རིན་ཆེན་མི་ལུས་ཐེངས་ཤིག་རྙེད་པ་སུ་དང་གང་གིས་མཚོན་ནུས་མིན།།
ཨ་མའི་ལྷུམས་ཀྱི་ཁང་བཟང་མ་བརྒྱུད་ས་དང་གནམ་ནས་ལྷུང་བ་མེད།།
མི་ལུས་གསེར་གྱི་རྟེན་བཟང་འདི་ནི་ཨ་མའི་བཀའ་དྲིན་འོག་ནས་རྙེད།།
དེ་ཕྱིར་ཚེ་འདིའི་དྲིན་གྱི་ཕྱག་ཟུང་ཡུམ་ཆེན་ཁྱེད་ལས་སུ་ཞིག་མཆིས།།
ཆུང་དུས་བཤང་གཅིན་ལག་པས་སྙོར་ཞིང་ཨ་མའི་སེམས་པ་བུ་ལ་འབྱར།།
རིམ་གྱིས་གནའ་གཏམ་རིང་མོའི་ཁུད་ཀྱི་གདན་ལ་འདུག་པར་ཤིན་ཏུ་བྲོད།།
བར་དུ་ལང་ཚོའི་རི་མོ་རྒྱས་པས་བུ་ཆུང་སྣང་བ་དགུང་ལ་བྲོས།།
མཐའ་མར་ཕ་མའི་ལུས་པོ་སྒུར་ཞིང་ལོ་ཡི་རྒ་བས་ཐུར་དུ་མནན།།
མི་ལུས་བླངས་ཀྱང་མི་ཡི་དོན་པོ་མ་འཁྱོངས་དོན་མེད་མི་འདུག་པར།།
མི་ལུས་རིན་ཆེན་དཔག་བསམ་ལྗོན་པར་འབྲས་བུ་ཁུར་གྱིས་དུད་དགོས་ཟེར།།
མི་ཚེ་འདི་རུ་ཞབས་རྗེས་རི་མོ་འབྲི་བའི་རྩལ་ཞིག་མ་མཆིས་ཀྱང་།།
མི་གྲལ་ཟིན་པའི་མི་ཞིག་བྱས་ཏེ་མི་ཚེར་དོན་ཞིག་ལྡན་པ་གལ།།
མི་ཆོས་བསླབ་བྱ་རིག་པའི་ནོར་བུར་གསེར་དངུལ་རིན་ལས་ལྷག་ཆེ་བ།།
ཉོས་ན་མི་ཁུག་འཕྲོག་ན་མི་ཐུབ་རང་གི་བརྩོན་པའི་རྒྱུན་ལ་རག།
བརྩོན་འགྲུས་གྲུ་ཆུང་འདེད་པའི་མི་ལ་ཤེས་རབ་འོད་ཀྱི་ཁ་ཕྱོགས་རྙེད།།
ད་གཟོད་རང་གི་བརྟུན་པས་བླངས་པའི་ནོར་བུ་དགོས་འདོད་ཀུན་འབྱུང་ཡིན།།
ཁ་ཅིག་ཕ་མའི་བསླབ་བྱ་དོར་ཞིང་རྒན་གྱི་རེ་བ་ཆུ་ལ་བསྐུར།།
མྱ་ངམ་བྱེ་མའི་ཐང་ཆེན་ཞིག་ན་ལྗོན་ཤིང་སྐམ་པོར་འབྲས་བུ་ཟད།།
རྟག་ཏུ་མ་རབས་ལས་སུ་ཞུགས་ཚེ་སྤྱོད་བཟང་ཟླ་བ་མར་མར་འགྲིབ།།
དོན་མེད་རྒྱ་གྲོང་ཉུལ་བའི་འདུ་ཤེས་རྦད་དེ་བསྐྱུར་ནས་སློབ་གཉེར་མཛོད།།
