གཙང་པོའི་འཕྲེད་གཞུང་བཅད་པའི་རི་བོ།
རི་བོ་མཐོ་དྲགས་པས་ཉི་ཟླའི་བྱོན་ལམ་བཀག་འདུག
གཙང་པོའི་རབ་ཁ་བཅད་པའི་ཕ་རོལ་དུ།
གླག་མིག་རྒྱང་དུ་བསྲིངས་ཀྱང་མཐོང་ལམ་རི་བོས་བཀག་འདུག
སེམས་ཀྱི་ཀོ་གྲུས་གཙང་པོའི་འཕྲེད་གཞུང་བཅད་ན།
དེའི་ཕ་རོལ་དུ། རི་བོ། ཡང་ན། རི་བོ་ལྟ་བུའི་སྒྲིབ་ཡོལ།
རྨོངས་པ་ངོ་མཚར་སྐྱེ་བྱེད་ཀྱི་སྒྱུ་མའི་སྔགས་རྫས་ཨེ་ཡོད།
མིག་གི་ར་མདར་སེམས་པ་སྦྲན་པའི་འཇིག་རྟེན་གྱི་ཁོལ་པོ།
རྟོག་པའི་ར་བ་བརྒལ་བའི་ཕྱི་རོལ་དུ།
ཐ་སྙད་ཀྱི་ནགས་ཚལ་དུ་སྙིང་རྗེའི་སེང་གེ་ཨེ་ཡོད།
མི་ཚེ་གང་ལ་བརྒལ་མ་མྱོང་བའི། དེའི་ཕ་རོལ་དུ།
ཡང་སྙིང་ཅི་ཞིག་ཡོད་དམ།
2021.11.7
སྒོ་ར་རྙིང་པ།
ཉི་འོད་ཀྱིས་འཇམ་ཤ་ཐོན་པའི་རྨོ་བོའི་སྐྲ་ལོའི་ལྗོན་པ།
ལྗོན་པའི་གཡུ་ལོ་དཀྲིགས་པའི་སེམས་ཀྱི་བྱ་ཁྱུའི་ཚང་མལ།
རྨོ་བོས་མི་ལོ་ག་ཚོད་ལ་བགྲངས་ཏེ་ཟད་པའི་སེན་མོའི་ཉག་ཁའི་ཀློང་།
ཆོག་ཤེས་དང་ཞི་བས་འཚོས་ཏེ་མི་ལོ་ག་ཚོད་འགོར།
ལས་ཀྱི་རླུང་བུས་གཡོབ་པའི་ལྗོན་པའི་རྩ་ལག
རླུང་བུའི་ལག་པས་བྱིལ་བའི་ཉི་མའི་བུ་ཆུང་།
སེར་ལམ་ལམ་གྱི་ཉི་མའི་བུ་ཆུང་སྡོང་རྩར་ཟགས་དུས།
སྒོ་ར་རྙིང་པའི་རྡོ་གཅལ་གཡུ་དཀར་མེ་ལོང་འདྲ།
མ་ཎི་ཡིག་དྲུག་མཐོང་དུས་རྨོ་བོ་འཛུམ་བྱུང་།
སྒོ་ར་རྙིང་པ་མཐོང་དུས་འགྲོ་དྲུག་སྐྱིད་སོང་།
སྲོད་དུ་ཁ་ཆར་བུ་ཡུག་མ་འཚུབ།
ཐོ་རེངས་བཙག་དང་བསེར་བུས་མ་གཙེས།
སྒོ་ར་རྙིང་པ། རྨོ་བོའི་མཚན་ལམ་རིང་མོར་རྨིས་པའི་སྒོ་ར་རྙིང་པ།
ཉི་འོད་ཀྱིས་འཇམ་ཤ་ཐོན་པའི་རྨོ་བོའི་སྐྲ་ལོའི་ལྗོན་པ་ཨང་།
2022.2.23
སྲོད་དུ།
ཉི་ནུབ་མཚམས་སུ་བྱ་ཁྱུ་ཚང་མལ་དུ་ལོག་སོང་།
རི་བོའི་གྲིབ་མས་སྐྱིད་ཆུའི་འཕྲེད་གཞུང་བཅད་འདུག
བདག་གིས་གྲུ་ཁ་འདིར་གླུ་བའི་རྒྱལ་སྲས་སུ་ཞིག་ལ་བསྒུག་ཆོག
ལོ་ངོ་སྟོང་ཕྲག་ལ་རྨིས་པའི་རྨི་ལམ།
ཟླ་བའི་གཙང་པོ་བྲུག་པ་ནང་བཞིན།
སུ་ཞིག་གི་སེམས་ཁོང་དུ་ནར་སོན་པ་ནས།
བུམ་པ་རི་ལྟར་རྔམ་བརྗིད་ཀྱིས་འགྱིངས་འདུག
གནས་མོ་ལགས། གཉན་དཔོན་གྱི་ངག་ལ་ཉོན།
མདང་སུམ་རྨིས་པའི་རྨི་ལམ་ཁོག་གང་སྦས་ཏེ།
ཞག་གསུམ་འདྲིས་པའི་བྱམས་པའི་རྟ་ཁ་བླངས་ཏེ།
ཀོ་གྲུ ཀོ་གྲུ ལས་ཀྱི་ཀོ་གྲུ་ཆུ་མོའི་གཞུང་ལ་ཐོངས།
གནས་མོ་ལགས། ལྟོས།
གཡུ་ཆུང་དྲུག་དཀར་ལྟ་བུའི་བྱམས་པ་ཤར་རིའི་རྩེ་ནས་བྱོན་བྱུང་།
ཁྱོད་ཀྱིས་འགྱུར་མེད་དམ་ཕྲུག་རང་སེམས་དམར་པོར་སྐྱོན་རོགས།
2021.9.18