྱོགས་སུ་སྐེ་སྐྱོགས་ཏེ་ཡང་བསྐྱར“ཧ་་་་ཧ་་་་་་ཧ”ཞེས་འུག་པ་དགད་འདྲའི་ཧབ་ཆ་ཞིག་བརྒྱབ། ཧབ་ཆ་དེ་ནི་གངས་བུའི་རྣ་ལམ་དུ་འབྲུག་སྟོང་དུས་གཅིག་ཏུ་གྲག་པའི་འཕྲུལ་སྣང་ཁྲོད་དུ་དངོས་ཐོག་བདེན་འཚོལ་ཞེས་པའི་རུམ་ཁོང་གི་ནོར་བུ་དེ་ཉིད་ཐང་ལ་ལྷུང་སྟེ་གས་ཁ་ཤོར་བའི་ཞེད་སྣང་སྐྱེས་ཏེ་གྲང་འདར་ལྟ་བུ་ཞིག་བརྒྱག་དགོས་བྱུང་། ཡིན་ཡང་སེམས་པ་ཅུང་ཙམ་སོར་ཆུད་དེ་ཞིབ་འདང་རེ་བརྒྱབ་ན། ཚན་གཙོ་ནི་ངས་ཐོག་ཏུ་ཞེ་སྡང་མེ་ལྟར་ཝལ་ཝལ་འབར་དོན་སྲང་གང་མེད། ངས་ཁོ་ཚང་གི་རྟ་མ་དེད། མི་མ་བསད། རྒྱུ་མ་འཕྲོག ལྷག་དོན་ཐེངས་རེ་རེར་མགོ་གཙོའི་གཞུང་ལས་ཁང་དུ་སོང་བ་ཡང་ཐབས་དང་གཡོ་ལ་བརྟེན་ནས་སོང་བ་མིན་པར་གཞུང་དོན་གྱི་ཆེད་དུ་ཡིན། སོང་ཡང་ཁྱེད་ལ་གནོད་པའི་ལས་ཤིག་སྲོ་མང་ཙམ་ཡང་གླེང་མེད་ལ་གླེང་བའི་དགོས་པའང་ཅི་ལ་འདུག་སྙམ་བཞིན་པའི་དུས་དེར། ཚན་གཙོས་ཧ་ཅང་གཟབ་ནན་ལྡན་པའི་སྒོ་ནས“གངས་བུ་ལགས། ཡུལ་གྲོགས་ང་མི་ཤེས་སམ། ང་འཇའ་བྷེ་ཡིན་ཡ”ཟེར་ནས་གངས་བུའི་ཕྲག་པར་ལག་པས་རྡེག་རྡེག་འདྲ་བྱས། གངས་བུའི་ཁ་མིག་བྲིས་མ་ལྟར་ཡ་མཚར་བར་སྡོད་སྐབས་འཇའ་བྷེ་ཡིས་ཐལ་ལྕག་བརྒྱབ་སྟེ་གད་མོ་ཤོར།
ཉི་མ་དེར། འཇའ་བྷེ་ལ་དགོད་ཁ་ཤོར་ཡང་ཁག་མེད་དེ། གངས་བུས་གསར་དུ་བསྐོས་པའི་ཚན་གཙོ་ནི་ཁོ་ཡིན་པ་ལར་ནས་མ་ཤེས། དེའི་སྐབས་དག་ལ་ཁོང་གི་གཞུང་ལས་ཁང་དུ་སོང་མྱོང་ཡང་གོང་འོག་གིས་འབྲེལ་བ་དེ་རྐྱེན་པས་ཞིབ་ལྟ་ཞིག་མ་བྱས་ལ། དཔོན་ཚུགས་ཀྱིས་ཁེངས་པའི་ཁོ་བོར་ཞིབ་མོ་ཞིག་ལྟ་འདོད་ཀྱང་ཡེ་ནས་མ་བྱུང་། ངེད་གཉིས་ལོ་ཉི་ཤུའི་ཡར་སྔོན་དུ་ལོ་གཅིག་ཙམ་ལ་མཉམ་སྡོད་བྱས་མྱོང་བའི་སྐབས་དེར་རྐྱེན་ཅི་ཡིན་མ་ཤེས་མོད། འོན་ཀྱང་ཁོང་གི་ཨ་ཕས་ཁོ་རང་ཆུ་དཀར་རྫོང་ཆ་ཚང་སློབ་ཆུང་དུ་མངགས་སོང་། དུས་དེ་ནས་བཟུང་ད་རག་བར་དུ་ཕལ་ཆེར་ལོ་ངོ་ཉེར་གཉིས་ཙམ་ལ་ངོ་ཐུག་མ་མྱོང་བས་ཅི་ཁག་སྟེ། ངེད་གཉིས་ན་ལུང་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་ལོ་རིམ་གཉིས་པའི་སྐབས་ཀྱི་བྱིས་པ་སྣབས་བླུག་གཉིས་ཡིན་དུས་ཁོང་གི་མ་ནེའི་མགོ་རུ་སྨེ་བ་ནག་པོ་ཞིག་ཡོད། སྐབས་དེར་ཁོ་ནི་ལོ་ན་ཆུང་ཡང་ལབ་རྐྱལ་ཞིག་ཡིན་པའི་མི་ཚད་སྣོག་རྐྱལ་ཞིག་ཀྱང་ཡིན་ལ། དོམ་རྐྱལ་ཞིག་ནི་དེ་བས་ཀྱང་ཡིན་ཕྱིན་སྨེ་ནག་དགྲ་ཁ་ཞེས་པའི་མཚང་མིང་ཞིག་བཏགས་ཡོད་པའང་དོན་གཏམ་ཡིན་ཏེ། ཉིན་ཞིག་ལ་ཁོང་གིས་རང་ལས་ཆུང་བའི་བྱིས་པ་ཞིག་གི་ལག་ཏུ་སྒོར་ཟུར་གཉིས་ཐབས་དང་གཡོ་ལ་བརྟེན་ནས་བསླུ་ལེན་བྱས་ཤིང་། སློབ་གྲྭའི་སྒོ་ཁའི་བདེ་སྐྱིད་ཚོང་ཁང་ཟེར་བ་ཞིག་ཏུ་ཉི་འབྲུ་ཉོས་པ་དང་བརྡར་ཤ་གཅོད་པའི་སློབ་གྲོགས་གཞན་ལ་ཁོང་གི་ཡིན་པར་ལབ་པ་དང་སྣོག་བརྒྱབ་སྟེ་ཨུ་ཚུགས་ཚད་པས། བྱིས་པ་དེའི་ལོ་རིམ་བཞི་བའི་ཕུ་བོ་ནི་སློབ་ཁྲིད་གྲོལ་རྗེས་རང་གི་ནུ་བོར་བརྙས་བཅོས་བྱས་པའི་གཏམ་དེ་ཐོས་ཏེ་དགྲ་ཤ་ལེན་དུ་སྐས་རིང་བ་ལས་བབས། ཐུང་བ་ལས་མཆོངས་ཡོང་སྟེ། འཇའ་བྷེ་ལ་དགྲ་དཔུང་ཆམ་ལ་འབེབས་པར་བྱེད་པའི་རྫིག་ཉམས་ཙམ་བསྟན་པས་ལས་བྱ་འབྲི་བཞིན་པའི་ཁོ་ནི་རྐུབ་སྟེགས་སྟེང་ལྷུང་ལ་ཁད་དང་ལོག་ལ་ཁད་བྱེད་བཞིན་པ་ངས་དངོས་སུ་མཐོང་མྱོང་། ཡིན་ཡང་། ཁོས་ནམ་རྒྱུན་གངས་བུ་གངས་ཁོའམ་ཡང་ན་ང་ལས་ལོ་ཚོད་ཆུང་ཡང་ཕུ་བོ་ཞེས་འབོད་པར་བྱེད་པས་མལ་ཁང་དུའང་ངེད་གཉིས་མལ་ཁྲི་ཐོག་འོག་བྱས་ནས་བསྡད་པ་ཡིན། འདང་རྩི་དེ་ཙམ་ཡོད་པས་ང་ཡང་རང་ཡན་དུ་སྡོད་མ་ཚུགས་པར་ཁོ་ལ་རྡུང་རྡེག་བྱ་རྩིས་ཡོད་པའི་བྱིས་པ་དེ་བཀག་སྟེ་བར་འདུམ་བྱས་པ་ཡིན། བྱིས་པ་དེས་སྨེ་ནག་དགྲ་ཁ་བསྒུག་ནས་སྡོད་ཟེར་བཞིན་འཇའ་བྷེའི་ཐོད་དཀྱིལ་དུ་མཛུབ་མོས་བསྐོར་འཛུགས་ཤིག་བྱས་ཏེ་ཁོང་ཁྲོའི་མེ་ལྕེ་འབར་བཞིན་སྒོར་བུད་སོང་། སྐབས་དེར་ངའི་མིག་ལམ་ནས་འཇའ་བྷེ་ནི་ཆག་གྲུམ་རྡིབ་གསུམ་ཤོར་བའི་ཁང་རྙིང་ཞིག་དང་ཤི་འགུམ་རྨས་གསུམ་ཐེབས་པའི་རྨས་མ་ཞིག་དང་གཉིས་སུ་མ་མཆིས། ད་དུང་ཁོང་གི་ལུས་འདར་བ་སྡོང་བོ་སྐྱོད་སྐྱོད་དང་མགོ་འདར་བ་ལྕང་ལོ་བསིགས་བསིགས། ཁ་འདར་བ་སོ་སྒྲ་ཐག་ཐག་བྱེད་བཞིན་པའི་ཉམ་ཆུང་གི་རྣམ་པ་དེ་ད་དུང་ཁ་སང་བྱུང་བའི་དོན་དག་ཅིག་དང་འདྲ་བར་ཡིད་ལ་གསལ་ལེར་འཆར་འོངས། སྐབས་དེ་དག་ཏུ་ང་ནི་ཕལ་ཆེར་ཁོང་གི་སྐྱབས་མགོན་ཤིག་ཏུ་བརྩིས་ན་ཁ་ཤོབ་ཆེ་བར་མི་འགྲོ་སྙམ། རྒྱུ་མཚན་ཡང་བྱིས་པ་འཁྲུག་རྐྱལ་འགའ་དང་དོམ་པ་སྐོར་ཞིག་གི་ལག་ཏུ་བཙན་འཕྲོག་བྱས་པའང་ཐེངས་གང་མང་ཡིན། ལྷག་པར་དུ་ཁོང་གིས་བྱིས་པ་མ་རབས་ཐལ་རྡུགས་ཤིག་ལ་སྒོར་ཟུར་གཅིག་བསྐྱིས་པའི་སྐྱིན་ཚབ་ཀྱི་བུ་ལོན་ནི་སློབ་སྐབས་གཅིག་ལ་སྒོར་ལྔ་རུ་བུད་པ་དེ་ཡང་ངས་ཁོ་ལ་རོགས་བྱས་ཏེ་དོམ་ས་བརྒྱབ་པ་ཡིན། ཨ་ལ་ལ། མི་ལ་ནི་འགྱུར་ལྡོག་ཅི་ཙམ་ཆེ་ཨང་། ཉེ་སྔོན་འཇའ་བྷེ་ནི་མི་རིགས་སྐད་ཡིག་གི་ལས་དོན་སྤེལ་བའི་ལས་ཁུངས་འདིའི་ཡིག་སྒྱུར་ཚན་ཁག་གི་ཚན་གཙོར་བསྐོས་སོང་བར་མ་ཟད། ཁོ་ནི་ཚན་གཙོའི་ཆེད་བཀོལ་རྐུབ་སྟེགས་སྟེང་འགྱིག་སྡོད་བྱས་ཡོད་པའི་སྐབས་སུ་ནི་བལྟས་ཚོད་ལ་ཞལ་རས་སྒོར་ལ་སྣ་དཔངས་མཐོ་ཞིང་མིག་ཟུང་ཆེ་བ་སྨུན་མ་སྟུག་པོའི་འོག་དུ་མཚར་བ། ཤ་མདངས་སྨུག་ལ་ལུས་སྟོབས་འཛོམས་པ། ནུབ་ལྭ་སྐྱ་སྐྱ་ཚད་དང་རན་པ་ཞིག་གྱོན་ཞིང་གོང་དཀྲིས་དམར་པོ་ཐུར་དུ་འཕྱངས་ཤིང་ཀོ་ལྷམ་ཐོག་ཏུ་ནག་འོད་འཁྱུག་པ་ཞིག་ཡིན་པའི་ཁར། རྒྱ་བོད་སྐད་གཉིས་ལ་བྱང་ཆུབ་པ་ཞིག་ཡིན་པས་དཔོན་ཉམས་ཀྱི་གཟི་བརྗིད་ཅིག་གིས་ཁེངས་འདུག