རྨད་བྱུང་ཉི་ཟླ་ཟུང་གི་བྱིན་རླབས་འོག།
ཐུགས་རྗེ་འོད་ཀྱི་སྣང་བ་འབུམ་བཀྱེས་ཤིང་།།
སྟོང་ཕྲག་སྨོན་ལམ་བསྔོ་བའི་དང་རྟེན་ལ།།
བསོད་ནམས་སྟོབས་ཀྱིས་དངོས་གྲུབ་དཔལ་བརྙེས་ཤོག།
སྙན་པའི་ཚིག་གི་སྦྱོར་བ་བདུད་རྩིའི་ཆར།།
འབེབས་མཛད་དཔལ་ལྡན་བླ་མའི་ཞབས་ལ་འདུད།།
ཐུབ་བསྟན་འོ་མཚོ་རྒྱས་པའི་རྟེན་འབྲེལ་ལ།།
ཆོས་སྐུ་པདྨོའི་འཕྲིན་ལས་རྒྱས་གྱུར་ཅིག།
གནམ་ལ་བསོད་ནམས་སྟོབས་ཀྱི་ཉི་ཟླ་ཤར།།
ས་ལ་རྟེན་འབྲེལ་བཀྲ་ཤིས་གཡས་སུ་འཁྱིལ།།
མི་ལ་ཕུན་ཚོགས་ཕྱྭ་གཡང་དཔལ་དུ་བཞད།།
སྙན་པའི་གྲགས་པ་འབྲུག་སྟོང་ལྡིར་བ་དང་།།
ས་གསུམ་ཁྱོན་ཀུན་འགེངས་པའི་དག་ཞིང་འདིས།།
སུམ་བཅུ་རྩ་གསུམ་གནས་ལ་སྐྱེངས་པ་སྟེར།།
བྱང་ཆུབ་སྙིང་པོའི་སྒྲུབ་པ་ལྷུར་ལེན་ཞིང་།།
ཡེ་ཤེས་ཏིང་འཛིན་རྒྱ་མཚོའི་བང་རིམ་ལ།།
མཚན་དཔེ་དཔལ་འབར་མཆོག་གི་ཞིང་ཁམས་འདིས།།
བརྒྱ་བྱིན་ཁང་བཟང་དམན་ལ་རབ་བཀོད་ཅིང་།།
གངས་ལྗོངས་སུམ་རྩེན་གཉིས་པའི་མཚན་འཛིན་པ།།
རྟགས་བརྒྱད་རི་མོ་སྡུག་གུར་བཞད་པ་དང་།།
བསྟན་པའི་མཛད་འཕྲིན་དབྱར་མཚོ་རྒྱས་པ་ཡི།།
གནས་མཆོག་ཉི་མ་བླ་བྲང་ཀྲོང་ངེར་འགྱིང་།།
རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡི།།
བསྟན་པའི་ཉི་ཟེར་ཕྱོགས་བཅུར་འཕྲོས་པའི་མཐུས།།
སྐལ་ལྡན་གདུལ་བྱའི་སྒོ་གསུམ་དག་ཕྱིར་དང་།།
ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་རྒྱས་ཕྱིར་དུ།།
མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་བ་རུ།།
ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྒོ་གླེགས་ཕྱེས།།
རྟེན་འབྲེལ་རི་མོ་བཀྲ་བའི་ཉིན་འདི་ཚོར།།
རིགས་རུས་དབྱེ་མེད་བོད་རྒྱ་སོག་གསུམ་དང་།།
སྐྲ་སེར་མིག་ལྗང་རྒྱལ་ཕྱིའི་མི་སྣ་སོགས།།
ཕྱོགས་ཀྱི་མགྲོན་པོ་སྐར་མའི་མགུལ་རྒྱན་བཞིན།།
ཐུབ་བསྟན་བདེ་འབྱུང་གཙུག་རྒྱན་ཡོངས་བསྐོརད་ཅིང་།།
ན་རྒས་གྱོལ་པོ་དད་པའི་ལག་རྟེན་ལ།།
བསྙེས་པའི་མཐུ་ཡིས་ཕྱག་དང་སྐོར་བར་རེམ།།
མདུན་རིའི་གོས་སྐུ་ཐང་ཆེན་ཡངས་པོ་རུ།།
ཆོས་ཀྱི་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡི།།
མཁྱེན་བརྩེའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས།།
སྐུ་ཡི་བཀོད་པ་འཇིག་རྟེན་ཁམས་སུ་འཁྲུངས།།
བྱམས་དང་བརྩེ་བའི་སྤྱན་ཟུང་འཛུམ་མེར་བཞད།།
ཐུགས་རྗེ་ལྕགས་ཀྱུས་འགྲོ་དྲུག་བདེ་བར་འདྲེན།།
ཀུན་ཏུ་བཟང་བོ་སླར་ཡང་གནས་འདིར་བྱོན།།
བྱིན་གྱིས་བརླབས་པའི་མཛད་འཕྲིན་མཁའ་ལས་ཡངས།།