སློབ་བུ་སྐར་ཚོགས་བྱེ་བའི་མཐའ་ན་འོད་ཀྱིས་རྩེན་པའི་ཟླ་འོད་དང་།།
བརྩེ་ཆེན་ཉི་མའི་འོད་སྣང་འབར་བས་ཀུན་གསལ་སྒེག་མོའི་བཞིན་རས་སུ།།
ལྷག་བསམ་སྤྲིན་དཀར་པདྨའི་ཟེའུ་འབྲུ་ལྷུག་ལྷུག་རབ་ཏུ་རྒོད་པ་ཅན།།
ཤེས་བྱས་ཕྱུག་པའི་བཤེས་གཉེན་དེ་ནི་ཡང་ཡང་རྗེས་སུ་དྲན་པར་བགྱི།།
མི་ལ་ཁ་བཤད་ལག་ལེན་མེད་ན་མི་དང་ཕྱུགས་ལ་ཁྱད་པར་མེད།།
ཟ་ཤེས་འཐུང་ཤེས་དུད་འགྲོས་རྩྭ་ཆུ་གང་བཟང་རོལ་བ་གཅིག་འདྲ་ཡིན།།
མི་ནི་དུད་འགྲོ་ལས་ཀྱང་ཁྱད་འཕགས་སྨྲ་ཤེས་ཙམ་གྱི་མཐོ་དམན་མིན།།
མི་ཆོས་ཀུན་སྤྱོད་རྩ་བ་ཡིན་པས་བདག་བས་གཞན་གཅེས་སྤྱོད་པའི་མཆོག།
བྱམས་བརྩེའི་ལྡིང་ཁང་གཡས་སུ་འཁྱིལ་བ་བོད་ཀྱི་ཡུལ་གྲུ་འདི་ལགས་པས།།
མཐུན་པ་སྤུན་བཞིའི་བརྩེ་མདུད་དར་དཀར་གུས་སྲོལ་བླ་ཤིང་རྩེ་ན་གཡོས།།
མི་ཆོས་གསེར་གྱི་ཀ་བ་བརྟན་པོར་རིན་ཆེན་བཻཌཱུའི་གཟི་འོད་གཏམས།།
སྲོལ་རྒྱུན་རྒྱ་ཕིབས་མཐོངས་སུ་རྩེན་པའི་ཡུལ་འདི་ནམ་ཡང་དགེ་གྱུར་ཅིག།
རྩི་ཤིང་སྲོག་ཆགས་འདབ་ལྡན་བྱ་ཚང་མ་གཏོར་མ་བཤིག་གཅེས་དགོས་ཟེར།།
གཞན་ལ་ནམ་རྒྱུན་འཚེ་བ་བཏང་ན་རང་གི་ཨ་མ་ཤི་འགྲོ་ཟེར།།
རང་བྱུང་སྲུང་སྐྱོབ་དཔྲལ་བའི་མིག་ལྟར་འཛིན་པའི་བྱམས་ལྡན་ཨ་མ་ཡིས།།
བུ་ལ་གནང་བའི་བསླབ་བྱ་འདི་ཀོ་དགེ་བའི་གྲོགས་སུ་འགྱུར་བའི་རྒྱུ།།
ཚེ་ནི་མི་རྟག་ནམ་འཆི་ངེས་མེད་མི་ཚེ་རླུང་ནང་མར་མེ་འདྲ།།
རྒྱུ་ནི་མི་རྟག་རྩྭ་རྩེའི་ཟིལ་བའི་མུ་ཏིག་རྣ་རྒྱན་གློ་རྡེག་བོར།།
ཉམ་ཐག་འཁོས་ཞན་སྡུག་ལ་ཐུག་དུས་གཉེན་ཉེ་དགྲར་གྱུར་དབང་དྲག་གིས།།
མྱང་ཚ་དཀར་རྒྱན་མ་བུ་གསུམ་གྱི་རྒྱུ་ནོར་ཨ་ཁུ་ཨ་ནེས་འཕྲོགས།།
