རྟ་ནག
མི་རྟག་པ་ཉིད་རི་མོའི་གཟུགས་ཀྱིས་སྲུང་མའི་ཐང་ཀའི་ངོས་སུ་འཁྱུག
བདག་འཛིན་ནི་ཨོང་བའི་རྗེས་དེད་དེ་མེ་རུ་འབར་ཞིང་ཐལ་བར་འགྱུར།
ཁ་ཚུབ་ལས་བསྲིངས་པའི་ཉི་ཐིག་གི་ལག་པས།
གཏི་མུག་ལ་བསླད་པའི་མཁའ་དབུགས་གཙང་མར་བཀྲུས།
རྟོག་བཏགས་ཀྱི་གཤོག་པ་ཐོགས་པའི་སྒྲུང་གི་ཕུག་རོན་དེ།
ཨ་མེས་ཀྱི་ཕྲག་པ་གཡས་པར་བབས།
ཁོང་གིས་རྨོ་མོས་ཚུར་བཏེགས་པའི་གནའ་དཀར་འོ་ཇས་གཏམས་པ་དེར་སྙོབ་དུས།
ཕུག་རོན་དེ་གཤོག་པ་རྡེབ་བཞིན་ང་ཡི་ཕྲག་པར་བབས།
བོད་སྐད་ཀྱི་རྨུ་ཐག་རིང་མོ་ཞིག
སྟེང་ཕྱོགས་ལྷ་ཡི་ཡུལ་ནས་དོ་ཐོག་གི་ཁྲོ་བོ་མི་གཡོ་བའི་སྐུ་ལ་འཐེན་ཞིང་།
ཨ་མེས་ཀྱི་ལྗགས་རྩེ་ནས་ང་ཡི་སྙིང་གི་དབུས་ལ་འཐེན།
ཨ་མས་སྐ་ཐག་ཅིག་སྒྲིམ་བཞིན་སྒྲོལ་བསྟོད་འདོན།
ཐག་པ་རིང་པོ་གསུམ་ཚར་བའི་བར་དུ་མོ་ཏིང་འཛིན་དེ་ལས་གཡོ་བ་མེད།
སྐབས་དེར། ཨ་ཕ་ནང་དུ་སླེབས།
ཁ་ཆར་གྱིས་བརླན་པའི་ཕྱིང་ལྭའི་ཐུ་སྣེ་ས་ལ་འདྲུད་བཞིན་པས།
ཨ་མེས་ཀྱིས་རྣ་སྦྲིད་ཅིག་དང་ལྷན་ཅིག་ཟུར་མིག་བགྲད།
ཟུར་མིག་དེ་སེ་གོལ་གཏོག་ཡུན་གསུམ་ཙམ་རིང་དམིགས་པ་གཅིག་ཏུ་ཡོད་པས།
ཨ་ཕས་ལྭ་བའི་ཐུ་སྣེ་ནས་བཟུང་སྟེ་ཡར་སྤྲུགས་ཙམ་བྱས།
ས་རྡུལ་དག་ཆུ་ཐིགས་སུ་གྱུར་པའི་ཁ་བའི་འདབ་མ་འགའ་དང་འདྲེས་ཏེ་སར་ལྷུང་།
“རྟ་རྒན་རྣམས་གཡུ་ལུང་ནང་ན་འདུག་གམ།
བླ་མ་བཀའ་དྲིན་ཅན་མདང་དགོང་ངའི་རྨི་ལམ་དུ་བྱོན་སོང”
ཨ་མེས་ཀྱིས་གདེང་ཚོད་ཡོད་པའི་གཏམ་དེས་ཨ་ཕའི་གདོང་ལ་འཛུམ་མདངས་བསྐྱིལ།
“ཡིན་ཡང་རྟ་ནག་གཅིག་པུ་རྙེད་མ་བྱུང”
ཨ་མེས་ཀྱིས་གདུགས་ཐུང་ཚར་གཅིག་འདོན་པའི་མགོ་འཛུགས་ཀྱིན།
“སྲུང་རྟ་གྲོ་དམར་རྙེད་བྱུང་ན་རྟ་ནག་མི་རྙེད་ག་ལ་སྲིད”ཟེར།
སྲིང་ཆུང་མས་ཐལ་ཁུང་ནས་མེ་རུ་བླངས་ཏེ་མགལ་མེ་སྐོར་བར་རྩོམ་དུས།
རྨོ་མོས་ལྡེམ་མྱུར་དང་བཅས་མོའི་ལག་ནས་དེ་བླངས་ཤིང་།
ཨོང་ཤའི་སྟེང་དུ་ཐལ་ལྕག་ཅིག་གཞུས།
ཐལ་ལྕག་གི་སྒྲ་དང་གདུགས་ཐུང་འདོན་པའི་སྒྲ་དེ་གཉིས།
སྨན་ཁང་གི་གནམ་གཅལ་གྱི་གློག་ཞུ་སེར་པོ་དེའི་ནང་དུ་ཐིམས་ཤིང་།
གཤག་བཅོས་ཚར་མ་ཐག་པའི་ཨ་ཕ་བཟི་སྨན་ལས་དྭངས་ཤིང་རྨི་ལམ་ལས་སད།
ཁོང་གིས་ངག་འཁྲོལ་ལ་མི་འཁྲོལ་བའི་ངང་དུ།
“ངའི་དངུལ་བྱང་ལས་སྒོར་སྟོང་གཉིས་བཏོན་ཏེ་ཕ་མ་དྲིན་ཆེན་གཉིས་ལ།
ཇོ་བོའི་མདུན་དུ་བསྔོ་རྟེན་རེ་ཞོགས”ཟེར་ཅིང་།
སླར་ཡང་མིག་ཟུང་བཙུམས་ཏེ་སྐད་ཕྱིར་མི་འདོན་པར་ཁ་ཏོན་བཏོན་བྱུང་།
ཨ་ཕ་འདས་ཏེ་ལོ་ངོ་བཞི་ལོན་པའི་དེ་རིང་གི་ཉིན་མོར།
ངས་གཞུང་ལམ་དང་ཁ་ཐག་རིང་བའི་ལྷས་ཁུག་ཅིག་ནས་འོད་གྱ་གྱུ་ཞིག་མཐོང་།
དེའི་ནང་ནས། ཤྭ་བ་ལ་ཁར་ཐོན་འདྲ་ཞིང་།
ཁོང་པ་དྲང་ལ་ཡན་ལག་བཤན་པའི་རྟ་ནག་ནག་ཅིག་མཐོང་།
ངས་དེ་དགེ་ལེགས་དཔལ་པའི་མགོན་པོའི་བསྐང་གསོའི་ནང་གི་རྟ་ནག་
བཅུ་གསུམ་ལ་འདྲེས་སུ་བཅུག
མི་རྣམས་ཀྱི་གྲིབ་ནག་གིས་བསླད་པའི་ཁེར་ཧྲེང་གི་སེམས་པ་དེ།
རྟ་ནག་ནག་དེ་དག་གིས་རྨིག་པས་གཙུབས་པའི་རླུང་འཚུབ་ལ་འདྲེས་སུ་བཅུག
སྙན་ངག་འདིའི་ནང་ལའང་སྦྲ་ནང་གི་དྲོད་ཁོལ་དེ་ཨེ་ཁུག་བལྟས།
30/1/2023 གཙོས།
བདེན་ཚིག
གདོང་གི་འཁྱག་རོམ་གྱིས་མཁའ་རླུང་སྲ་མོར་བཏང་བ་དང་འོད་ལ་
འདྲོག་གིན་པའི་འབུ་སྲིན་ཞིག་གྱང་ངོས་ལ་འཛེར།
གངས་འདབས་ཀྱི་དར་ལྕོག་ཅིག་གིས་ཁྱོད་ཀྱི་འགྱིག་སྦྲ་ལྟ་བུའི་རྨི་ལམ་