ཁྱད་པར་དུ་འདང་མི་དཔོག་པ་ཞིག་ལ། ཁོང་གི་མ་ནེའི་མགོ་རུ་སྨེ་བ་ནག་པོ་ཞིག་ཡོད་པ་དེ་ནི་ངའི་ཆུང་དུས་ཀྱི་འཕྲུལ་བའི་བློ་ལས་བྱུང་བས་སེམས་བྱུང་ཙམ་ཡིན་ནམ། དཔེ་མི་སྲིད། གཏན་ནས་མིན། ཆུང་དུས་ཁོ་རང་ཕམ་འདུག་དུས་ངས་ཁོང་གི་མིག་ཆུ་འབྱིད་སྐབས་སྨེ་བ་ནག་པོ་དེར་ལག་པས་རེག་མྱོང་། འཇའ་བྷེ་ཡི་སྨེ་བ་ནག་པོ་དེའི་སྟེང་དུ་ད་རུང་སྤུ་ཉག་རྐང་གཅིག་ཀྱང་སྐྱེས་ཡོད། ང་ལ་འཁྲུལ་སྣང་བྱུང་བ་གཏན་ནས་མིན་འདོད་དེ་བསྡད།
འཇའ་བྷེའི་སེམས་ལ་གངས་བུ་ནི་ཆུང་དུས་གྲོགས་ལ་འདང་ཡོད་པ་དང་ཁ་བཤད་དོན་ལ་གནས་པའི་མི་ཞིག་ཡིན། ངས་སྒོར་ཟུར་ལྔ་ཡི་དོམ་མ་བྱིས་པས་ལྷ་སྲས་ཟེར་བའི་ཁྱི་སྐྱག་དེས་ཁྱི་ཉལ་མའི་མགོར་རྡོ་བརྒྱབ། མི་གཉོམ་ཆུང་མགོར་གྱོད་བཞག་ཟེར་བའི་དཔེ་ལྟར། ང་ལ་ཤ་ཉོག་རུས་ཉོག་ཏུ་གཏོང་གྲབས་ཡོད་དུས་གངས་བུ་གདོང་ལ་བུད་ནས་རྡུང་རེ་བརྒྱབ་སྟེ་ཁོང་གི་ནག་ཅིང་འོད་འཁྱུག་པའི་སྐྲ་ཡི་འཇིལ་ལི་ཞིག་ཀྱང་བལ་སོང་ལ། ངའང་ཆག་སྒོ་དེ་ལས་སྐྱོབ་ཐབས་བྱས། སྐབས་ཐོག་དེར་དཔུང་རོགས་བྱས་པའི་བཀའ་དྲིན་ངས་ད་ལྟ་ད་རུང་མ་བརྗེད་སེམས་ན་ཡོད། གང་ལྟར་གངས་བུ་ནི་བུ་ལ་དཔའ་རྩལ་སྦྱིན་མཁན་ཞིག་དང་རྟ་ལ་བང་ཁ་སྩོལ་མཁན་ཞིག་ཡིན། མདོར་ན་ཁོ་ནི་མཚོན་ལ་རྣོ་ངར་སྐྱེད་མཁན་དང་དགྲ་མགོ་རྡོག་པས་ནོན་མཁན་དེ་མ་ཡིན་ནམ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་ནི་ཅི་མ་བདེན། ཁོང་གི་ད་ལྟའི་གནས་བབ་ལ་བལྟས་ན། ངའི་ཆུང་འདྲིས་བྱམས་པ་ཟླ་སྒྲོན་ཁོང་གི་འཚོ་བའི་རྒྱབ་ཤེད་དུ་གྱུར་འདུག་ལ། བུ་ཆུང་ཡང་སྙིང་རྗེ་བོ་ཞིག་བཙས་འདུག ད་དུང་ཁོང་གིས་ཤེས་རམས་པའི་བསླབ་གནས་བླངས་འདུག་པར་མ་ཟད། འདོད་མོས་ཕྱོགས་ཀྱི་ལས་རྐང་དུ་རྒྱུགས་འཕྲོད་དེ་བསམ་པ་ཆོས་བཞིན་དུ་གྲུབ་འདུག དེ་ལས་ཀྱང་ཡིད་སྨོན་ཤོར་བ་ནི་གངས་བུ་ལས་ཁུངས་འདིར་ཡོང་བའི་རིང་ལ། མགོ་གཙོས་ཐུགས་འདང་ཆེ་ཆེ་འདྲ་གནང་གིན་འདུག ད་དུང་ཁོ་རང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་འདུག་པའི་རྣ་ཐོས་དེ་ནི་བདེན་ཤོས་ཆེ། ངེད་གཉིས་ན་ལུང་ཡུལ་ཚོའི་སློབ་ཆུང་དུ་སློབ་གྲོགས་ཡིན་དུས། ཁོ་རང་རིག་པ་རྣོ་ལ་བརྩོན་འགྲུས་ཆེ། ལྷག་པར་དུ་བོད་ཡིག་གི་སྦྱངས་འབྲས་ཤིན་ཏུ་བཟང་། ད་ལྟའི་ལས་ཁུངས་ཀྱི་མགོ་གཙོ་ལི་གོ་ཀྲུང་ལགས་ཀྱིས་གངས་བུ་མཆོག་ཏུ་འཛིན་པར་གཞིགས་ན། ཁོང་གི་ཆུང་མ་ཟླ་སྒྲོན་ངེད་གཉིས་ལྐོག་མཐུག་བརྒྱག་དུས་གངས་བུས་འབྲེལ་འདྲིས་བྱེད་པའི་མི་ཀུན་གྱིས་ཁོ་རང་མི་འཇོན་ཐང་ཅན་ཞིག་རེད་ཅེས་བསྟོད་པ་འཐེན་བཞིན་ཡོད་ཟེར་བའང་དོན་གཏམ་ཡིན་ཁོ་ཐག་རེད། གང་ལྟར་གངས་བུའི་ཆ་བྱད་ཀུན་ལ་བརྟག་ན། གར་སོང་ལ་ནོར་འཕེལ་ཞིང་། གར་བསྡད་ལ་གཡང་ཆགས་པ། གོམ་གསུམ་སྤོས་ན་དོན་འགྲུབ་པ། ཚིག་གསུམ་བཤད་ན་བཀྲ་ཤིས་པ་ཞིག་ཡིན་པའི་ཟིལ་ཤུགས་ཤིག་འདུག