མིང་ལ་རྒྱ་སེ་རུ་འབོད་པའི་བུ་མོ་དེ་དྲན་དུས་ནི་ང་ཏག་ཏག་གཏེར་ལེན་ཁར་འགྲོ་བའི་མེ་འཁོར་དུ་བསྡད་ཡོད། དེ་ནི་ང་གཏེར་ལེན་ཁར་འགྲོ་ཐེངས་གཉིས་པ་ཡིན། གཏེར་ལེན་ཁར་མ་སོང་སྔོན་དུ་ང་མེ་འཁོར་ལ་བསྡད་མྱོང་མེད། རྒྱུ་མཚན་དེའི་དབང་གིས། མེ་འཁོར་དུ་འདུག་རྒྱུ་ནི་ང་ལ་མཚོན་ན་ཚོར་སྣང་གསར་བ་ཞིག་གམ། ཡང་ན་བདེ་སྐྱིད་ཆུང་ཆུང་ཞིག་ཏུ་བརྩིས་ཡོད།
ལོ་རབས་བརྒྱད་ཅུའི་སྨད་ཅིག་ལ་རྒྱའི་སྙན་ངག་པ་ཧེ་ཙི་ལགས་མེ་འཁོར་དུ་བསྡད་དེ་གཏེར་ལེན་ཁར་འབྱོར་ཞིང་། དེ་གར《ཉིན་ཐོ》ཞེས་པའི་སྙན་ངག་ཅིག་བྲིས། ཨ་ཅེ/དོ་ནུབ་ང་གཏེར་ལེན་ཁ་ན་ཡོད/ཨ་ཅེ/དོ་ནུབ་ངས་མིའི་རིགས་ལ་སེམས་ཁུར་བྱེད་ཀྱིན་མེད/ཨ་ཅེ/དོ་ནུབ་ངས་ཁྱོད་ཁོ་ན་དྲན/འདི་ནི་སྙན་ངག་དེའི་ནང་གི་དུམ་ཚན་ཞིག་རེད། གོ་ཐོས་སུ་སྙན་ངག་འདི་ནི་ཧེ་ཙིས་རང་ལས་ལོ་ན་ཁ་ཤས་ཀྱིས་ཆེ་བའི་ཤིན་ཅང་གི་བུད་མེད་ཅིག་ལ་བྲིས་པར་སྨྲ་ཞིང་། སྙན་ངག་ཧྲིལ་བོ་དྲན་གདུང་གིས་ཀུན་ནས་བརླམས་ཡོད་པར་བལྟས་ན་ཁོ་གཉིས་ཀྱི་འབྲེལ་བ་སྤྱིར་བཏང་ཞིག་མིན་པ་ཤེས་ཐུབ། ཧེ་ཙིས་མོ་ལ་ཨ་ཅེ་ཞེས་སྙིང་ཉེ་བའི་འབོད་བརྡ་ཞིག་སྦྱར་བ་དེས་ལྷག་ཏུ་ཁོ་གཉིས་ཀྱི་བར་ན་བརྩེ་དུང་དམིགས་བསལ་བ་ཞིག་ཡོད་པའང་མཚོན་འདུག་སྙམ། སྙན་ངག་འདིའི་རྐྱེན་ནམ། ཡང་ན་ཧེ་ཙི་ཁོ་རང་ཉིད་ཀྱི་རྐྱེན་ནམ། གང་ལྟར། གཏེར་ལེན་ཁ་ནི་སྙན་ངག་པའམ་སྙན་ངག་ལ་དགའ་མཁན་གྱི་ན་གཞོན་མང་བོ་ཞིག་ལ་མཚོན་ན་མི་ཚེའི་འགྲུལ་བཞུད་ཁྲོད་ངེས་པར་དུ་བསྐྱོད་དགོས་པའི་སྙན་ངག་གི་རྫོང་མཁར་ལྟ་བུ་ཞིག་ཏུ་གྱུར་འདུག
1989ལོའི་དཔྱིད་ཀར། ཧེ་ཙིས་པེ་ཅིན་གྱི་ཧྲན་ཧན་ཀོན་ལྕགས་ལམ་སྟེང་རང་སྲོག་བཅད་ཅིང་། དེ་དུས་ཁོ་ཕོ་ལོ་ཉེར་ལྔ་ལས་བརྒལ་མེད། སྙན་ངག་པ་ཞིག་གི་འཆར་ཡན་གྱི་རྟོག་འགྱུ་དང་སྒྱུ་རྩལ་གྱི་སེམས་ཁམས་དེས་བཤད་ན། ཁོ་རང་གནམ་སྐས་ལ་བསྡད་དེ་ལྷའི་གྲོང་ཁྱེར་དུ་ཕེབས་སོང་བ་རེད། གང་ལྟར། ངས་ནམ་ཡང་ཧེ་ཙིའི་སྙན་ངག་གི་དད་མོས་དང་ལྷད་མེད་དྭངས་གཙང་གི་གཤིས་ཀ་དེར་བརྩི་བཀུར་དང་དགའ་ཞེན། ཡི་རང་བཅས་བྱེད་ཀྱིན