སྐབས་དེར་ང་སློབ་ཆུང་ལོ་རིམ་བཞི་བ་ཡིན། ལོ་རེའི་དབྱར་ཁ་བསླེབས་དུས་སྡེ་བའི་ནང་གི་ཁ་ཡ་ན་ཟླ་དང་སྡེ་བ་ཡར་མར་གྱི་སློབ་གྲོགས་རྣམས་དང་འདྲ་བར་བཟོ་གཅོད་ཡག་ཅིང་། ལུས་ལ་འཚམས་པའི་ཕུ་ཐུང་ཞིག་མེད་པར་ལོ་རིམ་དང་བོ་ནས་བཞི་བའི་བར་འགོར་སོང་།
ངའི་སློབ་གྲོགས་ཡིན་ལ་འདུག་གྲོགས་ཀྱང་ཡིན་པའི་ཁོ་ལ་ཕུ་ཐུང་མ་གདན་སྔོན་པོ་དང་གོང་ཁ་སེར་ཞད་འདྲེས་པ་ཞིག་ཡོད། མཚམས་རེར་དབྱར་གྱི་ཉི་ཟེར་ཕྲ་མོ་ཕྱི་རོལ་གྱི་དྲ་མ་བརྒྱུད་ནས་ང་ཚོའི་སློབ་ཁང་དུ་འཕྲོས་དུས། སློབ་གྲོགས་ཀྱི་ཕུ་ཐུང་སྔོ་ཁྲ་དེར་གཡུ་སྦྲང་མིག་ལམ་གྱི་མེ་ཏོག་སེར་ཆེན་ཇི་བཞིན་མདངས་བཀྲ་བས་སྟེང་ལ་མིག་ཉུལ་ཡང་ཡང་བྱས།
དེ་ལྟར་དེང་གི་སློབ་ལྭ་འདྲ་བའི་གོན་པ“བྲང་སེར”ཞེས་པ“ཟས་ཡོད་ན་རྒྱ་ལོའི་ལོ་སར། གོས་ཡོད་ན་དྲུག་པའི་ཀླུ་རོལ།”ཞེས་པའི་དཔེ་ལྟར། གོན་པ་དེ་ཡིས་ལོ་སར་ཐེངས་གཉིས་ལ་རོལ་སྤྱད་བྱས་པའི་ལོ་རྗེས་མ་དེར། ང་ནར་སོན་ནས་གཟུགས་པོ་ཅུང་ཐང་བོ་ཆགས་པའི་དབང་གིས་གོན་པའི་ཕུ་རུང་དང་དོར་མ་ཐུང་འདུག་པས་འཕུར་ལ་ཁད་བྱེད་བཞིན་རྒྱུན་ལྭ་བྱས་པ་ཡིན།
ལོ་ཟླའི་འཁོར་མོ་ཉལ་འགྲོ་མའི་འགྲོས་དང་འདྲ་བར་ཤེས་མེད་ཚོར་མེད་ངང་སློབ་ཆུང་ལོ་རིམ་བཞི་བར་འཕར་སོང་། ཕ་ཡུལ་དང་ཐག་ཉེ་བའི་སློབ་ཆུང་དུ་ལོ་རིམ་གསུམ་པ་མ་གཏོགས་མེད་སྟབས། བཞི་བ་ནས་བཟུང་ཞང་ལྟེ་བའི་སློབ་ཆུང་དུ་ཞག་སྡོད་སློབ་མ་བྱ་བར་འགྲོ་དགོས། དེ་ཕ་ཡུལ་དང་ཁ་ཐག་རིང་། གཞུང་ལམ་སྤྱི་ལེ་ཉི་ཤུ་ཙམ་བསྐྱོད་ནས“ས་དཀར་ལུང”ཞེས་པའི་ཉིན་ངོས་ཀྱི་རི་གཟར་ཅིང་ལམ་རྩུབ་པའི་ལ་ཆེན་དེར། རྒྱབ་ཏུ་གཟའ་འཁོར་རེ་གཉིས་ལ་འདང་བའི་ཕྱེ་རྩམ་འཁུར་ཞིང་ལག་ཏུ་བཟའ་སྣུམ་འགྱིག་དེམ་གང་ཐོགས་ནས་ཡར་འགོ་དུས། དབྱར་ཚ་བས་ཀླད་ནས་མནན་ཅིང་། རྒྱབ་ཁུར་བོས་སྟེང་ནས་གནོན་བཞིན་རྔུལ་ནག་ཕྲོམ་ཕྲོམ་ངང་རྐང་འགྲོས་སུ་ཉིན་གཅིག་སོང་ན་ལྟེ་བའི་སློབ་ཆུང་གི་སྒོ་ཆེན་ཁར་འབྱོར་ཐུབ།