འབྱོར་ཕྱུག་དབྱར་མཚོ་ལྟེམས་ལྟེམས་འཁྱིལ་ཀྱང་ཚེ་ཡི་ཚད་དེ་མི་དཔོག་པས།།
ཆེ་དང་ཆུང་ལ་དབྱེ་བ་མེད་པར་ཐམས་ཅད་ཡ་རབས་དགེ་བར་བརྩོན།།
ཕྱི་མའི་ཡུལ་གྱི་ལམ་བྲོ་དེ་ནི་དམ་པའི་ལྷ་ཆོས་ཁོ་ན་ལས།།
འཁོར་བའི་ནང་གི་རྒྱུ་ནོམ་གང་ཞིག་ཕན་པའི་རྐྱེན་དུ་སོང་མ་གྱུར།།
ཕ་མའི་ཡོད་ཚད་བུ་ལ་བཅངས་ནས་དབུ་སྐྲ་དཀར་པོ་ཁ་བའི་མདོག།
རི་དང་ལུང་བའི་ཕུ་དང་མདོ་ན་ངལ་མེད་བརྩོན་པའི་རྐང་རྗེས་གསལ།།
ཕ་སེམས་བུ་ཐོག་བུ་སེམས་རྡོ་ཐོག་དྲིན་བྱས་དྲིན་དུ་མི་གོ་བའི།།
དེང་དུས་སློབ་བུ་ཐ་ཤལ་འདི་དག་བསམ་མེད་ངང་ནས་གཉིད་དུ་ཤོར།།
དཀའ་སྡུག་རི་ཟོམ་འབུམ་ཕྲག་བརྒལ་མཁས་བྱེས་ཀྱི་དྲིན་ཆེན་ཕ་མ་ཟུང་།།
སེན་མགོ་ཁྲག་དང་སེན་གཏིང་རྣག་གིས་གྲུབ་པའི་ངལ་བ་གྲངས་མེད་ཀྱི།།
དཀའ་སྡུག་རི་ཟོམ་བརྒྱུད་ནས་རྔུལ་ནག་ཆུ་ཡིས་བསྐྲུན་པའི་སྒོར་རྡོག་འགའ།།
ལྔ་རིག་གླིང་གི་བུ་ལ་སྤྲིངས་པར་མནོ་བསམ་བཞེས་ན་ཨེ་འགྲིག་གམ།།
རིག་པའི་རྟ་ཕོ་ཞོན་རྒྱུ་བསྐྱུར་ནས་གཉིད་ཀྱི་མཛའ་མོ་གྲོགས་སུ་གྱུར།།
སྐད་འཕྲིན་ལ་སོགས་རོལ་རྩེད་རྩེ་ནས་མིག་ཟུང་རབ་རིབ་ཅིག་ཏུ་གྱུར།།
དཔེ་ཀློག་ཁང་གི་མདུན་ཕྱོགས་དེ་ལ་གོམ་པ་གཅིག་ཀྱང་སྤོས་མྱོང་མེད།།
ཡུལ་ཕྱོགས་ཕ་མའི་ཕྱུགས་ཟོག་འཚོ་བའི་སྡུག་ལ་འདང་ཞིག་ཨེ་བརྒྱབ་ལགས།།
ཉལ་ཐུལ་མཐུག་པོ་མགོ་རུ་བཏུམ་ནས་མུ་མཐུད་གཉིད་དང་རེ་བ་ཆེ།།
གྱང་ངོར་བྲིས་པའི་པད་མའི་སྦྲང་རྩི་གཞིབ་འདོད་བུང་བ་བཞད་གད་རྒྱུ།།
སོས་ཀར་རི་དྭགས་སྨིག་རྒྱུ་ཆུར་འཁྲུལ་འཐུང་འདོད་འདུན་པ་རབ་དྲགས་ཏེ།།
རེ་འབྲས་སྟོངས་པའི་རྨི་ལམ་འདི་ཀོ་ནམ་ཞིག་མཁའ་ཡི་པདྨོ་བཞིན།།