་ཡོད། ཧེ་ཙིའི་སྙན་ངག་དང་འབྲེལ་བའི་འགྲུལ་བཞུད་མང་བོ་ཞིག་གི་རྐྱེན་གྱིས་ང་རང་ད་གཟོད་མེ་འཁོར་ལ་སྡོད་རྒྱུར་དགའ་བོ་བྱུང་བ་ཡིན་ལ། ཧེ་ཙིའི་ཤུགས་རྐྱེན་གྱིས་ངས་མེ་འཁོར་ནི་རྨི་ལམ་དང་རྒྱང་རིང་སྙེག་མཁན་གྱི་ཕུགས་བསམ་རིང་ལུགས་པ་ཞིག་ཏུའང་མཐོང་གིན་ཡོད།
རེད་དེ། འཚོ་བའི་ཁྲོད་ཀྱི་ངལ་དུབ་དང་སྡུག་བསྔལ་མཐའ་དག་མེ་འཁོར་ཟེར་བའི་འཕྲུལ་གྱི་ཐག་པ་རིང་མོ་འདིས་རྒྱང་རིང་ལ་འདྲུད་ཀྱིན་པ་ལྟ་བུའི་ཉམས་སྣང་དེས་ང་ལ་རྟག་པར་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་མོ་རེ་སྦྱིན་པར་བྱེད། ངས་སྒེའུ་ཁུང་ཕྱི་རོལ་གྱི་སྐྱ་ཐིང་ཐིང་གི་འབྲོག་ཐང་ལ་ལྟ་ཞོར་སེམས་པ་ཅི་ཙམ་གྱིས་སྐྱོ་ཐུབ་ན་དེ་ཙམ་གྱིས་སྐྱོ་རུ་འཇུག་གིན་ཡོད། འདི་ནི་ཧེ་ཙིར་འབོད་པའི་སྙན་ངག་པ་དེར་འབྲེལ་བ་ཡོད་ལ། རྒྱ་སེར་འབོད་པའི་བུ་མོ་དེར་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད།
ང་རང་ཐེངས་དང་པོར་གཏེར་ལེན་ཁར་འགྲོ་དུས་ནི་ན་ནིང་གི་དབྱར་ཟླ་ལྔ་བའི་ནང་རེད། དེ་དུས་ང་དང་རྒྱ་སེར་འབོད་པའི་བུ་མོ་དེའི་བར་ན་འགལ་བ་ཅི་ཡང་མེད། ངེད་གཉིས་ནི་འཇིག་རྟེན་སྟེང་ཆེས་མཐུན་པའི་མཛའ་བོ་མཛའ་མོ་གཉིས་རེད་ཅེས་སྨྲས་ཀྱང་མི་ཆོག་པ་མེད། ཟླ་བཞི་བའི་ཟླ་མཇུག་དེར་རྒྱ་སེས་ང་ལ་ཁ་པར་བཏང་འོང་སྟེ། ཁོ་མོ་མཐར་མ་ཕྱིན་བར་དུ་ང་རང་ངེས་པར་དུ་གཏེར་ལེན་ཁར་ཐེངས་གཅིག་ཡོང་དགོས་ཚུལ་གྱི་རེ་བ་ཞུས། རབ་ཡིན་ན་ཐེངས་དེའི་ངལ་རྩོལ་དུས་ཆེན་ལ་ཡོང་དགོས་ཚུལ་གྱི་རེ་བ་ནན་མོ་ཞུས། དེ་ལ་ངས་བསམ་བློ་མང་བོ་མ་བཏང་བར་ཐད་ཀར་ཁས་ལེན་བྱས་པ་ཡིན། གཅིག་ནི་ངས་མོ་ལ་བཅངས་པའི་བརྩེ་དུང་གིས་ཡིན་ལ། གཉིས་ནི་ཧེ་ཙིའི་སྙན་ངག་གི་རྫོང་མཁར་ལྟ་བུ་རུ་གྱུར་བའི་གཏེར་ལེན་ཁའི་ཆེད་དུའང་ཡིན། དེ་ལ་མོ་རང་ཤིན་ཏུ་དགའ་སྟེ། ང་གཏེར་ལེན་ཁར་མ་སླེབས་ཀྱི་བར་དུ་ཉིན་རེར་ཁ་པར་ཐེངས་བཞི་ལྔ་རེ་གཏོང་གི་ཡོད་ལ། དེ་ནི་མོ་ལ་མཚོན་ན་བདེ་སྐྱིད་ཀྱིས་ཕྱུག་པའི་རེ་སྒུག་ཅིག་རེད།