གངས་བུ་ནི་བཀྲ་ཤིས་ཤིང་དོན་འགྲུབ་པ་ཞིག་ཡིན་ཡང་། ང་ལ་མཚོན་ན་ཡེ་མེད་ཀྱི་འགྲན་རྩོད་པ་ཞིག་མིན་ནམ། ལྷག་པར་དུ་ངའི་གོ་ས་ཡར་འཕར་གྱི་གེགས་དང་ཁ་ལས་སྙན་གྲགས་ཀྱི་གནོད་བྱེད་ཅིག་མ་ཡིན་ནམ་སྙམ་པས་སེམས་ཕམ་སྟེ་ཐ་མག་རྔུབ་འཐེན་བྱེད་པ་ལས་བཤད་རྒྱུ་ཅི་ཡང་མ་རྙེད།
གངས་བུས“ཁྱོད་འཇའ་བྷེ་ཡིན་པ་ངས་ལར་ནས་མ་ཤེས། ལོ་དུ་མར་ངེད་གཉིས་ངོ་མ་འཕྲད་པས་ངོས་ཟིན་མ་སོང་། ཁྱོད་ཀྱི། ཁྱོད་ཀྱི། མ་ནེ་མགོ་རུ་སྨེ་བ་ཞིག་ཡོད་པ་མིན་ནམ”ཟེར་ནས་འཇའ་བྷེའི་གདོང་ལ་བལྟས་ནས་ཧད་འདུག་དུས་སྐམ་པོ་རྡབས་ལོག་བྱེད་ན་ཆག་འགྲོ། རློན་པ་གཅུས་ལོག་བྱས་ན་ཆད་འགྲོ་ཞེས་པ་ཇི་བཞིན་ངའི་དྲི་བ་དེ་ནི་མི་ངན་ཁ་ནས་གཏམ་ངན། བ་གླང་རྐུབ་ནས་རྙང་པ་ཟེར་བ་ལྟར་མིན་ནམ། ལྷག་པར་དུ་ཁོང་གི་སྨེ་བ་ང་དང་འབྲེལ་བ་སྤུ་ཉག་ཙམ་མེད་པ་མིན་ནམ་སྙམ་ནས་འགྱོད་པ་ཅུང་ཙམ་སྐྱེས།
གངས་བུས་དྲི་བ་དེས་འཇའ་བྷེ་ནི་རྟ་ངར་ཆེན་ཀག་གིས་ལངས་པ་ལྟར་ལུས་སྟོད་རྐུབ་སྟེགས་ཀྱི་རྒྱབ་ཏུ་དགྱེ་དགྱེ་བྱེད་ཞོར“འོ་ལེ། ལོ་ངོ་མང་པོ་འགོར་སོང་། འགྱུར་ལྡོག་ལོས་ཡོད”ཟེར་བ་ལས་སྨེ་བ་ཡི་ཕྱོགས་ནས་བཤད་འདོད་མེད་མོད། འོན་ཀྱང་གངས་བུས་དྲི་བ་འཕངས་ཟིན་པས། “སྨེ་བ་ནག་པོ་དེ་ནི་ཚན་རིག་ལག་རྩལ་གྱི་སོ་ཁ་ནས་མ་ཐར་ཐལ། ཧ་ཧ་ཧ”ཞེས་ཧབ་ཆ་ཞིག་བརྒྱབ་སྟེ་བྱིས་དུས་ཀྱི་སྨེ་ནག་དགྲ་ཁ་ཟེར་བའི་མཚང་མིང་དེ་ཡིད་ལ་འཁོར་ནས་ཅུང་འཚུབ་འདུག་པའི་ཉམས་སྣང་ཞི་བར་བཏང་སྟེ། དྲང་མོར་བཤད་ན། “གྲོགས་པོ་ཞིག་གི་ཁ་ནས་རྒྱུས་ལོན་བྱུང་བ་མ་གཏོགས། ངས་ཀྱང་ཁྱོད་ངོས་ཟིན་རྒྱུ་དཀའ་མོ་རེད”ཟེར།
ལོ་གཅིག་འགོར། ལོ་གཉིས་ཕྱིན། དེ་བཞིན་དུ་གངས་བུས་ཕུགས་བསམ་འགྲུབ་པའི་ལས་ལ་གཞོལ། འཇའ་བྷེ་ཡིས་རྒྱུ་ནོར་མང་ཙམ་ལོན་པ་དང་གོ་གནས་མཐོ་སར་སྤར་བར་འབུངས། དྲན་པ་མི་གཅིག་ཁ་ཁ། དམིགས་ཡུལ་མི་འདྲ་སོ་སོ། མཐའ་མར“གངས་བུ་ནི་སྤྱི་སེམས་ཀྱི་རྩེ་རུ་བུད། འཇའ་བྷེ་ནི་སྒེར་སེམས་ཀྱི་གཡང་ལ་ལྷུང”ཞེས་པའི་བཤད་སྲོལ་འདི་ཡང་ཁོ་གཉིས་དང་ལུས་ཀྱི་གྲིབ་མ་བཞིན་འགྲོགས་ཏེ་འོངས་པའི་ལས་གྲོགས་ཚོས་མི་ཚེ་ཕྱེད་ཀའི་རིང་ལ་སྤྱི་བསྡོམས་བྱས་པའི་འབྲས་བུ་ཡིན་པར་རིགས།