བསྒུལ་སོང་རྨི་ལམ་བསྒུལ་སོང་ངོ་།
དེ་རུ་ཁྱོད་ཀྱི་རང་དབང་གི་སེམས་དང་ལྕགས་རིའི་ཕ་རོལ་ལ་འཕུར་འདོད་ཀྱི་
འདུན་པར་གདོང་འབག་མེད་ངོ་ཚའི་སྒྲིབ་གཡོགས་མེད།
དེ་ལ་ལྟ་ཞིང་ཅེར་བའི་གློག་མིག་དག་ལའང་ཐམས་ཅད་ཞིབ་མོར་ཕྱེད་པའི་
རྩིས་ཀྱི་དྲ་རྒྱ་སོགས་གང་ཡང་མེད་དོ།
ཁྱོད་ཀྱིས་ཨ་ཕ་ཐག་རིང་ལ་སོང་ཤུལ་ཏུ་དཀར་ཡོལ་ནང་གི་ཇ་འཁྱག་སོང་ཇ་འཁྱག་སོང་ཟེར།
མི་ལོ་དྲུག་ཅུའི་སྔོན་གྱི་སྐྱོ་གཞས་དག་རྡོ་བའི་ངོས་ཀྱི་དྲེག་པ་བཞིན་ད་དུང་སེམས་སུ་ཡོད་ཟེར།
དུས་ཀྱི་ཐག་པས་དམ་པོར་བསྡམས་པའི་རྒན་རྒོན་རྣམས་ཕར་བཞུད་སོང་སྐར་མདའ་
དག་རྗེས་སུ་ཡལ་སོང།
གླིང་ཆུའི་ན་ཁུག་ནང་ལ་ལྕགས་བྱ་ལྷུང་དུས་སུ་གཡག་རྒན་རྣམས་ཧར་ཅིང་དཔུང་རྗེན་
རྣམས་ཀྱིས་བསྐོར་ཡོང་དུས།
རྨ་ཕ་རིའི་སྐུང་གསེར་ཁ་མདོ་ན་ཁྱོད་ཀྱི་སྐྱེ་བ་སྔོན་མའི་བརྩེ་འཕྲིན་ལུས་ཡོད།
ཕྲེང་བ་འཐོར་ཡོད་དོ།
སྤྲིན་པས་སྤྲིན་པར་མི་རྟག་གར་རྣམས་འཁྲབ་ཅིང་ཁྱོད་ནི་རེ་ཞིག་དེར་ཧད་ནས་སྡོད་དུས།
ནམ་མཁའ་ཟེར་བའི་གར་སྟེགས་འདི་ཉིད་སུ་ཡིས་བདག་གིར་བྱས་པ་ཁྱོད་ཀྱིས་
གཏན་མ་ཤེས་མ་ཤེས།
ཆམ་ནད་ཕོག་ལྟར་རྣམ་རིག་མེད་ཅིང་རྐང་མཐིལ་ཚ་བས་ཟིན་པ་ནི།
དོན་དུ་རྨོངས་པའི་རྒྱ་རུ་ཚུད་ཅིང་ཆོས་རྣམས་ངོ་བོ་མི་མཐོང་རྡུལ་དང་སྨུག་པས་བཟུང་བའོ།
ཁ་ལ་ཁ་ཐུམ་བརྒྱབ་ཀྱང་དེ་ཡིས་དབུགས་ནི་གཅོད་ཅིང་མིག་ལ་མིག་ཤེལ་གྱོན་
ཡང་དེ་ཡིས་མཐོང་ལམ་སྒྲིབ་པར་བྱེད།
མི་རྣམས་རང་བཞིན་གར་གྱི་རི་མོའི་ནང་ལ་ནགས་གསེང་གླ་བ་བཞིན་དུ་ཡིབ་པའི་མཐུས།
གདོང་ལ་ཉི་འོད་འཁྱིལ་བས་དེ་ཡི་སེམས་ནང་དམྱལ་བའི་ཁྱི་སྨྱོན་ཚོགས་ཀྱིས་
