སེམས་ཀྱི་མས་སྣེ།
མཐིང་མདོག་གི་རྨི་ལམ་དང་འདྲེས།
ནམ་མཁའ་དང་གཙང་བོ་མཉམ་དུ་འདྲེས་སྟངས་ནི།
ང་དང་ཁྱེད་འདྲེས་སྟངས་ཤིག་ཡིན།
ཆུ་རྡུལ་རེ་རེའི་ནང་སེམས་ལ་འཁོར་བའི།
སེར་ལམ་ལམ་གྱི་བྱ་ཁྱུ་དང་དེའི་གཤོག་རྩལ།
ཁ་ཁུ་སིམ་མེར་ལྷ་སྒྲུང་དུ་གྱུར།
སྤྲིན་པ་ཁ་ཤས་རླུང་གིས་རྒྱང་རིང་དུ་ཁྱེར་སོང་།
ཤུལ་དུ་ལྷག་པའི་ལོ་མ་འགས་སྟོན་ཀ་མཚོན་མི་ཐུབ་ཀྱང་།
ཧ་ཅང་དལ་བའི་དུས་ཚོད་འདིའི་ནང་།
ང་རང་སླར་ཡང་ཁེར་རྐྱང་གིས།
ཕྱེ་ལེབ་ཀྱི་གར་སྟབས་མཛེས་པའི་ཁྱེད་ཀྱི་སྟོན་ཀའི་ནང་ཞུགས།
གཙང་བོ་ནི་དུས་ཚོད་ཀྱི་གཙང་བོ་སྟེ།
དུས་གསུམ་གྱི་རྨི་ལམ་ཐམས་ཅད་ཁྱུར་མིད་བྱེད།
མཛེས་སྡུག་ཡོད་ཚད་ལ་མི་རྟག་པ་ཞེས་འདོགས་དུས།
ཀོ་གྲུ་མེད་པའི་རབ་ཁ་འདིར་བསྡད་དེ།
ཁྱེད་སླར་ཡང་གླེང་དགོས་བྱུང་།
ཨ་རིག་ཟེར་བའི་ལྷ་ཁང་དེ།
སྐྱེས་ཆེན་ཞིག་གིས་མི་འགྱུར་གཟེར་དུ་བཏབ་པའི།
བླ་སློབ་ཀྱི་དམ་ཚིག་ལ་ལྷད་མ་ཞུགས་པའི།
ལོ་ཟླ་སྔར་བཞིན་ལྷིང་འཇགས་ལ་བསྟིམས་པའི།
ཨ་རིག་གི་མཚེར་ཤུལ་ལྟར་ལུས་པའི།
ཁེར་རྐྱང་། ཆེས་ཁེར་རྐྱང་གི་ལྷ་ཁང་།
སུ་ཞིག་གིས་རྨ་ཆུའི་རབ་ཁ་ནས་རྡོ་བའི་མཛད་པ་དྲན།
སུ་ཞིག་གིས་རྨ་ཆུའི་མཆོད་པ་སེམས་ཀྱི་བུམ་ཆུང་དུ་བསྐྱིལ།
རྒྱང་དུ་བདས་པའི་ལང་ཚོའི་རི་མོ།
མཐའ་མཇུག་གི་དར་ལྕོག་གིས་རླབས་ངོས་སུ་ཡང་ཡང་འབྲི་དུས།
དྲན་འཛིན་གྱི་རི་མོ་ཇེ་གསལ་དུ་གྱུར།
ཕྱི་མིག་ལམ་ནས་བསྐྱུར་མ་བཟོད་པའི་ལྷ་དང་ལྷ་མོ།
ལོ་ངོ་ག་ཚོད་ལ་རབ་ཆུའི་གདངས་སུ་ཞུགས།
ཆུ་དང་རྡོ་བ། ས་སེར་དང་རབ་ཆུ།
ཁ་སང་དང་དེ་རིང་གི་མཚམས་སུ།
མིང་མེད་པའི་ཞོགས་པ་བསུ་མཁན་དེ།
ཨ་རིག་ཟེར་བའི་ལྷ་ཁང་དེ།
ཨ་རིག་ཟེར་བའི་མེས་པོ་དེ།
2023/1/30མགོ་མང་།