གམ་དུ་སྟེས་དབང་གིས་འགྲེང་འདུག་དུས།
ཅི་ཡང་མི་ཚོར་བ་ལྟ་བུའི་རྣམ་པ་རེ་རེས།
ང་ཚོའི་བར་གྱི་འབྲེལ་ཐག་མང་པོ་ཞིག་ཆད་འགྲོ་བས།
དུས་ཚོད་དང་མི་ཚེ་ལ་མནོ་བསམ་བཞེས་རོགས།
ང་ལ་སྐྱེ་འཆི་གཅིག་ལས་མེད།
སྐམ་རིད་དུ་མ་སོང་བའི་བརྩེ་བའི་མེ་ཏོག་དེ་དག
ཤེས་རབ་ཀྱི་ས་གཞི་ལས་སྐྱེས་པ་ཤ་སྟག་ཡིན་པར་སྨོན།
གལ་ཏེ། འདོད་ཡོན་དུ་སྐྱེས་པའི་རྩྭ་ལྗང་ཡིན་ན།
ངས་མ་འོངས་པར་བསམ་བློ་མི་གཏོང་།
དེ་བས་དུས་ཚོད་ལ་དམ་འཛིན་བྱེད་རོགས།
ང་ལ་སྐྱེ་འཆི་གཅིག་ལས་མེད།
འཁྱག་སིབ་སིབ་ཀྱི་འཚོ་བ་དང་།
ཡང་ན་ལྗིག་ཏིག་ཏིག་གི་འཁོར་བ་ཞིག་བརྒྱུད་དགོས་ཀྱང་།
བྲང་ཁོག་ལ་འཕར་ལྡིང་བྱེད་བཞིན་པའི་སྙིང་ཆུང་དེ།
དཀར་གཙང་གཙང་ཞིག་ཡིན་ན།
ང་རང་འཇིག་རྟེན་གྱི་དཀའ་ངལ་ལ་འཇིགས་སྐྲག་མི་སྐྱེས།
དེ་བས་ཁྱེད་ཀྱི་ནང་སེམས་ངོ་མ་དེ་མྱུར་དུ་ཤེས་ན་འདོད།
ང་ལ་སྐྱེ་འཆི་གཅིག་ལས་མེད།
ལྗན་ལྗིན་མིན་པའི་འཚོ་བའི་ནགས་ཚལ་དུ།
ཁ་ཁུ་སིམ་པའི་སྡོད་ཚུལ་ཞིག་ངས་ཤེས་ཡོད།
ཁྱོད་རང་འཚོ་བའི་ནང་དུ་གོམ་པ་སྤོས་བར་མོས་ཚེ།
སྦ་གསང་གང་ཡང་མེད་པར་ཤོག་དང་།
འུ་གཉིས་འོ་ཆུ་འདྲེས་པ་ནང་བཞིན།
སོས་དལ་གྱི་འཚོ་བའི་ནམ་མཁའི་འོག་ཏུ།
ལྷིང་འཇགས་ཀྱི་ཉི་འོད་ལྡེ་བཞིན་འདུག་ཆོག་ཨང་།
ང་ལ་སྐྱེ་འཆི་གཅིག་ལས་མེད།
2021.12.19ལ།
འཕྲལ་གྱི་སྐྱིད་སྣང་།
ཁྱོད་ཀྱི་གསལ་ལ་མི་གསལ་བའི་རྣམ་པ་དེ་ཡིས།
ང་ཡི་སེམས་སུ་སྔར་མེད་ཀྱི་འོད་ཟེར་མཆེད།
འོད་ཟེར་དེ་ནི་བརྩེ་བའི་འོད་ཟེར་ཡིན།
དེ་ཡང་ཤིན་ཏུ་མཛེས་པའི།
མདོག་སྣ་ཚོགས་ལས་གྲུབ།
འདུ་འཛིའི་གྲོང་ཁྱེར་དུ་གནས་བཅས་པའི་འབུ་སྲིན་དེ་ཚོ།
འཕྲལ་གྱི་སྐྱིད་སྣང་ལ་ཆགས་ཏེ།
སེམས་ཀྱི་གཙང་བོ་མཐའ་དག
ཕྱོགས་དང་ཕྱོགས་སུ་དྭངས་པར་བྱས།
ཡིན་ཡང་། གློ་བུར་བའི་འཕྲལ་རྐྱེན་དེ་ཡིས།
སྔར་གྱི་སྐྱིད་སྣང་དེ་དག་རྩྭ་ལྗང་གི་ལོ་མ་གས་པ་ལྟར།
ཡང་ན། བསུབས་ཟིན་པའི་གྱང་གི་རི་མོ་ལྟར།
མཐོང་སྣང་ནས་ཡལ་འགྲོ་བཞིན་འདུག
དེ་བས་བདག་གི་བརྩེ་བའི་གླིང་ག་འདིའམ།
ཡང་ན་ངེད་ཀྱི་བརྩེ་བའི་གླིང་ག་འདི།
སྨྲ་བསམ་བརྗོད་པ་ལས་འདས་པའི་སྐྱེད་ཚལ་ཡངས་མོ་ཞིག
གནས་འདི་རུ་ཁུ་སིམ་གྱི་ཟླ་འོད་དང་།
ལྷིང་འཇགས་ཀྱི་ཉི་འོད་ཕྱོགས་བཞིར་འཕྲོས་ཡོད།
2022.7.11ལ།