ཡིན་ནའང་། ཐེངས་འདིའི་འགྲུལ་བཞུད་ནི་དེ་ལྟ་བུའི་རེ་སྒུག་གི་ཁྲོད་ན་ཡོད་པ་ཞིག་མིན། ཟླ་གཅིག་གི་སྔོན་ལ་རྒྱ་སེ་དང་ངེད་གཉིས་དྲ་ལམ་ནས་ཁ་རྩོད་དྲག་པོ་ཞིག་ཤོར་ཞིང་། ཁ་རྩོད་དེའི་རྗེས་སུ་ཕན་ཚུན་གྱི་སྐད་འཕྲིན་མིང་ཐོ་ནག་པོའི་ནང་གཡུགས་ཏེ་གཏན་དུ་འབྲེལ་ལམ་བཅད་པ་ཡིན། འགལ་བ་རིགས་ཤིག་གམ་ཁོང་ཁྲོ་རིགས་ཤིག་ནི་སུས་ཀྱང་ཚོད་འཛིན་དང་ཐག་གཅོད་བྱེད་དཀའ་སྟེ། མིན། རྒྱ་སེ་ལ་དངོས་གནས་ཁག་ཡོད་པ་མིན། ལན་པ་ནི་ང་རང་གིས་ལན་པ་ཡིན། ཆང་གིས་ར་རོ་བར་གྱུར་རྗེས་ཀྱི་ངོ་གདོང་དང་སྐད་ཆ་དེས་ལན་པ་ཡིན། མདོར་ན་རང་ཉིད་ཀྱིས་དུས་ག་ཤེད་དུའང་གཅུན་ཐབས་མེད་པའི་སྙན་ངག་གི་སེམས་གཤིས་རྒོད་པོ་དེས་ལན་པ་ཡིན། གང་ལྟར། ད་ལྟ་ང་རང་གཏེར་ལེན་ཁར་འགྲོ་བཞིན་ཡོད། འདི་ནི་རྒྱ་སེའི་ཆེད་དུ་ཡིན་ལ། ཧེ་ཙིའི་ཆེད་དུའང་ཡིན་ཏེ། མདོར་ན་དུས་ཚོད་ཀྱིས་ལྷོག་ལྷོག་གདུ་བཞིན་པའི་རང་སེམས་ཀྱི་སྙིང་དམར་པོ་དེའི་ཆེད་དུའང་ཡིན་ནོ།།
སྔོན་མར་ང་རང་མེ་འཁོར་ལ་ཐོག་མར་སྡོད་དུས་དེར། པ་སེ་ཉོ་ཡ་དང་མེ་འཁོར་ལ་སྒུག་ཡ། འཁོར་སྒམ་ནང་འབུད་ཡ་སོགས་ཀྱི་བརྒྱུད་རིམ་ནི་དེ་འདྲའི་བབས་ཆགས་པོ་ཞིག་མ་བྱུང་། ཡིན་ནའང་། ད་ཐེངས་ང་རང་ཧ་ཅང་བདེ་བླག་གིས་མེ་འཁོར་ལ་འདུག་ཐུབ་སོང་། ལས་ཡག་པ་ཞིག་ལ་འདུག་སྟེགས་ནི་སྔོན་མ་ནང་བཞིན་སྒེའུ་ཁུང་གི་གམ་ཏག་ཏག་དེར་ཁེལ་འདུག ང་ཡི་གཡས་ཕྱོགས་སུ་ན་ཚོད་ཅུང་བགྲེས་པའི་ལས་བཟོ་བ་བཟའ་ཟླ་གཉིས་དང་། ཁ་གཏད་ན་བུད་མེད་གཞོན་སྐྱེས་ཤིག མོའི་གཡོན་ན་བུད་མེད་དར་མ་གཉིས་བཅས་བསྡད་འདུག མེ་འཁོར་འགུལ་ནས་ཏོག་ཙམ་འགོར་རྗེས་ངས་ཁ་པར་ནང་ལྟ་ཞོར་མཚམས་མཚམས་སུ་ཁ་གཏད་ཀྱི་བུད་མེད་གཞོན་སྐྱེས་དེར་བལྟས་ཤིང་། ཡང་མཚམས་མཚམས་སུ་བུད་མེད་དར་མ་དེ་གཉིས་ལ་བལྟས། ཡང་སྐབས་དང་སྐབས་སུ་སྒེའུ་ཁུང་ཕྱི་རོལ་དུ་བལྟས།
