ཤུགས་ཀྱིས་གཡུག་པའི་མཚོན་ཆ་དེ་དག
སྐད་ཅིག་ཉིད་ལ་རང་སེམས་རྩིགས་པའི་ངོས་སུ་ཟུག
ལོ་ནས་ཟླ་ལ་ནན་གྱིས་བྲིས་པའི་ཐང་ག་དེ་རུ།
གླག་རྒོད་ཀྱི་ཁྲག་གི་མིག་ཆུ་ཆལ་ཆིལ་ས་རུ་ཟགས།
ང་ཡིས་རང་ཉིད་མཚོན་པའི་གཞས་ཆུང་འགའ་ཞིག
སྐྱོ་བ་སྙིང་ལ་བརྒྱབ་ནས་ཡུན་རིང་བཏངས།
ཡིད་ཀྱི་དཀྱིལ་འཁོར་དབུས་སུ་བཞེངས་པའི།
སྟག་གཟིག་དེ་དག་གློ་བུར་ཚང་ཚིང་ནགས་སུ་ཞོགས།
ཧབ་ཆ་རིང་མོས་གནམ་ས་སྒུལ་བའི།
སྲིན་མོ་དེ་ཡང་སྐད་ཅིག་མི་མཐོང་དབྱིངས་སུ་ཡལ།
ཁྱོད་རང་སེང་གེའི་གཟུགས་ཀྱིས་དར་ཅིག་ཕྱི་རུ་མངོན་ཡང་།
གད་རྒྱངས་དག་ནི་སྦུབས་སུ་ཞུགས་པའི་གཙང་བོ་བཞིན།
བདག་གིས་ཡུན་རིང་བསྒུགས་པའི་མེ་ལྕེ་དེ་ཡིས།
སུ་དང་གང་ཡང་མ་ཚིག་རང་སེམས་རྩྭ་སྐྱ་མེ་ལ་བསྒྲོན།
2022.7.15
དོ་ནུབ། ང་གཏེར་ལེན་ཁ་བརྒྱུད་ནས་བུད་སོང་།
མཚན་གུང་ཆུ་ཚོད་གཉིས་པ་ཡས་མས་ཀྱི་གཏེར་ལེན་ཁ་ནི།
མུན་པ་ཕྱེད་ཙམ་དང་ཟླ་འོད་ཕྱེད་ཙམ་གྱིས་བཟུང་འདུག
གང་ནི་ཧེ་ཙི་སོང་ས་དང་གང་ནི་སྙིང་སྡུག་ཡོད་ས་ཡིན་པ་ཡང་མ་མཐོང་བར།
ང་རང་ཤར་སྐྱོད་མེ་འཁོར་འདིས་དྲུད་ནས་མདུན་ཕྱོགས་སུ་ཤོར།
མཇལ་པ་སྐོར་ཅིག་གིས་གཏེར་ལེན་ཁར་སླེབས་བྱུང་ཞེས་བརྗོད་པ་དེས།
ངས་ཁ་ཆད་ལྟར་གཡོན་ངོས་ཀྱི་སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས་ཏེ།
འཇིག་རྟེན་འདིའི་ཆེས་རིང་བའི་རྔམ་པ་ཞིག་དབང་མེད་ཤོར།
ཕྱིར་མིག་ཅིག་ལྟ་དུས།
དྲན་པ་ནི་སེམས་སུ་བཞད་པའི་ཆེས་སྙི་བའི་ཁ་དོག་དེ་ཡིན་པ་ཚོར།
ཡོད་ཚད་མག་མོག་ཏུ་གྱུར་ནས་སིལ་བར་ཐོར་གྱིན་འདུག
གློ་བ་ནད་པ་ཞིག་དང་མཁལ་མ་རྨས་མ་ཞིག་ལས་མེད་ཀྱང་།
རྒྱང་རིང་དང་ཁེར་རྐྱང་སྙན་ངག་ལ་ཕུལ་བའི་གཏེར་ལེན་ཁ་ཡིས།
གྲང་རླུང་ཤུར་ཤུར་ཁྲོད་དུ། མུན་པ་ཟ་ཟིའི་དབུས་སུ།
ངའི་རྣ་སྒོ་རུ་མགྲིན་པ་བཞག་ནས་ཡུན་རིང་བསྡད་རྗེས།