བསྐོར་བ་མཐོང་མི་འགྱུར།
ཁྲག་དང་འོ་མ་སོ་སོར་ཕྱེད་མིན་མུན་པའི་འཕྲུལ་འཁོར་ནག་པོ་འདིས།
ཁྱོད་ཀྱི་རྩིབས་མ་དག་ནི་གཟེར་མས་མནན་ཅིང་སོ་ཕྲེང་ལྕགས་རྩིས་ཀུན་ཏུ་བྱུགས།
ས་ཡི་གོ་ལར་འབྲལ་དུ་བཏུབ་ཀྱང་དེ་ཡི་ཆོས་ཉིད་མ་ལུས་ལུས་ཀྱི་ཁྲབ་བཞིན་
ད་དུང་ལྕི་བ་འདི་ནི་ཅི།
གང་ལྟར་ངེད་ཅག་བྱེ་མ་བཞིན་དུ་ཟགས་པར་འགྱུར་ངེས་མཐོང་ལམ་མ་ལུས་
མུན་པས་གང་ངེས།
རོལ་དབྱངས་ཉམ་ཞན་དེ་ནི་ཐབ་ནང་མེ་རོ་ལྷན་ཅིག་དལ་གྱིས་ཡལ་བར་འགྱུར་ངེས།
དུས་ཀྱི་ཐག་པ་ཐུང་ངུ་འདི་ནི་ངེད་ཅག་འཚོ་བའི་དོན་སྙིང་ཡང་ན་སྣང་བ་
འབྱམས་པའི་དཔང་རྟགས་ཉིད་དེ།
བྲང་ཁར་བྲང་སྦྱར་ཁོག་པའི་སྙིང་གི་སྒྲ་ལ་ཉན་བཞིན་སྐད་ཅིག་འཚོ་བ་འདི་ལ་
རྟག་བརྟན་བརྩེ་བ་ཞེས་ཀྱང་འབོད་པར་བྱའོ།
11/1/2023 གཙོས།
བྱམས་བརྩེ།
ཚིག་སྦྱོར་མི་བདེ་བ་དག་ལ་ཁྲག་དང་མིག་ཆུས་ལྷན་པ་བརྒྱབ་སྟེ།
ཞེ་འཁོན་ཡོངས་རྫོགས་ཞི་བྱེད་ཀྱི་རོལ་མོ་དང་ལྷན་ཅིག
ནམ་གསལ་ཁ་མ་གཏོགས་མི་ཚར་བའི་འཕྲིན་ཡིག་རིང་པོ་ཞིག་འབྲི་མཁན་དེ་ཁྱོད་རེད།
རྨི་ལམ་ནི་གཅན་གཟན་གྱི་ཚང་དུ་གྱུར་ཀྱང་།
སད་རྗེས་ཀྱི་འཚོ་བ་དེ་ཤོག་དཀར་གཙང་མ་ཞིག་ལྟར་བཤམས་རྗེས།
འཇིགས་སུ་རུང་བའི་སྣང་བརྙན་དག་སྦེད་མཁས་པ་དེ།
ཁྱོད་ཀྱིས་རང་ཉིད་ཁོ་ནར་མངའ་བའི་ལག་རྩལ་ཞིག་ཏུ་བསྒོམས།
ཁྱོད་མཚན་གང་བོར་འཁྱགས་པའི་གཏོར་ཟོར་གྱི་ཚལ་དུ་འགྲེངས།
ཕྱེ་མ་ལེབ་ཅིག་ཆུ་ལ་ལྷུང་བ་ལྟར།
སྙིང་དབུས་ཀྱི་བདེན་པ་དེ་རེ་ཞིག་བསྲུངས་མ་ཐུབ།
ཆུ་ཤེལ་གྱི་རིལ་བུ་ཞིག་བྲང་གི་དཀྱིལ་འཁོར་ནས་ཐེངས་འགར་གས།
རྒྱང་ཐག་རིང་དྲགས་པའི་ཉི་མ་དེ།