མེ་འཁོར་ནང་གི་འདུ་འཛི་དང་འུར་ཟིང་ནི་ལྷིང་འཇགས་ལ་དགའ་བའི་མི་ཞིག་གིས་གཟོད་ནུས་པ་ཞིག་མ་རེད་དེ། འཛེར་སྒྲ་ཆེ་ཞིང་སྐད་མགོ་མཐོ་བའི་མི་དག་གི་ལབ་གླེང་དང་། ཆད་མེད་དུ་གྲག་གིན་པའི་ཁ་པར་ནང་གི་སྒྲ་སྣ་ཚོགས་ཀྱིས་ང་རང་དར་ཅིག་ལ་དུབ་པར་བྱས་ཤིང་སྨྱོ་རུ་བཅུག དེ་ལ་ངས་ཡིད་མ་རངས་པའི་ཚུལ་གྱིས་ཧེ་ཙིའི་སྙན་དེབ་བླངས་ནས་བྲང་ལ་གླན་ཞིང་། རྣ་ལ་ཉན་ཆས་བཙུགས་ཏེ་མགོ་བོ་མར་དུད་ཙམ་གྱིས་མིག་ཟུང་དམ་པོར་བཙུམ་ནས་བསྡད། དེ་ནི་ང་རང་སྐྱུག་བྲོ་བའི་མི་རབས་འདིའི་བླུན་རྨོངས་དང་གསོབ་གསོབ། སྒེར་འཛིན་གྱི་འདུ་ཤེས་ཉི་ཚེ་བ་དག་དང་གཏན་དུ་གྱེས་སྟངས་ཤིག་ཡིན་ལ། རང་ཉིད་ཁོ་ནར་དབང་བའི་དུས་ཚོད་ཀྱི་མཛེས་སྡུག་ལ་གཅེས་སྤྲས་བྱ་སྟངས་ཤིག་ཀྱང་ཡིན། གང་ལྟར། རོལ་དབྱངས་ཀྱི་ལྷིང་འཇགས་དེའི་ཀློང་ནས་ངས་ཚོད་ཚོད་ལ་སྙིང་ཉེ་བའི་རྒྱ་སེ་དྲན་ཞིང་། ངེད་གཉིས་ཀྱི་འདས་དོན་དག་དྲན། ཡིན་ནའང་། ད་ལྟ་དུས་ཚོད་ཀྱི་ཁུད་དུ་ལྷག་པ་ནི་ཕྱིར་དྲན་གྱི་ལྡེབས་རིས་ངོས་ན་གསལ་ལ་མི་གསལ་བར་སྣང་བའི་མཛེས་སྡུག་གི་རི་མོ་དག་རེད།
ངས་གློ་བུར་མིག་ཟུང་འབྱེད་དུས། ཁ་གཏད་ཀྱི་བུད་མེད་གཞོན་སྐྱེས་དེས་ཧ་ཅང་གཟབ་ནན་གྱིས་དཔེ་དེབ་ཅིག་ཀློག་གིན་འདུག དེ་ལ་ང་རང་ཧ་ལས་པར་གྱུར་ཞིང་དེ་མ་ཐག་རྣམ་རིག་ཀྱང་ཇེ་གསལ་དུ་གྱུར་སོང་། མངོན་ནས་བཤད་ན་འདི་ལྟ་བུའི་ཁོར་ཡུག་ནང་དཔེ་ཆར་བལྟ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད་དེ། སྔོན་ཆད་རང་ཉིད་ཀྱིས་ཀྱང་རླངས་འཁོར་ནང་ལམ་ཐག་རིང་བོར་བསྐྱོད་དུས་དཔེ་ཆར་བལྟས་མྱོང་ནའང་། ཁ་གཏད་ཀྱི་བུད་མེད་འདིས་ང་ལ་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་མོ་ཞིག་ཕྱིན་སོང་། ངས་ནི་སེམས་ཀྱི་གཏིང་ཞིག་ནས་བུད་མེད་དེ་ལ་དགའ་མགུ་ཆེན་པོ་ཞིག་བྱས།
མཚམས་ཤིག་ལ་མོས་དཔེ་ཆའི་ཁ་མར་སྐོར་ཏེ་ཁ་པར་ལ་བལྟས་ཤིང་། ཅུང་སྐྱོ་བའི་ཉམས་ཀྱིས་གདོང་གི་ཕྱེད་ཀ་གཡོགས་པའི་སྐྲ་ལོ་དེ་ལྟག་གར་ཤད་ཙམ་བྱས། ཏག་ཏག་དེར། ངས་ད་གཟོད་གསལ་ཐག་ཆོད་པའི་ངང་མོས་ཀློག་གིན་པ་ནི་སའོ་ལུན་ལགས་ཀྱི་ཝར་ཏིན་མཚེའུ་ཞེས་པའི་ལྷུག་རྩོམ་གྱི་དེབ་དེ་ཡིན་པ་གཞི་ནས་ཤེས། ང་རང་མོ་ལ་ལྷག་ཏུ་ཧ་ལས་ཤིང་སྙིང་ཉེ་བོ་ཞིག་བྱུང་། ཝར་ཏིན་མཚེའུ་ནི་ཨ་རིའི་བསམ་བློ་བ་དང་ལྷུག་རྩོམ་པ་གྲགས་ཅན་སའོ་ལུན་ལགས་ཝར་ཏིན་མཚེའུ་འགྲམ་ནས་ལོ་གཉིས་ལྷག་ལ་བསྡད་ཅིང་། དེའི་རིང་ལ་བྲིས་པའི་འཚོ་བའི་ཟིན་ཐོ་ལྟ་བུ་ཞིག་རེད། ངས་དེབ་དེ་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་བལྟས་ཚར་ཞིང་ང་རང་ཆེས་དགའ་བའི་དེབ་ཅིག་ཡིན།