སྐབས་དེར་ངེད་ཚང་ལ་རླངས་འཁོར་ལྟ་ཅི། འཕྲུལ་རྟ་དང་རྐང་གསུམ་འཁོར་ལོའི་རིགས་ཀྱི་ལྷུ་ལག་ཙམ་ཡང་མེད་ལ། ཐ་ན་རྐང་བའི་ཚེགས་ལེན་གྱི་རྟ་རྒན་ཞིག་ཀྱང་མེད་པས། ནམ་རྒྱུན་སྒར་དགོན་པ་དང་རུ་ཡར་མར་ལ་འགྲོ་སྐབས་རྐང་ཐང་དུ་འགྲོ་དགོས།
སྤྱིར་དེང་སྐབས་འདང་བརྒྱབ་ན་ལམ་ཐག་ཧ་ཅང་མི་རིང་རུང་། ལོ་བཅུ་གཅིག་ལ་སོན་མ་ཐག་པའི་ང་ནི་སྔར་ལྟར་ཨ་མྱེ་ཡི་རུམ་དུ་ཉལ་བཞིན་ཁོང་གི་གནའ་གཏམ་ལ་མགོ་འཁོར་བའི་གོ་ཁའི་ས་ལས་མ་བརྒལ་བའི་སློབ་བུ་ཞིག་ལ་མཚོན་ན། ཨ་མྱེ་དང་ཁ་བྲལ་ནས་ཞེ་རྩ་སྨྲེང་གྱི་ལེར་ཡུལ་གཞན་དུ་སློབ་གྲྭར་འགྲོ་དགོས་པ་ནི་ས་ཐག་རིང་བས་ཅི་འདྲའི་བློ་ཡུལ་ལས་འདས་པ་དང་བྱིས་བློ་གངས་དཀར་ངོས་ཀྱི་སྐྱོ་བའི་སྨུག་པ་སངས་ཐབས་མེད་པ་ཞིག་རེད་ཨང་།
ཉིན་དཀར་དགེ་རྒན་རྣམས་ཀྱི་དཔེ་ཁྲིད་དང་སློབ་གསེང་གི་རྩེད་འཇོ་ལ་གཡེང་བས་ཉི་མ་འགྲོ་སླ། དགུང་མོ་མལ་དུ་ཉལ་དུས་ཨ་མྱེ་ཡི་གནའ་གཏམ་ལམ་ནས་བྱིས་དུས་ཀྱི་འཇིག་རྟེན་གསར་བ་བཙལ་ཞིང་། བདེ་བའི་སྐྱིད་འབའ་ཞིག་རྙེད་པ་དེ་ཡིད་ལ་དྲན་བཞིན་སྐྱོ་གདུང་དྲག་པོས་ངུ་བཤུམ་བརྒྱབ་པ་ཉལ་གྲོགས་ཚོའི་ཐོས་འཛིན་བུ་གར་ལྷུང་བར་དོགས་ནས། མགོ་བོ་ཉལ་ཐུལ་གྱིས་བཏུམ་སྟེ་མིག་ཟུང་ལས་མཆི་མ་སྐམ་རག་བར་དུ་ལྐོག་ངུ་བྱས། ནམ་རྒྱུན་ངའི་མིག་རྩ་ནི་ཁྲོ་བོའི་སྤྱན་ཟུང་དང་འདྲ་བར་ཤིན་ཏུ་དམར་པོར་གྱུར་པས་རྟག་ཏུ་མིག་སྐྱག་ལེན་པའི་ཟོལ་གྱིས་རྗེས་ནས་མལ་ལས་ལངས་པ་ཡིན།
ཉལ་ཁང་གི་གློག་ནི་དུས་ལྟར་གཟིམས་དགོས་པས་གཉིད་མི་ཡོང་རུང་བཙན་གྱིས་ཉལ་ཐུལ་ནང་འཛུལ་དགོས། མིག་བཙུམ་བཙུམ་མཐར་མགོ་བོའི་ནང་དང་སྔས་འབོག་ལས་སག་སག་གི་སྒྲ་ཞིག་རྣ་རྩར་འཁོར་ཡོང་དུས། གདོང་ལ་ཆུ་འཁྱག་བྱོ་བ་ལྟར་གཉིད་ནི་གཞི་མེད་དུ་སངས། མུན་ནག་ནས་ཁ་རྒྱུན་དུ་གྲགས་པའི་