གེ་སར་རྒྱལ་པོ།
སྒྲོ་བཏགས་འུད་བརྗོད་གཏམ་གྱིས་མ་འཁྱེར་བོད་ཁམས་སིལ་བུའི་དུས་དཀྱིལ་ལ།།
མདོ་སྨད་ཤར་མཐའི་སྡེ་དགེ་ཡུལ་དུ་རུས་རྒྱུད་གླིང་གི་ཁྱིམ་དུ་འཁྲུངས།།
ཆུང་ངུའི་དུས་ནས་ཁྲོ་རྒྱལ་བཙན་པོས་རྨ་ཆེན་གངས་རིའི་འདབས་སུ་བསྐྲད།།
སྒོ་ཕྱུགས་ནོར་གྱི་འཚོ་སྐྱོང་ལས་བགྱིས་ཤ་ཁྲག་དར་བའི་གཞོན་ནུར་གྱུར།།
གླིང་གི་རྒྱལ་པོ་འབྲུག་མོའི་སྐྲ་བདག་རྒྱན་ལ་བཞག་པའི་རྟ་རྒྱུགས་སྐབས།།
གཞན་གྱི་སྒྱུ་སེམས་ཐལ་བར་བརླགས་ནས་གསེར་གྱི་ཁྲི་ལ་རྔམ་གྱིས་འགྱིང་།།
བཙན་པོའི་གཉའ་གནོན་གཉོམ་ཆུང་མགོན་སྐྱབས་སེང་ཆེན་མི་དབང་རྒྱལ་པོ་ཡིས།།
ཕྱོགས་བཞིའི་དགྲ་བཞི་རྫོང་ཆེན་བཅོ་བརྒྱད་ཆམ་དུ་ཕབ་པའི་ལོ་རྒྱུས་བསྐྲུན།།
དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་འཛམ་གླིང་རིག་པའི་གཏེར་མཛོད་ཁྲོད།།
སྲིད་ན་གྲགས་པའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་ལས་ནི་རིང་དུ་བརྒལ།།
ལོ་ངོ་སྟོང་ལ་བྲིས་ནས་མ་ཚར་འཆད་མཁན་མིད་པ་འགག་མེད་པའི།།
ཇོ་རུའི་དཔའ་རྩལ་མཚོན་ཟླ་བྲལ་བ་ཕྱི་རབས་སྐྱེ་བོས་ད་དུང་གླེང་།།
རྐྱང་རྒོད་གཡེར་བའི་གོམ་རྗེས་བརྟན་པོ་བོད་ཡུལ་ལུང་བ་གང་སར་བཀོད།།
སྐྱེས་བུ་གང་གི་མཛད་འཕྲིན་ལས་ཀྱིས་ཐོར་བཤིག་ཐག་པ་བསྐྱར་དུ་བསྡམས།།
ལྷ་ཡི་སྲས་པོ་མི་ཡི་དབང་བོ་སེང་ཆེན་ནོར་བུ་དགྲ་འདུལ་ཁོང་།།
ཁ་བ་བོད་པའི་སེམས་ངོར་བཞེངས་པའི་རྟག་བརྟན་བླ་སྲོག་གསོན་པོ་ཞིག།
སྡེ་སྲིད་སངས་རྒྱས་རྒྱ་མཚོ།
ལྷ་ལྡན་བྱང་གི་ཉང་བྲན་གཞིས་ཀར་རྟགས་མཚན་འགྲིག་ནས་སྐུ་བལྟམས་ཤིང་།།
དགུང་ལོ་བརྒྱད་ནས་རྒྱལ་དབང་ལྔ་བའི་སྐུ་མདུན་ལ་བཅར་མདོ་སྔགས་གསན།།
ལོ་ངོ་ཉེར་དྲུག་སྲིད་དབང་བཟུང་ནས་དགའ་ལྡན་ཆོས་སྲིད་སྲ་བརྟན་བཏང་།།
སྐུ་གདུང་འཛམ་གླིང་རྒྱན་གཅིག་བཞེངས་ཤིང་ཕོ་བྲང་དམར་པོ་ཉམས་གསོ་མཛད།།
ཉིད་ཀྱི་མཛད་པ་རི་ལས་མཐོ་ཞེས་གཉོམ་ཆུང་བདག་འདྲས་འཆད་པར་སྤོབས།།
ལྕགས་པོ་རི་ནས་སྨན་གྱི་སློབ་གྲྭ་འགྲོ་ཕན་གླིང་ནི་ཕྱག་འདེབས་མཛད།།
རྩིས་དང་གསོ་རིག་གཙོ་བོར་བྱེད་པའི་གསུང་རྩོམ་པོད་གྲངས་ཉེར་དྲུག་མཛད།།