ངས་སླར་ཡང་མོ་ལ་ཐེངས་གཅིག་ལྟ་དུས། མོ་ནི་ཕལ་ཆེར་ལོ་སུམ་བཅུའི་ཡས་མས་སུ་འདུག་ཅིང་། ཁོ་རི་ཡའི་ལུགས་ཀྱི་སྐྲ་ལོ་འཇོག་སྟངས་དང་ནུབ་གླིང་བའི་ལུགས་སུ་བྱས་པའི་གྱོན་པ་དག་ནི་བལྟས་མ་ཐག་མིག་ལ་ལྷང་ངེར་མངོན་པ་ཞིག་རེད་འདུག ཆེ་ཆུང་རན་པའི་མིག་ནི་ཅུང་སྐྱོ་ཉམས་ཀྱིས་འཛུམ་ཞིང་། མིག་ལ་རི་མོ་མི་འདུག མཐོ་དམའ་སྙོམས་པའི་སྣའི་འོག་ན་ཅུང་སྐམ་ཞིང་སེར་པོར་གྱུར་པའི་མཆུའི་འདབ་མ་དེ་འགུལ་ཙམ་འགུལ་ཙམ་བྱེད། ཕར་བལྟས་ཚོད་ཀྱིས་མོའང་ང་དང་འདྲ་བར་འཇིག་རྟེན་ན་སྐྱོ་སྣང་གིས་འཚོ་བའི་འགྲུལ་བཞུད་རིང་ལུགས་པ་ཞིག་ཡིན་ཚོད་རེད། མེ་འཁོར་གྱིས་མཐའ་ཡས་པའི་སྤང་ཐང་དང་ཐང་རྒོད། ནོར་ལུག་དང་འབྲོག་ཁྱིམ་སོགས་རེས་མོས་ཀྱིས་རྗེས་སུ་བསྐྱུར་ཏེ་མདུན་དུ་བསྐྱོད་བཞིན་མཆིས།
མི་གཅིག་གི་འགྲུལ་བཞུད་ནི་ཧ་ཅང་མཛེས་སྡུག་གིས་ཕྱུག་པ་འདྲ་སྟེ། ནགས་ཚལ་སྟུག་པོ་ཞིག་གི་རྔམ་ཟིལ་བཅོམ་ནས་ཁེར་རྐྱང་ངང་མཐའ་མེད་པའི་བྱེ་ཐང་བརྒལ་ཆོག་པའི་དུས་ཚོད་ཀྱི་རང་དབང་དེས། ང་ལ་འབྱམས་ཀླས་པའི་སྙན་ངག་གི་ནམ་མཁའ་གསར་བ་ཞིག་གནང་གིན་འདུག རེད་དེ། སྔོན་མར་མེ་འཁོར་དུ་ཡོད་དུས་དེར་རྒྱ་སེ་ཡིས་ང་ལ་ཉུང་མཐར་ཡང་ཁ་པར་ལྔ་དྲུག་ལྷག་གཏོང་གི་ཡོད། དེ་ནི་རེ་སྒུག་གིས་ཡིན་ལ་སེམས་ཁུར་གྱིས་ཀྱང་ངོ་།། ཡིན་ནའང་། ད་ལྟ་ང་ལ་ཁ་པར་གཏོང་མཁན་སུ་ཡང་མི་འདུག རྒྱ་སེ་དང་བཅས་པའི་ས་སྒང་འདིའི་མི་རྣམས་ཀྱིས་ང་རང་གཏན་དུ་བརྗེད་ཡོད་པ་འདྲ། མང་བོ་ཞིག་གི་སྣང་ངོར་ང་ནི་འཇིག་རྟེན་འདིའི་ལྷག་མ་ཞིག་ཏུ་མཐོང་ཡང་སྲིད། ངས་དེ་ལ་དོ་སྣང་བྱ་མི་འདོད། ང་ལ་མཚོན་ན་སྟོང་ལྷང་ལྷང་གི་ནམ་མཁའ་བཞིན་ཁེར་རྐྱང་གིས་འཚོ་རྒྱུ་ནི་རང་གི་ཕུགས་འདུན་ཡིན། གཤིས་ཀ་ཡིན། སྐབས་འདིར། ངས་སྙན་ངག་པ་བྷོ་ཧེ་སི་ལགས་ཀྱི“མི་ཚོགས་ནི་ཁེར་རྐྱང་རིགས་ཤིག་གོ”ཞེས་པའི་སྐད་ཆ་དེ་ཡིད་ལ་དྲན་བྱུང་།