འདྲེ་ཟངས་མཆུ་ཅན་དང་སྲིན་པོ་མགོ་དགུ་གཉིས་ཤ་གཟུགས་མིག་གིས་མཐོང་མྱོང་མེད་རུང་། འཇིགས་དངངས་དང་འཕྲུལ་སྣང་གཉིས་འགྲན་པ་ལྟར་སྐྱེས་ཏེ། སྐྲ་སེར་ཞིང་འཛིངས་པ། མིག་མཛོ་མིག་ལྟར་ཆེ་ཞིང་སྒོར་བ། སྐེ་ལ་མི་མགོའི་དོ་ཤལ་གྱིས་བརྒྱན་པ། ཁ་གདངས་ཙ་ན་སེམས་ཅན་ཞིག་གི་སྲོག་འཕྲོག་པ་ལྟར་ལྕེ་རྐན་བར་ནས་ཁྲག་དམར་ཙ་ར་ར་བྱས་ལ། མཆེ་བ་གཙིགས་པས་མ་ཁ་ཡང་འདྲལ་བར་དོགས་པའི་ཕྲ་མེན་མ་གཉིས་ནར་མར་ཞེ་ལ་འཁོར་ཞིང་མིག་ལམ་དུའང་ཤར་ཡོང་། ན་སོ་ཕྲ་མོའི་དུས་ནས་དད་པ་ལོག་མེད་དང་སྐྱབས་འཇུག་ཆད་མེད་ཞུ་སའི་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་བསྟོད་པ་ཚར་རེ་གཉིས་ཁོག་འདོན་བྱས་པ་ན། ངའི་སྙིང་རླུང་ཏིག་ཏིག་ལྡིང་བར་ཇའི་གདུ་མགོར་ཆུ་འཕྱར་བ་ལྟར་ཇེ་དལ་དུ་སོང་ནས་གཉིད་སྐྱིད་པོར་ལོག་འགྲོ།
ཟླ་གནང་གཏང་ལ་ཉེ་བའི་དགོང་མོ་ཞིག་ལ། ཨ་མྱེ་རྨི་ལམ་དུ་འཁོར་ནས་ང་ལ“བུ་མོ་ལྷ་རིས”ཞེས་པའི་གནའ་གཏམ་དེ་བཤད་བྱུང་། མ་ཡར་གྱིས་བུ་མོ་ལྷ་རིས་ནགས་སུ་འབུད་ཤིང་འཐུ་བར་མངགས་ཏེ“ལྟོ་ཁྱིའི་ལྟོ་ལ་ལས་བོང་བུའི་ལས”བྱས་པའི་རྩུབ་སྤྱོད་གནང་བར་སྙིང་རྗེ་བའམ་ཨ་མྱེ་དྲན་དྲག་པ་གང་ཡིན་ཆ་མི་འཚལ་རུང་། སྔས་གཞི་མཆི་མས་བརླན་པ་གྲངས་ཀྱིས་མི་ཆོད་ལ། ཕྱི་ཉིན་གཉིད་ལས་སད་དུས་རང་དང་ཉལ་ཁང་གཅིག་པའི་སློབ་གྲོགས་དག་ལས་མེད་པས་སེམས་ཁམས་སྟོང་སང་ངེ་བ་ཞིག་རེད།
དབྱར་གནང་གཏོང་བའི་ཉིན་ཞག་མཛུབ་རྩེ་ནས་བགྲང་ཞིང་སྐོམ་པ་ཆུ་འདོད་ཀྱི་ངང་ནས་ཨ་མྱེ་ཡི་སར་འབྱོར་བྱུང་། ཁོང་གིས་ཟླ་གནང་ནམ་གཏོང་ལ་ཉི་ཟླའི་འཆར་ནུབ་ཇི་བཞིན་དུས་ལ་འཛུར་བ་མེད་པར་སྔ་མོ་ནས་སྒོ་འགྲམ་དུ་སྒུག་སྟེ་མ་ཎི་ཕྲེང་སྐོར་འགའ་བཏོན་འདུག