ཚེ་བསོད་རླུང་རྟ་དར་བའི་རྟགས་མཚན་དང་།།
མི་འདོད་བགེགས་རིགས་འཇོམས་པའི་དན་རྟགས་ཡིན།།
རིན་ཆེན་གཙུག་ལག་ཁང་གི་རྒྱ་ཕིབས་ལས།།
གསེར་གྱི་གཟི་འོད་ས་སྟེང་ཡོངས་ཁྱབ་ཅིང་།།
ཉིན་མོའི་མགོན་ཡང་སྐྱེངས་པའི་ཚུལ་བཟུང་ནས།།
ཡུད་ཙམ་ཆུ་འཛིན་གསེང་ནས་བཞའ་ཙམ་བྱས།།
འདྲེན་བྱེད་མིག་གི་བསོད་ནམས་དམན་པའི་ཕྱིར།།
གཟི་འོད་བཀྲག་མདངས་ཅན་ལ་བལྟ་མི་བཟོད།།
མི་ཞུགས་ཚོགས་ཆེན་འདུ་ཁང་རབ་བརྗིད་པའི།།
མདུན་གྱི་ཐང་ཆེན་ཡངས་ཤིང་བདེ་བའི་ཀློང་།།
འཆམ་གྱི་མཛེས་པ་ལྷ་ཡི་གར་དུ་འཁྲུལ།།
དྲན་པའི་སྙེ་མ་ཞིང་འདིར་བྱོན་པར་རིགས།།
ཡིད་ཀྱི་དང་བ་སེམས་ཀྱི་གསེང་ནས་བཞད།།
ཡིད་ཆེས་སྤང་ལ་དད་པའི་མེ་དཔུང་མཆེད།།
སྒོ་གསུམ་གུས་པའི་དང་རྟེན་བྲག་ལ་ཟུག།
ཡར་ངོ་ཆུ་ཤེལ་དཀྱིལ་འཁོར་རབ་རྫོགས་ཉིན།།
རྟེན་འབྲེལ་སྟོང་གི་ཕུན་ཚོགས་ཕྱྭ་གཡང་འཁོར།།
རྨད་བྱུང་ངོ་མཚར་སྟོང་གི་སྒྱུ་འཕྲུལ་བཞིན།།
ས་ལ་མེ་ཏོག་འབུམ་གྱི་འཇའ་གུར་ཕུབ།།
བི་ཤྭ་ཀརྨའི་མཐུ་ལས་བཞེངས་འདྲའི་དཔྱིད།།
བསྐལ་བ་སྟོང་གི་རྒྱལ་བ་སངས་རྒྱས་བཅས།།
དག་པའི་ཞིང་འདིའི་ལྗོངས་སུ་ཕྱག་ཕེབས་མཛད།།
མི་ངོ་ལྷ་ངོ་འཕྲད་པའི་སྐལ་བཟང་སྨིན།།
ཚེ་ལ་བསོད་ནམས་སྟོབས་ཀྱི་དཔལ་བརྙེས་པའི།།
དད་ལྡན་ཁྲི་མ་འབུམ་གྱི་འདོད་མོས་བསྐངས།།
ལས་འབྲས་དཀར་ནག་གསལ་བའི་མེ་ལོང་ལས།།
རྒྱུ་འབྲས་རྒྱ་མར་ཡོ་གཟུར་མེད་པར་མདོག།
རྣམ་འདྲེན་ལྔ་བ་བྱམས་པ་མགོན་པོའི་སྐུ།།
གླིང་སྐོར་གདན་འདྲེན་མཛད་པའི་ཆོ་ག་ལ།།
ཏིང་ཤག་རྔ་སྦུབས་སིལ་སྙན་རབ་དཀྲོལ་ཞིང་།།
ཆོས་དུང་དཀར་པོའི་སྙན་ཆ་ངང་གིས་ཕྱེས།།
བདུག་སྤོས་དྲི་བསུང་མཚོ་སྤྲིན་རྒྱས་པའི་དཔལ།།
གསུང་ཆོས་སྒྲ་དབྱངས་སྒྲོགས་ཤིང་དང་བ་འདྲེན།།
ས་བཅུའི་དབང་ཕྱུག་མི་ཕམ་མགོན་པོ་མཆོག།
བསྟན་པ་འཆར་བའི་རྟེན་འབྲེལ་སྨོན་ལམ་འགྲིག།
བདེ་ལྡན་ཐར་བའི་ལམ་ལ་འདྲེན་མཛད་ཅིང་།།
ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་མཚན་ཡིན།།
ཀླུ་དབང་རྒྱལ་བོའི་བང་མཛོད་གཏམས་པ་ཡི།།
རིན་ཆེན་གཏེར་མཛོད་ཕྱེས་འདྲའི་ནོར་རྫས་དག།
ཀུན་གྱི་སྤྱན་ཟུང་འཛུམ་པའི་བདུད་རྩི་དང་།།
ཡིད་ཀྱི་དང་བ་འདྲེན་པའི་གཡང་རྟེན་ཡིན།།
ལྗོངས་འདིར་ཕུན་ཚོགས་དགེ་ལེགས་ཡོངས་སྨིན་ཅིང་།།
རྣམ་དཀར་དགེ་ལ་ཕྱོགས་པའི་མཆོད་སྤྲིན་རྒྱས།།
དད་པའི་སྟོབས་ཀྱི་རྦ་རླབས་དྲག་གཡོས་པས།།
གདན་རབས་ཀུན་ཏུ་གནས་འདིའི་རྗེས་འཇུག་ཅིང་།།
ཕྱོགས་བཞིའི་ཞིང་གི་རྒྱལ་བ་སྲས་བཅས་ཀྱི།།
དམ་ཆོས་མཐའ་དག་འཛིན་པའི་རྒྱུ་རུ་བསྔོ།།