མེ་འཁོར་གཏེར་ལེན་ཁར་ཐོན་ཞིང་། མེ་འཁོར་ནང་གི་མི་དག་འཚང་ཁ་ཤིག་ཤིག་གིས་སྒོར་འབུད་པར་བརྩམས། ང་རང་སྔར་བཞིན་ཁ་ཁུ་སིམ་པོར་བསྡད་དེ་རོལ་དབྱངས་ཀྱི་སྣེ་ལ་བརྒྱུས་པའི་སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁར་བལྟས་ཤིང་། འདུར་རྒྱུག་གི་ཀློང་ན་ནམ་མཁའ་བོར་ཚར་བའི་དུས་རབས་འདིའི་མི་དག་ལ་བལྟས། ཅུང་ཙམ་ནས་ཁ་གཏད་ཀྱི་བུད་མེད་གཞོན་སྐྱེས་དེའང་མི་ཚོགས་ཀྱི་གཙང་བོའི་ཀློང་ནས་རྒྱང་རིང་དུ་ཡལ་སོང་། མོས་ཕྱིར་མིག་ཙམ་ཡང་མ་བལྟས་པར་བུད་སོང་། ཁོ་མོ་རྒྱང་དུ་གྱེས་སྟངས་དེས་ང་ལ་སྡུག་བསྔལ་བའི་ཚོར་བ་ཞིག་བསྐྱལ་འོང་ནའང་། བསམ་བློ་ཞིག་བཏང་དུས་དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་ངེས་ཏེ། སུ་ལའང་བརྩེ་བ་དང་ལྷག་བསམ་གྱིས་དབུལ་ནས་སོ་སོར་དོགས་ཟོན་ཁོ་ན་བྱེད་བཞིན་པའི་དེང་གི་སྤྱི་ཚོགས་འདིར། རྒྱུས་མེད་ཀྱི་མི་ཞིག་ལ་མིག་བརྡ་སྟོན་པའམ་ལག་བརྡ་གཏོང་བ་ནི་ཧ་ཅང་མི་སྲིད་པ་ཞིག་རེད་དོ། །
ཅུང་མ་འགོར་བར། མེ་འཁོར་ནང་གི་བུད་མེད་ཞབས་ཞུ་མ་ཞིག་ངའི་མདུན་ཐད་དུ་ལྷགས་འོང་སྟེ་ང་རང་མྱུར་དུ་མེ་འཁོར་ལས་དབབ་དགོས་ཚུལ་བཤད། དེ་ལ་ངས་འཕྲུལ་ཆས་ཀྱི་མི་ཞིག་དང་འདྲ་བར་རྣམ་འགྱུར་ཅི་ཡང་མ་བསྟན་པར་མེ་འཁོར་ལས་བབས་ཤིང་གྲོག་སྦུར་གྱི་ཁ་ཕྱེ་བ་ལྟ་བུའི་མི་ཚོགས་ལ་ཅེར། /མཛེས་སྡུག་གི་རྒྱ་སེ་འཚང་ཁས་སྐྱེས་ནའང་། ཁྱེད་རང་མེད་ཚེ་སྟོང་བ་ཡིན/ཞེས་པའི་བོད་ཀྱི་ནད་པ་ཚང་གི་གཞས་དེ་ངའི་རྣ་ལམ་དུ་ལྷང་ངེར་གྲག་བྱུང་། སྐྱོ་གདུང་ནི་སྐད་ཅིག་དེ་ཉིད་ལ་ངའི་ལུས་ཀྱི་རྩ་ལམ་རེ་རེར་འཛུལ་ཞིང་ང་ལ་སྨྲར་མི་བཏུབ་པའི་ཚོར་བ་སྐྱུར་མོ་ཞིག་བྱུང་།