གངས་བུའི་ལས་འཁྱེར་ངལ་གསོ་ཞུ་ཡིག་ཕུལ་བའི་ཉིན་དེར་གཟས་ནས་འཇའ་བྷེ་ལ་སེམས་གསོ་བྱེད་དུ་ཕྱིན་པ་ཡིན་མོད། འོན་ཀྱང་གངས་བུ་ནང་དུ་ཐོན་པ་ན་འཇའ་བྷེ་ཡིས་ཤེལ་ཕོར་ཆེན་པོ་མགོར་ཡོན་བཞིན་ཆུ་ཚན་འབྱོང་བར་བྱེད་པ་ལས་སྐད་ཆ་ཅི་ཡང་མི་བཤད། ལྷག་པར་དུ་གངས་བུས་འཇའ་བྷེ་ལ་སེམས་གསོ་བྱེད་པའི་འོས་འཚམ་གྱི་སྐད་ཆ་གཅིག་ཀྱང་ཡིད་ལ་མ་ཤར། དེ་མིན། དེ་རིང་ཁོང་གི་བཟོ་ལྟ་དེ་ནི་ལོ་ཤས་སྔོན་ལ་ཆང་ཕོར་འདེགས་པའི་ཉམས་སྣང་དང་གཏན་ནས་མི་འདྲ་བ་མཐོང་བར་མ་ཟད། ཞར་ལ་ཕམ་དམག་ཞིག་དང་འདྲ་བའི་ཁོ་ལ་སྙིང་རྗེ་ཞིག་སེམས་གཏིང་ནས་སྐྱུར་བཞིན་ལངས་འོངས། འཇའ་བྷེ་ཁ་མི་གྲག་པར་བསྡད་པས། གངས་བུའི་མཚམས་འདྲི་བདེ་མོ་ཞིག་བྱས་རྗེས་འབོལ་ཁྲི་སྟེང་དུ་བསྡད། གངས་བུའི་སེམས་སུ་འཇིག་རྟེན་ནི་ཇི་འདྲའི་ཆུང་བ་ལ། ཨ་ཆུ་ཆུ། ངའི་ཆུང་མ་ནི་ཁོང་གི་ཆུང་འདྲིས་བྱམས་པ་མ་ཡིན་ནམ། མི་འདི་ལ་ཁ་ཡག་པ་ཞིག་དང་ཁོག་བཙོག་པ་ཞིག་ལས་ལྷག་མེད། བསམ་འགྲུབ་ནི་མི་འདིའི་རྒྱུད་ནི་གཏན་ནས་ཡིན་མི་སྲིད། དཔེ་མི་སྲིད་ཅེས་འདོད་བཞིན་པའི་སྐབས་ལ། འཇའ་བྷེའི་སྐད་གདངས་ཁོག་ལ་ལྷུང་སྟེ“གངས་ཀྲུའུ་རིན། ངས་སྔོན་ཆད་ཁྱོད་ལ་འོས་མེད་མང་པོ་བྱས་སོང”ཞེས་སྡུག་གཏམ་རེ་རེ་བཞིན་གླེང་མགོ་བརྩམས་དུས། གངས་བུའི་ཁ་པར་གྱི་འབོད་བརྡ་སི་ལི་ལི་གྲག་བྱུང་། གངས་བུས“ང་སྐྱོན་མེད་དང་ཁྱོད་ཁག་མེད་ཅེས་འོ་ལེ་དང་ཡ་ཡ་ཡོ་ཡོ”ཟེར་ནས་ལན་སྟེར་ཞོར་ཁ་པར་གྱི་བརྡ་འཕྲིན་ལ་མིག་མྱུལ་བྱས། ཆུང་མ་ཟླ་སྒྲོན་གྱིས“སྙིང་སྡུག་ལགས། ད་ནི་ཁྱོད་ཀྱི་མི་ཚེ་གང་བོར་ཕུགས་བསམ་ཆེད་དུ་འདུར་ནས་འུ་བཟའ་མི་ལྷན་དུ་འཛོམས་ཏེ་ལྷོད་ལྷོད་ཅིག་གཏན་ནས་བྱས་མ་མྱོང་། མི་འགྱངས་པར་ཁྱོད་ཀྱང་ལས་འཁྱུར་ངལ་གསོ་བྱ་རྒྱུ་མིན་ནམ། གཡང་འཛོམས་ཕོ་བྲང་བོད་ཟས་ཟ་ཁང་དུ་ཤོག ཏག་ཏག་ངེད་གཉིས་གཉེན་བསྒྲིགས་ནས་ལོ་ངོ་ཉེར་དྲུག་འཁོར་བར་རྗེས་དྲན་དང་ཁྱོད་ཀྱི་མི་ཚེ་གང་བོའི་ཕུགས་བསམ་ལ་བཀྲ་ཤིས་པའི་རྫོགས་ཚིག་དགོད་སླད་དང་། ཁྱད་པར་དུ་བུ་བསམ་འགྲུབ་རྒྱབ་ཁབ་ཀྱི་གཞུང་ཞབས་པའི་ལས་རྐང་དུ་རྒྱུགས་འཕྲོད་པར་བཟའ་མི་གསུམ་པོས་དགའ་སྟོན་རྟེན་འབྲེལ་ཞུ་བའི་གསོལ་སྟོན་ཞིག་བཤམ་པར་བྱ”ཞེས་སྙིང་རྟགས་ཤིག་དང་རྒྱ་སེ་མེ་ཏོག་རྐང་གསུམ་བསྐུར་འདུག གངས་བུས་འཇའ་བྷེ་ངེད་གཉིས་ཀྱི་ལས་འཕྲོའི་མདུད་པ་གྲོལ་རན་སོང་། ད་ནི་ཁོ་ལ་བུ་དྲི་བྲོ་ན་སུ་ཞིག་གི་ཁ་ལོ་སྣ་ལོ་འདུལ་འདོད་ན་ཐུལ་དུ་བཅུག་སྙམ་སྟེ“ད་ནི་ལས་ཚོགས་གྲོལ་རན་སོང་། ང་ཡུལ་ན་དོན་དག་ཅིག་ཡོད”ཟེར་ནས་འཇའ་བྷེ་ལ་བདེ་མོ་བཞག་སྟེ་སྒོ་ཕྱི་རུ་བུད་སོང་། སྐྲ་ལོ་སེང་བའི་ཀྲུའུ་རིན་འཇའ་བྷེས་ཤུལ་དུ་ལུས་པོ་ལྷོད་ལ་རླུགས་ཤིང་གྲིམ་པོའི་བློ་སྣ་ཆད་པའི་ཉམས་སྣང་དང་བཅས་ད་རུང་ཅི་ཞིག་ལ་འདང་མ་ཕོག་པ་ལྟར་མིག་ཟུང་ཀེམ་ཀེམ་གཡོ་བཞིན་ཐ་མག་རྔུབ་འཐེན་བྱེད་བཞིན་བསྡད་འདུག འོ་མ་རེད། ད་ནི་ཀྲུའུ་རིན་གྱི་གོ་ས་ལས་ཕུད་པའི་ཁོང་གིས་གཞོན་དུས་ལྟར་ཐ་མག་རྔུབ་འཐེན་བྱེད་པའི་ཤུགས་ཀྱང་ཟད་འདུག་པ་འདྲ… …