མུན་པའི་ཀློང་ཡངས་པོའི་ཕ་རོལ་ནས་སྐར་མ་ཟ་ཟི་ཞིག་ཏུ་གྱུར།
ཕམ་པར་གྱུར་པ་ནི་ཆོས་ཉིད་ཀྱི་ཆ་ཤས་ཤིག་སྟེ།
མགོ་སྦྲ་འཚེམ་དུས་སུ་རྒྱ་ཁབ་ཆག་པ་དང་།
གློག་བརྙན་ལ་ལྟ་དུས་སུ་གློག་ཆད་པ་བཞིན་ནོ།
ཁྱོད་ཀྱི་ཕུང་པོའི་གདགས་གཞི་ཆར་ནང་གི་རི་མོ་བཞིན་བསུབས་ཏེ།
རྐང་ལག་དང་རྩིབས་མ་སོགས་ལོགས་སུ་ཕྲལ་ནས།
དུམ་བུར་ཆ་ཤས་འགའ་ལ་བགོས་ཤིང་།
ཁྱོད་ཀྱི་དཔའ་བའི་སྙིང་ལ་མི་ཞིག་གི་སྙིང་ཞེས་པ་ལས་མིང་གཞན་མེད་དུས།
བྱམས་བརྩེའི་མེ་ཕུང་གིས་ཁྱོད་ཀྱི་རྣམ་ཤེས་ལ་གཤོག་པ་བཏགས།
སྟོང་གསུམ་གྱི་ཁམས་ནས་སྐར་མའི་ཁྱིམ་རྒྱུད་ཅིག་གི་འཁོར་དུ་གྱུར།
ཁྱོད་རང་ཉིད་ལས་འོད་སྣང་འཚེར།
སེམས་ཅན་བྱེ་བ་དུང་ཕྱུར་ནི་རྡུལ་གྱི་རླབས་སུ་འཕྱུར་བའི།
མི་རྟག་པའི་ངོ་བོ་ཁྱོད་ཀྱིས་གསལ་བར་བྱས།
31/12/2022 གཙོས།
གཏན་བྲལ།
ཁྱོད་འགྲོ་ཁར་དུས་རྒྱུན་ལྟར་སླར་མཇལ་ཡོང་ཞེས་སྨྲས།
འོན་ཀྱང་དེ་ནི་གཏན་དུ་འབྲལ་བར་བྱ་ཞེས་པའི་དོན་ཡིན་པ་མ་ཤེས།
ཁྱོད་འགྲོ་ཁར་ཐུ་སྣེ་སྒོ་ལྕགས་ལ་འཕྲད་ཙམ་བྱས།
འོན་ཀྱང་དེ་ནི་འུ་གཉིས་བར་གྱི་སྒོ་མོ་གཏན་དུ་བརྒྱབ་པའི་དོན་ཡིན་པ་མ་ཤེས།
ཁྱོད་འགྲོ་ཁར་སྤྲིན་པ་དཀར་ནག་གཉིས་ཀྱིས་ཕན་ཚུན་ལ་འཕུད་རྒྱག་བྱས་ཏེ།
སྐར་ཆ་འགའི་རིང་ཆར་ཐིགས་འགའ་ལྷུང་ཞིང་དེ་ནས་མཚམས་ཆད་པར་གྱུར།
འོན་ཀྱང་དེ་ནི་འུ་གཉིས་ཀྱིས་སོ་སོ་སེམས་ནང་ཉར་བའི་འདྲ་དཔེ་ཉིད་ཡིན་པ་མ་ཤེས།
སྐད་ཅིག་ཁ་ལ་མངར་བའི་སྦྲང་རྩིའི་རོ།
ལྕེ་ཐོག་བསྐྱིལ་ནས་ཁོག་པར་མི་གཏོང་བར།
འཛུམ་དང་དགོད་ཀྱིས་བསྐྱལ་བའི་དུས་དེ་རྣམས།
བསམ་བཞིན་རང་སེམས་རང་ལ་མི་ཁྲེལ་ལམ།
21/1/2023 གཙོས།