ཐེངས་སྔོན་མར་ང་རང་མེ་འཁོར་ལས་འབབ་དུས་དེར། རྒྱ་སེ་སྔ་མོ་ནས་ཐོན་འདུག་ཅིང་། མི་ཚོགས་ཀྱི་གསེང་ན་ཉི་འོད་ལྟར་འཛུམ་པའི་ཁོ་མོའི་ཞལ་རས་དང་། ནག་སྣུམ་གྱི་སྐྲ་ལོ། རྒུན་ཆང་ལྟར་དམར་ཞིང་ཞིམ་མངར་གྱིས་བཟི་བའི་མཆུ་སྒྲོས་སོགས་ནི་ངའི་མིག་དབང་འཕྲོག་པའི་རྒྱུའི་གཙོ་བོ་སྟེ། ང་རང་དེ་མ་ཐག་མོའི་གམ་དུ་ཕྱིན་ཅིང་ཕྱི་གླིང་བའི་ལུགས་ཀྱི་འཚམ་འདྲི་ཞིག་བྱས་ཤིང་། མོས་གླས་པའི་གླ་འཁོར་དུ་བསྡད་དེ་གྲོང་ཁྱེར་ནང་ཕྱིན་པའི་ཉམས་སྣང་དེ་ད་ལྟའང་ཡིད་ལ་དྲན་གྱིན་འདུག
དེ་ལྟར། གཞས་ཚིག་དེས་ང་ལ་འདས་དོན་མང་བོ་ཞིག་དྲན་གསོས་ཀྱིན་འདུག གཏེར་ལེན་ཁར་ཡོང་བའི་དུས་ཚོད་ཀྱི་གོ་རིམ་འདིའི་ཁྲོད་ནས་ངས་སྙིང་ཉེ་བའི་མི་ཞིག་བོར་ཞིང་། སྟོན་ཁ་ལྟ་བུའི་མཛེས་སྡུག་གི་བརྩེ་དུང་ཞིག་བརླགས་སོང་བ་རེད། ང་ཧ་ཅང་ཕངས་སེམས་ཀྱིས་གླ་འཁོར་ཞིག་ཏུ་བསྡད་དེ་གྲོང་ཁྱེར་ནང་ཕྱིན། བ་ཡན་གཙང་འགྲམ་ནས་དུས་ཚོད་གཅིག་ལྷག་ལ་སྨྲ་བ་མེད་པར་བསྡད་ཅིང་སྐད་འཕྲིན་གྱི་གྲོགས་ཚོམས་སུ/མིང་ཡིག་གསོན་པོ་ཞིག་གི་ཆེད་དུ/ང་རང་ཁེར་རྐྱང་གི་གྲོང་ཁྱེར་འདིའི་རྙི་ལ་ཐེབས/གཏེར་ལེན་ཁའི་ངོ་གདོང་འཁྱག་འདུག/སྙིང་ཉེ/ཁྱེད་རང་ག་པར་བཞུགས་སམ/ཞེས་པའི་ཚིག་དུམ་ཞིག་སྤེལ་རྗེས། ང་རང་ཐད་ཀར་རྒྱ་སེ་ངེད་གཉིས་ཐེངས་སྔོན་མར་བསྡད་མྱོང་བའི་མགྲོན་ཁང་དེར་བསྐྱོད།
དགུན་གཞུང་གི་གཏེར་ལེན་ཁ་ནི་སྐྱོ་གདུང་གིས་མནར་བའི་མི་ཞིག་གི་ངོ་གདོང་དང་འདྲ་བར་སྐྱ་ཤུར་ཤུར་དུ་སྣང་ཞིང་། མཚན་གྱི་ཙག་རླུང་གིས་ང་ཡི་སྐྲ་ལོ་ཡང་ཡང་བསེད་པར་བྱེད། ངས་སྟབས་བདེ་ཐུག་པ་ཞིག་དང་ཆང་དཀར་རྒྱ་མ་གང་ཉོས་ཏེ་མགྲོན་ཁང་ནང་འཛུལ། མགྲོན་ཁང་འདིར་མགྲོན་པོ་མེད་པ་འདྲ། ཡང་ན་དོ་ནུབ་གཏེར་ལེན་ཁར་མི་ཉུང་བ་འདྲ། གང་ལྟར་སེམས་ཁྲལ་ལ་ཐོགས་པའི་ལྷིང་འཇགས་རིགས་ཤིག་གིས་ང་ལ་སྐྱོ་སྣང་ཟད་མི་ཤེས་པ་ཞིག་གནང་སོང་། རེད་ཡ། མཚན་མོ་འདིའི་གཏེར་ལེན་ཁ་ནི་ཧེ་ཙིའི་སྙན་ངག་ནང་བཤད་པ་བཞིན་གྱི་འཁྱག་སིབ་སིབ་ཀྱི་མཁར་རྫོང་ཞིག་རེད་འདུག