དགུན།
ལོ་སྔོན་མ་དག་དང་འདྲ་བར་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོར་ད་ལོ་ཡང་ཁ་བས་དཀར་བོང་བོང་དུ་བསྒྱུར་འདུག་ལ། གྲང་རླུང་འུར་འུར་ལྡང་སྟེ་གངས་འཚུབ་འཐིབས་ཤིང་རླུང་བུས་སྨྲེང་བ་འདྲེན་པའི་ཤུ་སྒྲ་སྒྲོག
འདི་ལོའི་དགུན་གཞུང་འདིར་གསེར་གཞུང་སྤང་ཐང་ལ་འདས་དོན་གྱི་དྲི་མ་བྲོ་བ་ལ། གསེར་གཞུང་སྤང་ཐང་ལ་བག་ཆགས་ཀྱི་གཟི་ཉམས་མངོན་པར་འདུག་པ་ལ་ཨང་། གནས་འདི་ནི་ཨ་ཕའི་ལྷག་བསམ་དྲོན་མོའི་འདབ་ལག་རྒྱས་ས་ཡིན། བུ་ངའི་རུས་རྐང་དུ་བག་ཆགས་ཀྱི་འབྲས་བུ་སྨིན་ས་ཡིན། ཡིན་ཏེ། ཨ་ཕས་རྟིང་སྐུལ་ལས་ཕོ་ལོ་སོ་གསུམ་ལ་ཕྱིན་པའི་ང་ཡང་བསམ་ཤེས་ཆགས་ཡོད། གྲོང་ཁྱེར་གྱི་ཟང་ཟིང་དང་མི་སེམས་ཀྱི་རྙོག་འཛིང་དང་ཁ་བྲལ་ཏེ་གནས་འདིར་སླེབས་ཚེ། ཨ་ཕས་མི་ཚེ་གང་བོར་ཕུགས་བསམ་གྱི་སླད་དུ་འབད་པ་ལྷུན་ལེན་བྱས་པའི་ཆོད་སེམས་ཚོར་ཐུབ། གསེར་གཞུང་སྤང་ཐང་སྟེང་སྤྲོ་གསེང་ལ་སླེབས་ཐེངས་རེར་ཕ་ལོ་དྲན་ཡོང་། ཕ་ལོ་དྲན་པ་ནི་ཕ་ཡུལ་དང་ཉེ་སར་བཅར་བ་མ་ཡིན་ནམ། བསམ་འགྲུབ་ཀྱིས་དེ་ལྟར་དྲན་བཞིན་ཕ་ཡུལ་གྱི་རུམ་ལ་འཛུལ་དུས་ཨ་ཕ་གངས་བུའི《ཉི་གུར་འོག་གི་ཕ་ཡུལ》ཞེས་པའི་སྙན་ངག་དེ་ཡིད་ལ་ཤར་འོངས། བདག་རྒྱུད་དུ་ཕ་ཡུལ་ལ་བཅངས་པའི་དུངས་པ་གང་བར་བྱེད་པའི་སྙན་ངག་དེ་ནི་འདི་ལྟར་བྲིས་ཡོད་དེ།
ཉི་གུར་འོག་གི་ཕ་ཡུལ།
༡
ཉི་གུར་གྱི་གོང་བུར་ཆགས་པའི་ཕ་ཡུལ་གྱི་པང་དུ
བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་ཚོར་བ་དེ་བཤིག་ན།
རང་ཉིད་ལ་ལྷགས་རླུང་གི་རང་དབང་ཐོབ་པས།
རེ་སྨོན་ཟླུམ་པོའི་ཉི་མ་པང་དུ་བཟུང་།
ཕུགས་བསམ་སྒོར་མོའི་ཟླ་བ་རུམ་ལ་བསྡུས།
ཕ་ས་ཕ་ཡུལ། ཉི་ཟླའི་པང་གི་འཇིག་རྟེན།
ཕུ་ཡུལ་དུ་གསེར་གྱི་རྩ་བ་ཚུགས།
ཕ་ཡུལ་དུ་དངུལ་གྱི་འབྲས་བུ་ཐོགས།
༢
ཉ་གང་ཟླ་བའི་དཀྱིལ་འཁོར་དུ་བཤམས་པའི་ཕ་ཡུལ།
མིག་ལམ་དུ་མངོན་འོངས་པ་ས་སྒང་གི་རི་མོ།
སྙིང་ཁར་བཞེངས་འོས་པ་སྲིད་པའི་འཁོར་ལོ།
ཕ་ས་ཕ་ཡུལ། ཉི་ཟླའི་འོད་སྣང་གི་ཕོ་བྲང་།
ཨ། ཕ་ས་ཕ་ཡུལ། འཆར་ཡན་གྱི་བདག་མོ།
༣
ཉི་འོད་སྤྲིན་དུ་ཆགས།
སྤྲིན་དཀར་གྱི་ཚོམ་བུ་དགོད།
ཟླ་ཟེར་ཆར་ལ་ཕབ།
ཟེར་མའི་མེ་ཏོག་འཛུམ།
ཕ་ས་ཕ་ཡུལ། བརྩེ་བ་ཡི་བླ་གནས།
༤
གངས་རི་སྔས་སུ་བྱས་པའི་ཉི་མ་སེར་པོ།
མཚོ་མོའི་ཞེ་ལ་ལྷུང་བའི་ཟླ་བ་དཀར་པོ།
ཕ་ས་ཕ་ཡུལ། ཉི་ཟླའི་མེ་ལོང་གི་གཙང་པོ།
གྱ་གྱུའི་འགྲོས་ལ་བསྟིམས་ནས་གང་དུ་ཆས་སམ།
༥
ཕ་ས་གསེར་གྱིས་གྲུབ་པའི་ཉི་མ།