སྐད་ཆ་ཡོད་ཚད་རང་ཉིད་ཀྱིས་ཕྱིར་ཁྱེར་སོང་།
མཚན་མོ་ཡོད་ཚད་གཅིག་ཏུ་བསྡུས་པའི་སྨག་རུམ་བརྒལ་ནས།
དོ་ནུབ། ང་གཏེར་ལེན་ཁ་བརྒྱུད་ནས་བུད་སོང་།
མེ་སྟག་ལ་ཕུལ་བའི་སྙན་ངག་གསུམ་པ།
དགུན་ཁ་ལྔ་བཅུ་རྩ་གཉིས་ལ།
ཐ་སྙད་ཁོ་ནས་མེ་ཁ་གསོས་ཏེ།
ཉིན་གྱི་ཟས་དང་མཚན་གྱི་མུན་པ་བརྒལ་བའི།
ཆང་དང་སྙན་ངག་གི་མཆོད་རྟེན་དེ།
ད་ལྟ། རང་གི་ཁེར་རྐྱང་གི་ནང་དུ་ཆོབས་སེ་འགྱེལ་སོང་ངམ།
འཆི་བ་བརྒྱུགས་ནས་ཡོང་གིན་པ།
སྔ་མོ་ནས་མཐོང་ཡང་།
གསོན་པའི་ཞལ་ངོར་མུན་པ་མ་བསུས་པའི།
དྭངས་བསིལ་བསིལ་གྱི་ཟླ་བ་གཞོན་ནུ་དེ།
འཇིག་རྟེན་འདི་ཕྱིའི་མཚམས་ན་ཇི་འདྲའི་དྭངས་ཤིང་མཛེས།
རྨ་ཆེན་གངས་འདབས་ཀྱི་སྨུག་པའི་ནང་།
རང་གི་ང་རྒྱལ་བྱོ་བའི་རྒྱལ་སྲས་དེ།
ད་ལྟ། རྨ་རྒྱལ་སྦོམ་རས་ཁྲིད་སོང་ངམ།
ལྷ་དང་གཞི་བདག་གི་ཚོགས་ལ་ཡང་།
འཇིག་རྟེན་འདིའི་ཆེས་གཙང་བའི་སྙན་ངག་མཁོ་བྱུང་ངམ།
ཀྱེ། བདག་གི་རྒྱལ་སྲས་ལགས།
དགུན་ཟླ་བཅུ་བའི་གཞུང་ལ།
ང་རང་ས་སྲོད་ཀྱི་སྒེའུ་ཁུང་ཁར་བཙོག་ནས།
ཉི་ནུབ་ལ་ལྟ་རྒྱུར་དགའ།
རྒྱང་རིང་གི་རི་ཚོགས་དང་སྤྲིན་པ་དེ་དག་ནང་བཞིན།
ཁ་རོག་གེར་འགྲེང་འདུག་རྒྱུར་དགའ།
ས་སྲོད་དེའི་ཞལ་ངོར་བཞད་པའི་རྒྱབ་གཟུགས་དེ།
ངས་ད་ལྟ་ད་དུང་གསལ་ལེར་མཐོང་ཐུབ་གིན་འདུག
རྨི་ལམ་གྱི་སྣེ་གཉིས་སོ་སོར་གས་པའི་བཞི་མདོ་དེ་རུ།
ང་རང་ཁ་རོག་གེར་ཡུན་རིང་འགྲེང་བསྡད་ན་བསམ།
གཞས་ཆུང་རེ་འགའ་ཤུགས་ཀྱིས་གཏོང་དུས།
སེམས་པ་སྨྲེང་ནས་ཡོང་གིན་འདུག
འཁྱག་ཤུར་ཤུར་གྱི་དྲན་པ་འདིའི་སྣེ་རུ།
སུ་ཞིག་དར་ལྕོག་བཞིན་ལྷབ་ལྷུབ་སྐྱོད་ཀྱིན་ཡོད་དམ།
བཞད་འཕྱི་བའི་ཨུ་དུམ་ཝ་ར་དེའི།
ཤ་ངུ་ལྤགས་ངུའི་མིག་ཆུའི་ཐིགས་པ་རེ་རེ།
ས་སྲོད་འདིའི་ཉི་ནུབ་ནང་ཟགས་ཤིང་།
ཧབ་ཆ་དང་རྩེད་དགོད་ཀྱི་དབྱིངས་ནས།
ག་ལེར་ངའི་ཡ་ཆུང་གི་གཏིང་ལ་སིམ་སིམ་བབས།
2021.12.16ཕྱི་དྲོ།