ཧེ་ཙིའི་སྙན་ངག་གི་དེབ་དང་རམ་བྷོ་ལགས་ཀྱི《དམྱལ་བའི་དུས་ཚིགས་གཅིག》ཅེས་པའི་ལྷུག་རྩོམ་དེབ་དེ་གཉིས་ཀྱི་ཁ་ཕྱེས་ཏེ། ཉན་ཆས་ལས་ཀྲའོ་ལེ་ཡི་ཁྲིན་འདུ་ཞེས་པའི་གླུ་གཞས་དེ་གྲག་ཏུ་བཅུག དེ་ནི་རྒྱ་སེ་ཆེས་ཉན་སྤྲོ་བའི་གླུ་གཞས་ཤིག་ཡིན། ཐ་མག་རྐང་གཅིག་མེ་ལ་བསྒྲོན་ཅིང་ཆང་དཀར་ཧུབ་གང་རྔམ་འཐུང་བྱས་པར་གློ་སྙིང་མཆིན་གསུམ་སྐད་ཅིག་དེ་ཉིད་ལ་ཚ་བེར་བེར་དུ་གྱུར་སོང་། མགོ་བོ་ཀླད་ལ་བསྐོར་ཞིང་སྔས་མགོའི་གློག་སྒྲོན་དམར་པོ་དེ་མཐོང་ཞིང་། དེ་མཐོང་བའི་མོད་ལ། ཐེངས་སྔོན་མར་རྒྱ་སེ་ངེད་གཉིས་ཀྱིས་དེའི་འོག་ནས་མི་ཡུལ་གྱི་ཆེས་མཛེས་པའི་མལ་ཁྲིའི་སྒང་གི་རོལ་དབྱངས་དཀྲོལ་བའི་རྣམ་པ་དེ་ཡིད་ལ་ཅིག་ཅར་དུ་དྲན་འོང་། རྒྱ་སེའི་ཚ་ལམ་ལམ་གྱི་ངོ་གདོང་དང་བརླན་ནེམ་ནེམ་གྱི་མཆུ་སྒྲོས་སོགས་ཀྱང་ཡིད་ལ་ལྗིད་ཏིག་གེར་འཁོར་འོང་གིན་འདུག
རང་དབང་མེད་པར། ངས་སྔས་མགོའི་གློག་སྒྲོན་དེར་ཁ་གཏད་ནས་རྒྱ་སེ། ངས་ནམ་ཡང་ཁྱོད་དང་ལྷན་དུ་སྡོད་པའི་དུས་ཚོད་ཡོད་ཚད་ལ་བཀའ་དྲིན་ཞུ་བཞིན་ཡོད། ངས་མཛེས་སྡུག་ལ་རྫོགས་མཐའ་བྲལ་བའི་གཏེར་ལེན་ཁའི་མཚན་མོ་དེར་བཀའ་དྲིན་ཞུ་ཡིན་ཡོད། རྒྱ་སེ། དོ་ནུབ་ང་སླར་ཡང་གཏེར་ལེན་ཁར་ཐོན་ཡོད། ཡིན་ནའང་། ཁྱོད་མེད་དུས་ཀྱི་གཏེར་ལེན་ཁ་ནི་ཧེ་ཙིའི་སྙན་ངག་ནང་བྲིས་པ་ལྟར་འཁྱག་སིབ་སིབ་ཀྱི་རྫོང་ཀོག་སྐྱ་བོ་ཞིག་རེད། རྒྱ་སེ། ཁྱོད་ཀྱིས་ཧེ་ཙི་ཤེས་སམ། ཁོས་སྙིང་ཉེ་བའི་ཨ་ཅེར་འབོད་པའི་རྒྱང་རིང་གི་བུད་མེད་དེ་ཤེས་སམ། རྒྱ་སེ། ཁྱོད་ཀྱིས་ཤེས་མི་སྲིད། ཁྱོད་ཀྱིས་ནམ་ཡང་ཤེས་མི་སྲིད་ཅེས་སྐད་ཆ་མང་བོ་ཞིག་བཤད།
ང་རང་མགྲོན་ཁང་གི་ཕྱི་ལ་འབུད་དུས་ནི་ནམ་གུང་གི་དུས་ཚོད་གཉིས་དང་ཕྱེད་ཀ་རེད། གྲང་རེག་ཆེན་པོ་ཞིག་གིས་གཏེར་ལེན་ཁའི་ངོ་གདོང་ཡོངས་སུ་བཅུམས་འདུག ང་རང་ཐད་ཀར་བ་ཡན་ཟམ་པ་བརྒྱུད་ནས་ཧེ་ཙིའི་བཤམས་སྟོན་ཁང་གི་ཐང་ཆེན་དུ་ཕྱིན། རྡོ་རིང་འཁྱག་པ་དེ་དག་གི་སྟེང་ཁྲག་གིས་བྲིས་པའི་སྙན་ངག་དག་ཤུགས་ཀྱིས་གྱེར་ནས་གྲོངས་ཟིན་པའི་མི་དེའི་རྣམ་ཤེས་ལ་བླ་འབོད་བྱས། ཀི་བཏབ། འུར་བརྒྱབས། དེ་ནས་ཕྱིར་བ་ཡན་ཟམ་ཁར་འོང་སྟེ་སྐྱོ་གདུང་གི་མགོ་བོ་ཡར་བཀྱགས་ཏེ་འཆི་བའི་མིག་གིས་མདུན་ལ་ལྟ་དུས། བ་ཡན་གཙང་བོ་ནི་སྲོག་རྒྱུན་ཆད་པའི་མི་ཞིག་གི་བེམ་རོ་ནང་བཞིན་འདམ་མྱགས་ཀྱིས་ཡོངས་སུ་ཟོས་ཚར་འདུག