ཕ་ཡུལ་དངུལ་གྱིས་ཤན་པའི་ཟླ་བ།
གསེར་དང་དངུལ་གྱི་འབྱུང་ཁུངས།
ཕ་ས་ཕ་ཡུལ། གདགས་གཞི་གཅིག་གི་ངོ་བོ།
༦
ཕ་ས།
བྲག་ལ་བརྐོས་པའི་ཉི་མ།
ཕ་ཡུལ།
ཆུ་ལ་དཔར་བའི་ཟླ་བ།
ཕ་ས་ཕ་ཡུལ བླ་སྲོག་གནས་སའི་ཕ་ས་ཕ་ཡུལ།
སྙན་ངག་འདི་ནི་ཨ་ཕས་ཕ་ཡུལ་ལ་ཕུལ་བའི་མཇུག་མཐའི་ལེགས་སྐྱེས་དེ་ཡིན་སྲིད། ང་ལ་སྐྱུར་བའི་ཤུལ་བཞག་གི་ནོམ་པ་དེ་ཡིན་ངེས། ཡིན་ཡང་། ཨ་ཕའི་བཀའ་དྲིན་ལ་ངས་སྙན་ངག་འདི་ཐེངས་གཅིག་སྦྱོར་ཀློག་ཐུབ་པ་བྱུང་བ་མ་གཏོགས། སྙན་ཚིག་གི་ནང་དོན་དང་ཨ་ཕའི་འགྱུར་བག་རྒོད་པའི་ཚོར་བ་དེའི་གཏིང་མཐའ་འགྲིམ་ཐབས་བྲལ། རྒྱུ་མཚན་ནི་གླེང་མི་འདོད་པའི་རྒྱུ་མཚན་ཡིད་ཕངས་བྱེད་ཅིག་ཡོད་པས་ཡིན། རྒྱུ་མཚན་དེས་དབང་གིས་ངས་ཅི་བྱས་ཀྱང་ཕ་གངས་བུའི་ཚོར་བ་དེ་རྙེད་པའི་དགོས་པ་ཆེ་ཆེར་འདུག་སྙམ། ཨ་ཕའི་རྗེས་ཤུལ་བསྙེག་སྟེ་ཕྱིན་ཚེ། ནམ་ཞིག་གི་ཚེ་ང་ནི་ཕ་གངས་བུ་མངོན་སུམ་ཡིན་ངེས་ཞེས་སེམས་སུ་དམ་བཅའ་འཇོག་བཞིན་པའི་བསམ་འགྲུབ་ནི་གསེར་གཞུང་སྤང་ཐང་གི་ཁ་བའི་ཁྲོད་དུ་ཆམ་ཆམ་བྱེད་དུ་ཕྱིན། ཆམ་ཆམ་བྱེད་པའི་བསམ་འགྲུབ་ཀྱིས་སེམས་སུ་ད་རག་བར་དུ་རང་གི་མ་ནེ་མགོ་ཡི་སྨེ་བ་དེ་ལ་དོགས་པ་ཟ་མ་མྱོང་ནའང་། ད་ནི་རྣ་ཐོས་ཀྱི་དཀྲོག་གཏམ་དེ་ལ་བདེན་ཁ་སྟེར་དགོས་རུང་དགའ་བའི་སྣང་བ་སྤུ་ཉག་ཙམ་མི་འདུག དེ་ཡང་ང་དང་སྨེ་ནག་དགྲ་ཁ་གཉིས་ཀྱི་བར་དུ་ཧེ་བག་ཆེན་པོ་ཡོད་སྙམ་པས་ཡིན་ལ། གཅིག་དང་གཉིས་ཀྱི་མང་ཉུང་དང་གང་དང་དོ་ཡི་ཡང་ལྕི་ཙམ་མིན་པའི་ཧེ་བག་དེ་ནི་སྙིང་ལ་རུས་པ་ཡོད་མེད་ཀྱི་ཧེ་བག་ཅིག་ཡིན་ངེས་པ་ཐག་གིས་ཆོད་ཀྱང་། གང་ལྟར་ང་ནི་གསོན་ན་གངས་བུའི་བུ་ཡིན་ལ། ཤི་ཡང་གངས་བུའི་བུ་ཡིན་ཞེས་ངར་ཞིག་ལངས་ཏེ་མིག་གཉིས་ཚུམ་ཚུམ་བྱེད་བཞིན་བློ་རྣོ་བ་མདེའུ་ངར་མ་འདྲ་བ་དང་ཁོག་ཡིད་སེམས་དྲང་བ་མདའ་མོ་འདྲ་བ། ཡིད་དྭངས་པ་མེ་ལོང་གཟུགས་བརྙན་འདྲ་བར་ཆགས་པར་བྱས་ཏེ། ཨ་ཧ་བོ། ངའི་ལུས་སྟེང་དུ་ཕ་གངས་བུའི་དྲི་མ་ཙམ་ཡང་མི་འདུག་སྟེ། ལོ་ངོ་བཅུ་ཕྲག་རིང་ལ་སྙན་གྲགས་སྐམ་པོ་དང་གོ་ཐོབ་ཀྱི་ཆེད་དུ་རི་སྤྱང་བཞིན་འདུར་རྒྱུག་བྱས། ཝ་ལྟར་བློ་གྲིན་མོར་བསྡད་པ་དང་ཁྱི་བཞིན་ཁ་རྫི་ངོ་རྫི་བྱས་ནས་སྤྱོད་ལམ་མྱུར་མོ་རླུང་ལ་འགྲན། རིག་པ་རྣོ་མོའི་མདུང་ཁ་གཉོམ་ཆུང་ཉམས་མེད་དག་ལ་གཏད། ཁ་ཚིག་དྭངས་མོ་མི་ཆེན་དང་རྒྱུ་ཆེན་གྱི་སྙན་ལམ་དུ་བསྒྲོན་པའི་གཞན་དབང་ཅན་གྱི་ཤིང་ལས་བཅོས་པའི་སེང་གེ་དེ་ནི་ང་རང་ཡིན་ནམ་སྙམ་ནས། ཕངས་སེམས་ཆེན་པོའི་ཞབས་སུ་མི་གཤིས་ངན་པ་བསྒྱུར་རྒྱུ་མེད། གོར་མོ་རྡོ་ལ་སྦང་རྒྱུ་མེད་ཟེར་བ་སྐྱག་རྫུན་ཡིན་པར་ངས་ཅིས་ཀྱང་བདེན་དཔང་ཞིག་བྱ་དགོས་འདུག