ཏིང་འཛིན་འལ་འོལ་བྱིང་རྒོད་སྦུབས་སུ་ཚུད།།
མུན་པའི་ཕག་ཏུ་ཉལ་བའི་གཅེར་བུ་པ།།
ལོ་དང་ཟླ་བའི་ཉི་མ་འདིར་མི་མཐོང་།།
མིག་བཙུམ་ལག་མྱོང་བྱས་ནས་སུ་ལ་སྒུག།
རྟོག་འགྱུའི་མཚོན་བརྩེ་འབར་བའི་རི་མགོར་བསྙེགས།།
རེ་དོགས་སྡོམ་ཐག་འཐེན་པའི་དཀྱིལ་དུ་ལྷུང་།།
ཡིན་མིན་གཅིག་ལ་ཟུག་པའི་ཕུར་བུ་པ།།
ནམ་མཁའི་ངང་དུ་རོ་འཐམ་སུ་ལ་བྱེད།།
ཆང་ཕོར་གནམ་ལ་བཏེགས་པའི་སྐད་ཅིག་མར།།
ཚོར་བ་ཐམས་ཅད་འཇིགས་ཤིང་རི་ཆུ་ཉིལ།།
དབྱིབས་རྣམས་ཚུགས་ཀ་མེད་པའི་ཀློང་དུ་ཤོར།།
ཁ་དོག་ཀུན་ཀྱང་གཟུགས་མེད་ཞིང་ལ་བྲོས།།
སྒོ་ལྔའི་རྐུན་ཁུང་བཅད་པའི་ཕར་ནང་ནས།།
རྣམ་རྟོག་ལྡོམ་པོ་སུན་ཞིང་སུན་ཞིང་བསྡད།།
སྡོད་ཀྱི་མེད་པའི་རྐང་བ་ནམ་མཁར་ལྷུང་།།
བདེན་རྫུན་རྗེས་མེད་རོ་མཉམ་ངང་དུ་ཞིག།
གཅིག་ཏུ་འཛིན་པའི་ལག་པའང་ནམ་མཁར་ལྷུང་།།
ཐོབ་ཤོར་དངོས་མེད་བརྗོད་མེད་ངང་དུ་བོར།།
ནམ་མཁའི་ངང་དུ་ནམ་མཁའ་རང་ཤོང་ཡིན།།
སྤྲིན་པའི་རྗེས་སུ་སྤྲིན་པ་རང་དྭངས་ཡིན།།
རི་བོ་དག་ཀྱང་ཡོད་དེ་ནམ་མཁའ་ཡོད།།
ཆུ་བོ་དག་ཀྱང་བཞུར་ཏེ་ནམ་མཁའ་ཡོད།།
འཇའ་ཚོན་ཡང་ནི་འཆར་ཏེ་ནམ་མཁའ་ཡོད།།
སྙན་ངག་ཀྱང་ནི་འབྲི་སྟེ་ནམ་མཁའ་ཡོད།།
ཁྱོད་དང་ང་ཡང་ཡོད་དེ་ནམ་མཁའ་ཡོད།།
བདེ་སྡུག་སྣང་བ་ཡོད་དེ་ནམ་མཁའ་ཡོད།།
ནམ་མཁའ་སྤང་བའི་ཕ་རོལ་གང་དུ་འགྲོ།།
སྨྱོན་པའི་ཚུ་རོལ་ཆང་གིས་མ་བཟི་བས།།
འདི་ན་ཡིན་ཡིན་མིན་མིན་བདེན་རྫུན་སྟོང་།།
སྨྱོན་པའི་ཕ་རོལ་གདོད་ནས་སྨྱོན་པ་སྟེ།།
དེ་ན་ཐམས་ཅད་སྨྱོས་ཏེ་བདེན་རྫུན་མེད།།
སྨྱོན་པའི་རྒྱལ་ཁམས་བདེན་པའི་འཇིག་རྟེན་གཉིས།།
ནམ་མཁའ་གཅིག་གི་ཀློང་ལ་མཉམ་དུ་ཤར།།
བསྟན་མེད་བརྗོད་མེད་ནམ་མཁའི་ཀློང་དཀྱིལ་ན།།
དབྱངས་ཅན་མ་ཡི་བྱིན་རླབས་དངོས་གྲུབ་ཡོད།།
ཐོགས་མེད་ཟང་ཐལ་འགྲོ་བའི་རྟོག་འགྱུ་ལ།།
ཡུལ་མེད་ལྷག་གེར་མཐོང་བའི་ལྟད་མོ་ཡོད།།
རྒྱ་མཚོ་བྲག་ལ་བརྡབས་ཀྱང་ནམ་མཁའི་ཀློང་།།
རྣམ་རྟོག་འབར་བར་གྱུར་ཀྱང་ནམ་མཁའི་མཐོངས།།
སྙན་ངག་ཀྱང་ནི་ནམ་མཁའི་ཀློང་ན་བྱུང་།།
ནམ་མཁའི་ངང་དུ་སླར་ཡང་གཟིམས་པར་འགྱུར།།