ང་ནི་གཞུ་རྒྱུད་ལས་ཤོར་བའི་མདའ་མོ་ལྟར་ཁོང་གི་པང་དུ་བརྒྱུགས་ནས་སྡོང་མགོའི་བྱ་ཚང་འདྲ་བའི་ཁྱིམ་གཞི་འདིའི་སླད་དུ་དབྱར་གསུམ་ཙད་དང་དགུན་གསུམ་བཙག་གིས་བརྡར་བའི་འགྲམ་པ་ཟུང་ནི་ལྕགས་མགར་གྱི་ལག་ངར་ཇི་བཞིན་གནག་ཅིང་རྩུབ་ལ། སྨ་ར་དཀར་པོ་ཐར་ཐོར་སྐྱེས་པའི་འགྲམ་པར་འོ་ཡང་ཡང་བྱེད་བཞིན་འཐམ་སྟེ་ཡུད་ཙམ་ལ་ལུས། ངའི་མགོ་ལ་ཕྱག་ཟུང་དར་དཀར་འདྲ་བོས་བྱིལ་བྱིལ་ལན་འགར་གནང་བཞིན“ཨེ་དཀའ་ཐལ། ཨེ་ལྟོགས་ཐལ། མ་སྐོམ་མམ”ཞེས་རྐང་འགྲོས་ལམ་གྱི་དཀའ་ཁག་ཡང་དང་བསྐྱར་དུ་འདྲི་བཞིན་ངའི་གཡོན་ལག་ནས་ཁྲིད་དེ་ཁྱིམ་དུ་མགྲོན་གལ་ཆེན་ལྟ་བུའི་ངང་བསུ་དུས། གོམ་པ་གང་དུ་སྤོ་བའང་མི་ཚོར་བས་ཡིད་ལ་སྨྲ་བསམ་བརྗོད་ལས་འདས་པའི་ཡར་གྱི་ལྷ་སྒྲུང་དང་མར་གྱི་བྱིས་སྒྲུང་གི་གོ་ལ་གསར་བ་ཞིག་ཏུ་བསྐྱོད་པའི་ཉམས་དྲོད་ཅིག་སྐྱེས་མྱོང་།
ངེད་གཉིས་ཡར་མར་ལབ་རྗེས། ཁོང་ཁྱར་ཁྱོར་ངང་ཡར་ལངས་ནས་གོས་སྒམ་དུ་མ་གདན་དམར་པོའི་སྟེང་ན་ཤུར་མོ་དཀར་པོས་བརྒྱན་པ། བཟོ་གཅོད་ཡག་ཅིང་སྙིང་དུ་སྡུག་པའི་ཕུ་ཐུང་དམར་ཁྲ་ཞིག་བསྣམས་ནས་ཞལ་ངོ་འཛུམ་གྱི་ལེར་དོན་ཆེན་ཞིག་གྲུབ་པ་ལྟ་བུའི་ངང་ང་ལ“ཁ་སང་རྒྱ་ཁེ་བ་ཞིག་གི་ལག་ནས་ཉོས་པ་ཡིན། ཆེ་ཆུང་ཨེ་འགྲིག་གི་ལྟོས”ཞེས་ཟེར་ནས་གནང་ཞིང་། ངས་ལམ་སེང་ཨ་མྱེ་ཡི་ཇ་ཕོར་སར་བཞག་ནས་གྱོན་པ་ན། ཤེའུ་ཨ་མར་འཕྲད་པ་དང་སྤྲང་བོས་གསེར་གཏེར་རྙེད་པའི་དགའ་བས་མཚོན་མི་ནུས་པའི་སྤྲོ་བ་ཞིག་གིས་མྱོས།
ཁོང་གིས་སྤྱིར་བཏང་གི་འཚོ་བ་རོལ་བ་ཙམ་ལས་ཡོད་དུས་རྒྱས་ཟ་རྒྱས་འཐུང་བྱེད་པ་ཡིད་ལ་དྲན་རྒྱུ་མི་འདུག ང་ཁོང་ལ་སེམས་ཚེགས་ཤིག་ཡོད་པ་ནི་གློ་ལུད་ངན་པ་ཞིག་མཚམས་རེར་བྱུང་ནས་ཞལ་ངོ་ཐེངས་མང་ལ་སྐྲང་བ་སེམས་ནས་ཡལ་དཀའ། ཕྱིར་སློབ་གྲྭར་ལོག་ཁར་བསམ་ཤེས་ངང་ནས་གློ་ལུད་སྐོར་གྱི་འཛེམ་བྱའི་བཟའ་བཏུང་འགའ་བཟའ་མི་ཚོས་ཁོང་ལ་བཤད་པ་དེ་ངས་ཀྱང་ཁོང་ལ“སྒོ་ངས་བྱེའུ་མར་ཁ་བརྡའི”དཔེར་སོང་ཡང་ནན་ཏན་གྱིས་སྐུལ་བཞིན་འགྲམ་པར་འོ་རེ་བྱས་ཏེ་སོང་བ་ཡིན།