མིག་མང་རོལ་མོ་རྩེད་རིགས་དག་ལ་འགྲན་ཟླ་བྲལ་ཞེས་ཀུན་གྱིས་བསྒྲགས།།
དཔའ་རྩལ་རྫོགས་པའི་སྐྱེས་ཆེན་ཁྱེད་ཉིད་བཙུན་མོ་གང་གི་གྲི་ཁ་ནས།།
གློ་བུར་གཤེགས་པའི་སྐྱོ་གར་དྲན་ཚེ་ཡིད་སེམས་མཆི་མས་མི་བརླན་སུ།།
བླ་མ་དཀར་པོ་ཀུན་དགའ་རྒྱལ་མཚན།
ཨུ་རུ་སུ་དང་བལ་དམག་ཧྲག་པོའི་ཕྱི་དགྲ་རེ་རེ་མཐའ་རུ་དེད།།
བོད་ཀྱི་བྱང་ཕྱོགས་ཧོར་གྱི་ཡུལ་ལ་རྒྱལ་བསྟན་གསེར་གྱི་ཉི་གཞོན་དྲངས།།
ཉིད་ཀྱི་འཁྲུངས་གཞིས་ཆས་པའི་གཤིས་སུ་གོང་མའི་ཞབས་བརྟན་དགོན་པ་བཏབ།།
མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ནས་གསེར་ཁང་ཆེན་མོར་རྒྱ་ཕིབས་བཞེངས།།
ལྷ་ལྡན་གྲོང་ནས་མཆོག་གི་བཀའ་བཞིན་ཇོ་བོར་དབུ་རྒྱན་བསྐྱར་དུ་གསོལ།།
སྐུ་ཚེ་གཅིག་ལ་རྒྱ་བོད་ཧོར་དུ་དགོན་སྡེ་ཆེ་ཆུང་བཞི་ཙམ་བཏབ།།
མཐའ་མཚམས་ཟིང་འཁྲུག་ཞོ་འཇགས་བཏང་ནས་དམངས་ལ་བདེ་བའི་འཚོ་བ་བསྐྲུན།།
ཆོས་སྲིད་ཟུང་ལ་མཛད་པའི་འཕྲིན་ལས་ངོ་མཚར་བརྗོད་ཀྱིས་མི་ལང་ངོ་།།
དུས་རབས་ཤིག་གི་དཔའ་རྒོད།
——ཅོ་ནེ་དཔོན་རབས་བཅུ་དགུ་བ་བློ་བཟང་བསྟན་འཛིན་རྣམ་རྒྱལ་འཕྲིན་ལས་རྡོ་རྗེ་ལ།
མ་རུང་ཚོགས་ཀྱིས་གཡོ་སྒྱུའི་སྦྱོར་བས་དཔོན་པོ་ཁོང་གི་ཚེ་སྲོག་འཕྲོག །
དམག་རུ་ཞེ་བརྒྱད་མངའ་སྡེ་ཡོངས་ཀྱིས་སྐྱོ་བའི་སྨེ་ངག་ཤུག་ཤུག་བཏོན།།
འཇིགས་སྐྲག་ཆེ་བའི་དཔོན་ཡུལ་དོན་རྐྱེན་ཀླུ་ཆབ་གཙང་པོར་དྲན་གདུང་བཞག །
ཨེ་མ་དེང་གི་རྫོགས་ལྡན་དུས་འདིར་དཔའ་བོ་ཁོང་གི་མཛད་པ་དྲན།།
རྒྱལ་གཅེས་དཔའ་བོ་དགུང་ལོ་ཕྲ་ཡང་བདེ་སྲུང་དཔོན་གྱི་ལས་འགན་བཞེས།།
ངལ་བར་འཕྲད་པའི་དམར་དམག་ཁྲི་ལ་འབྲུ་མཛོད་ཕྱེ་བས་ལུས་ཟུངས་གསོས།།
ཇག་ཚོགས་སྟོང་གི་ཧམ་སེམས་བརླགས་ནས་ཞི་བདེའི་དར་ཆ་མཐོ་རུ་བསྒྲེངས།།
ཀྲུང་ཧྭའི་ལོ་རྒྱུས་ཟིན་ཐོ་ངོས་སུ་སུབ་ཐབས་བྲལ་བའི་མཛད་རྗེས་བཀོད།།
སྤྱང་ཐི་ནས་རྩིས་དཔོན་རབས་ཉེར་གཅིག་ལོ་ངོ་ལྔ་བརྒྱར་སྲིད་བསྐྱངས་ཏེ།།
སྲིད་འབྱོར་རིག་གནས་དར་སྤེལ་བཏང་བ་ཅོ་ནེ་བ་ཡི་སེམས་སུ་ཕབ།།
དཀའ་སྡུག་སྤྱི་ཚོགས་སོག་ལེའི་ཁ་རུ་མི་སེམས་འགུལ་བའི་གཏམ་རྒྱུད་མང་།།
བདག་གི་མེས་པོའི་དཔའ་ངར་དེ་ནི་རྟག་བརྟན་འཚོ་བའི་བརྗོད་བྱ་ཡིན།།