སྟོང་འདང་སྒྱུ་མའི་འཇའ་ཚོན་སྐད་ཅིག་སྣང་བའི་རི་ལ་ཤར་ཙམ་གྱིས།།
སོར་མོས་ཕ་བོང་སྒུལ་བར་འདོད་པ་སྔོན་མེད་གཏམ་གྱི་བྱུང་རབས་འདི།།
རྩལ་ཆེན་སུ་ཞིག་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ཟོལ་གྱིས་རང་།།
རྨི་ལམ་ལྗོན་ཤིང་འདེགས་པར་རྩོམ་པའི་ལས་ལ་ངལ་བ་མེད་དམ་ཅི།།
ཐམས་ཅད་གཉིད་ཀྱི་སྒོམ་དུ་ཚུད་པའི་རེ་བ་ཟད་པའི་གདུལ་བྱ་མིན།།
གཏི་མུག་ཕག་གི་རྗེས་འབྲངས་ཅན་གྱི་རིགས་ལ་རེ་སྐུལ་ཅོང་བརྡ་ཡིན།།
བརྩོན་འགྲུས་བྲག་ལ་མདའ་མོ་ཟུག་པའི་སྙིང་རུས་ཅན་ལ་རེ་བ་འཆའ།།
ཁྱེད་ནི་མ་ཡུམ་གངས་ལྗོངས་འདི་ཡི་འབྱུང་འགྱུར་ཁྲོད་ཀྱི་གཤོག་པ་ཡིན།།
རང་རྒྱུད་ཤེས་བྱས་ཕྱུག་ན་རྒྱན་ཡིན་ཕ་མའི་རེ་བ་དེ་ལྟར་ལགས།།
རིག་པའི་ལང་ཚོ་དཔལ་གྱིས་གཏམས་ན་བྱ་བརྒྱའི་ནང་གི་ཁྱུང་ཆེན་ཡིན།།
རྣམ་དཔྱོད་གཤོག་རྩལ་བསྒྱུར་ལ་རབ་མཁས་ཨ་མའི་བུ་ཞིག་ཡོད་པ་དེ།།
ཡར་ཀླུང་ཁོག་གི་རེ་བ་འདེགས་པའི་སེམས་རྟེན་ཀ་བ་ཡིན་པར་གྱིས།།
ནམ་རྒྱུན་རང་དོན་འབའ་ཞིག་དོན་དུ་འདུར་ཞིང་གཞན་དོན་མི་གླེང་བའི།།
རང་ཉིད་ཁོ་ནར་གཅེས་པའི་མི་དེས་རང་དོན་ཡག་པོ་འཁྱོངས་མེད་ལ།།
གཞན་གྱིས་ཐུན་མོང་དོན་ཆེན་གང་ཞིག་རང་གི་ནུས་པས་ལྷུར་བླངས་པ།།
དེ་ལ་དགའ་བའི་དྲང་གཏམ་སྨྲ་ལྕེ་འཛིན་པའི་བུ་ཞིག་བྱུང་མ་གྱུར།།
གཅམ་གསག་མེ་ཏོག་སྙིང་དུ་བཏབ་ཀྱང་དགོད་པའི་རི་མོ་མི་ཕྲིས་ལ།།
ཚིག་ངན་ཐལ་རྡུལ་སྤར་གང་གདོང་ལ་གཙུབ་ཀྱང་དེ་ཙམ་མི་ཁྲོ་བའི།།
རང་རློམ་ཁེ་གྲགས་ང་རྒྱལ་བོར་བའི་ཚུལ་ལྡན་ཡ་རབས་གདུལ་བྱ་དེ།།
གཡོ་ཟོལ་ཚིག་གིས་བསླུ་བར་མི་ནུས་རི་རྒྱལ་ལྷུན་པོ་བཞིན་དུ་གནས།།