དེ་ལྟར་མ་བྱས་ཚེ་ང་དང་སྨེ་ནག་དགྲ་ཁ་གཉིས་ལ་ཁྱད་པར་ཅི་ཡང་མེད་པ་མ་ཡིན་ནམ། ད་ནས་བཟུང་ངས་བོར་བརླག་ཏུ་གྱུར་བའི་རང་ཉིད་ངོ་མ་དེ་འཚོལ་རྒྱུ་ཡིན། མཐོ་སྒང་སེར་ལམ་མེར་བསྒྱུར་བའི་མེ་ཏོག་སེར་ཆེན་རྐང་གཅིག་གི་ཚུལ་འཆོས་རྣལ་མ་བཟུང་སྟེ། རིགས་ཞེན་གྱི་ལྷག་བསམ་དཀར་པོ་བཅངས་པའི་ཕུགས་བསམ་དེ་དང་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པའི་གཡོར་ཆེ་བའི་འདུན་མ་ཆེན་མོ་དེའི་མདུན་དུ་ངས་ཀྱང་ཨ་ཕ་བཞིན་དུ་བུ་རྟགས་ཤིག་སྟོན་དགོས་འདུག ང་ནི་ཕ་གངས་བུའི་བུ་ཡིན་པའི་ཕྱིར་ན། བུ་ལ་བུ་དྲི་བྲོ་དགོས། ཕ་ཤུལ་བུ་ཡིས་ཟིན་དགོས། བྱ་རྒྱལ་རྒོད་པོ་བཞིན་དགུང་ཨ་སྔོན་མཐོ་རུང་འཕུར་ཐུབ་དགོས། དེའི་མི་ཚད། མི་ལ་མི་དྲི་བྲོ་དགོས། འཇིག་རྟེན་མི་ཡི་ཆ་ལུགས་ཡག་དགོས། དུས་ད་ནས་བཟུང་། ཐུགས་སྒམ་པོའི་གཞུང་ལ་རྐྱལ། ཕ་དམ་པའི་རྗེས་སུ་འབྲང། གཙང་མོ་ཆུ་བཞིན་ས་དོག་མོའི་གཏིང་གཞལ་གཅད་ཐུབ་དགོས། དཀོན་མཆོག་གསུམ་པོས་མཁྱེན། དེ་འདྲ་མ་བྱས་ཚེ་ང་ནི་སྐྱེ་ཕོ་རབ་ཅིག་མིན་པའི་རྟགས། དཀར་པོ་བཏབ་སར་དཀར་པོ་ཡོང་བ་དང་ནག་པོ་བཏབ་སར་ནག་པོ་ཡོང་བར་བྱེད་པའི་ཆ་ནས། ངས་ཡར་གོང་མ་ལྷ་ནས་བཀའ་གཅིག་བསྒོས། སྐེད་བར་མ་གཉན་ནས་དམ་ཚིག་སྦྲེལ། དམའ་འོག་མ་ཀླུ་ནས་ཐ་ཚིག་ཕོག་པ་ལྟ་བུའི་དམ་ཚིག་གཅིག་འཇོག གང་ལྟར་ཀྱང་མི་ཚེ་རྒས་ཁར་ངའི་ཁོག་པ་གཤགས་རུང་དུང་དཀར་ལེན་རྒྱུ་ཡོད་པ། ཁྲག་རྩ་བཅད་རུང་འོ་མ་འཕྱུར་ནས་ཡོང་བ་ཞིག་ཡིན་དགོས་སྙམ་པའི་འཆར་སྒོ་ལས་བསམ་འགྲུབ་ཀྱི་སེམས་པ་ནི་ཉི་མ་བརྒྱ་ཤར་ལག་པས་མི་ཁེབས། སྐྱེས་མཆོག་ཕུགས་བསམ་གནམ་གྱིས་མི་ཁེབས་ཟེར་བའི་ཚོར་སྣང་ཁྲོད་དུ་ཁ་བའི་ངོགས་སུ་གསལ་ཐག་ཆོད་པའི་རྐང་རྗེས་རེ་རེ་བཏོད་ནས་མདུན་དུ་ལྷགས། ཁོ་བོ་མདུན་ཕྱོགས་སུ་གོམ་ཁ་སྤོབས་པས་བཏེགས་ཏེ་བསྐྱོད་སྐབས། མིག་ལམ་དུ་ཁ་བའི་མེ་ཏོག་གི་ཚོམ་བུ་ལྷབ་ལྷུབ་ཏུ་མར་སྙིལ་བྱུང་། འདི་ནི་མངོན་སུམ་གསལ་རྗེན་དུ་མཐོང་བའི་རེ་བ་ཞིག་ཡིན་པ་ལས་མིག་འཕྲུལ་ཞིག་གཏན་ནས་མིན། གནའ་མི་བོད་ཀྱི་གཏམ་དཔེ་ལ། སྙིང་ལ་རུས་པ་ཡོད་ན། ལྕགས་ལ་འབྲས་བུ་སྨིན་ཞེས་པ་ཡང་གནམ་ས་གོ་འབྱེད་པའི་བདེན་ལུགས་ཤིག་ཡིན་པ་ཤ་སྟག་རེད། ལྟོས་དང་། ས་ཐོག་ཏུ་བབས་པའི་ཁ་བའི་འདབ་མ་རེ་རེ་ནི་སྤང་ཐང་དུ་མཚོ་རླབས་བཞིན་གཡོ་བའི་རླུང་ཁའི་མེ་ཏོག་སེར་ཆེན་རེ་རེ་དང་ཅིས་མི་མཚུངས། ཏབ་ཅིག་གི་རིང་ལ། མཛེས་སྡུག་ལྡན་པའི་འཕྲུལ་སྣང་དེ་ལས་སེམས་པ་བཟི་ཐག་ཆོད་པའི་བསམ་འགྲུབ་ནི་རླུང་ཁའི་མེ་ཏོག་སེར་ཆེན་བཞིན་ཡམ་ཡོམ་འགུལ་དགོས་བྱུང་།
2023ལོའི་ཟླ1པོའི་ཚེས15ལ་བསྐྱར་བཅོས་གྲུབ།