ཁྲེལ་གཞུང་སྐ་རགས་ཆད་དམ་ལྷོད་ཡོད་རང་ཚུགས་མེད་འདི་སུ་ལན་ནམ།།
བརྩེ་དུང་རྫུན་མས་མདུན་ལམ་བསླུས་པ་ན་མཉམ་གྲལ་ན་ཉུང་ཉུང་མིན།།
རང་གཤིས་འདམ་ལ་བཏབ་པའི་ཕུར་བ་བརྟན་པོ་མིན་པས་སྐྱེངས་པ་སྟེར།།
སྲ་མཁྲེགས་གསེར་གྱི་ལྕགས་ཕུར་བརྡབ་སྟེ་རང་གི་ལུས་འདི་སྲུང་ན་རན།།
མི་རབས་བཟང་པོའི་མི་རྒྱུད་མ་ཆད་ད་རུང་མུ་མཐུད་གནས་དགོས་ན།།
ཨ་མའི་སྐུ་ངལ་ཞབས་རྗེས་གསེར་གྱི་རེ་ཁཱའི་འོད་སྣང་འཚོལ་འདོད་ན།།
དྲིན་ཆེན་ཕ་མའི་རེ་འདུན་དེ་ལ་དངུལ་གྱི་ཕྲ་རྒྱན་གདབ་འདོད་ན།།
བརྩོན་པའི་རྟ་ཕོ་ཤེས་རབ་ཐང་ནས་བང་གིས་བསྐྱོད་པར་རེ་ཞིང་སྒུག།
སུ་ལ་ཤེས་རབ་བློ་དེ་འཛོམས་ན་མི་བུ་དེ་ལ་བདེ་སྐྱིད་འབྱོར།།
ཤེས་སྤྱོད་ཟུང་འབྲེལ་མི་ཚེ་དོན་གྱི་སྙིང་བོའི་དགོངས་པའི་མཐིལ་ལེན་པར།།
ནམ་ཡང་མི་ཞུམ་གཡེལ་མེད་རྟག་ཏུ་རིག་པའི་གྲུ་ཆུང་མདུན་དུ་ཐོངས།།
བརྩོན་འགྲུས་རིན་ཆེན་དངུལ་གྱི་ལྡེ་མིག་ཤེས་རབ་སྒོ་བརྒྱ་འབྱེད་པའི་གཞི།།
ལེ་ལོ་ཅན་ལ་སློབ་སྐུལ་བྱས་ཀྱང་སྤྱང་ཀིའི་རྣ་བར་ཆོས་བཤད་དང་།།
སྦྲུལ་ལ་འོ་མ་བླུད་པ་ལྟ་བུའི་ཚུལ་བཞིན་རང་ཡང་ངལ་བའི་གཞི།།
དེ་ཕྱིར་གཞན་ཕན་དོན་དུ་གཉེར་ཀྱང་རེ་བའི་ཡལ་འདབ་རྙིང་བ་ཡི།།
གྲོགས་ངན་མ་རབས་ལས་སུ་འཇུག་སྐབས་རང་དང་བར་ཐག་རིང་དུ་བྱོས།།
དེ་རིང་སྐྱོ་ངལ་སྟོན་གྱི་རླུང་བུས་བསམ་གཞིག་ལོ་མ་རི་ལྟར་སྤུངས།།
གློ་བུར་ཤོག་བུའི་རི་ཐང་ཀུན་ཏུ་བདག་གི་རྟ་ཁྱུ་འདེད་དགོས་བྱུང་།།
ངག་གི་དྲང་གཏམ་གསེང་མཐོར་སྒྲོན་ཏེ་ཁྱེད་ཀྱི་རྣ་བར་སྨྲས་བྱུང་བས།།
ཅུང་ཟད་གནོད་པའི་ཚིག་ངན་བྱུང་ན་བཟོད་སྒོམ་ཨེན་ཙམ་གནང་རྒྱུ་གལ།།