སིལ་ཁུའི་ཤུབས་ཀྱི་ཤེལ་དམ་དྭངས་མོ་ནི་ཨ་མྱེ་ཡི་ཇ་ཕོར་ཡིན། དེ་དང་ཙན་དན་ཕྲེང་བ་གཉིས་ནི་ང་མེད་བཤུལ་གྱི་ཁོང་གི་འགྲོ་རོགས་འདུག་རོགས་བཟང་བོར་གྱུར། ཕྲེང་བ་དེ་ནི་སྤྱིར་བཏང་གི་ཙན་དན་ཙམ་ཡིན་རུང་། རྒྱུ་ཙན་དན་སྦྲུལ་གྱི་སྙིང་བོ་ཡིན་པ་ལྟར་ཞེ་འདང་ཆེ། གཟིམས་ཁར་སྐེ་ལ་ཐོགས་པའམ་སྔས་མགོའི་ཆ་སྒམ་སྟེང་འཇོག་པ་ལས་གང་སར་མི་བསྐྱུར་ལ། བྱིས་པ་དང་མི་གཞན་པར་རེག་ཏུའང་མི་འཇུག་པའི་ཚོད་ཡིན། ང་ནི་ཁོང་གི་ཡ་ཐོད་ཀྱི་མིག་དང་ཁོག་གི་སྙིང་ཡིན་པས་ཇ་ཕོར་ནས་ཇ་རྔམ་འཐུང་བྱ་ཆོག་ལ། ཙན་དན་སྨུག་པོའི་ཕྲེང་བ་དེ“ཙན་དན་ཡིན་ན་རྡོར་དྲུད”ཅེས་པའི་གོ་ཐོས་ལྟར་ཉམས་བཞག་མེད་པའི་གླེགས་དང་བསྟུན་ནས་ཙན་དན་བརྟག་ཁུལ་གྱིས་ཕྲེང་བ་རྡོ་ལ་བརྡར་ཏེ་རྩེད་ཆས་ཀྱང་བྱ་ཆོག
གློ་བུར་ངས་ཁོང་ལ་ཉོ་སྤྱད་ཡོད་མེད་དྲིས་པ་ན། ཉིན་འགའི་སྔོན་ལ་ཅོ་ནེ་མ་རུ་ནས་ཡོང་བའི་ཚོང་བ། གནའ་རྫས་ཙག་ཙིག་གི་ཉོ་འཚོང་བྱེད་མཁན་ཞིག་ལ་ཙན་དན་ཕྲེང་བ་དམངས་སྒོར་ཉི་ཤུ་ལ་རྗེས་ཟིན། དེའི་རིན་ལས་ཉོས་པ་ཡིན་ཞེས་གསུངས་བྱུང་། སྔར་ཁོང་ལ་ངས་བསམ་ཤེས་མི་བྱེད་པར་སློབ་གྲོགས་དང་ན་ཟླ་ཆེ་གེ་མོའི་ཕུ་ཐུང་བཟང་ཚུལ་རྒྱན་ཚུལ། འཇམ་ཚུལ་དྲོད་ཚུལ་སོགས་ཁ་འགྲམ་ལ་ཝུ་བས་བཀང་རག་བར་དུ་བཤད་དེ། མཇུག་ཏུ་ང་ལའང་མཁོ་ཆེ་བའི་རེ་བ་ཞུ་དུས། འཛུམ་མ་དགོད་ཀྱིས་ངའི་གདོང་ལ་ཅེར་ནས་ཅི་ཞིག་ལ་འདང་རྒྱག་པ་ལྟར་ཡུད་ཙམ་ལ་ཧད་དེ་ལུས་ཤིང་། དེ་ནས་ཇ་ཧུབ་གང་ཁོག་ཏུ་ཁྲོག་གེར་མིད་ཞོར། “རྗེས་མར་ང་ལ་ཉོ་སྤྱད་ཡོད་དུས་ཉོ་ངེས་ཡིན”ཟེར་བ་ཡིད་ངོར་གསལ་གྱི་ལེར་བརྐོས།
དེང་སྐབས་དྲན་འཛིན་རི་མོ་ནང་དུ་བཀུག་ན། ཁོང་ལ་གོན་པ་གྲལ་དག་ཅིག་ཀྱང་མེད་པར་གཅིག་ཡོད་པ་ནི་ཙན་དན་ཕྲེང་བ་དང་ཤེལ་གྱི་ཇ་ཕོར་ཡིན། ཁ་ནས་འདོན་རྒྱུ་ནི་ཡི་གེ་དྲུག་མའི་གཟུངས་དང་ཡིད་ལ་ཤར་རྒྱུ་ནི་ང་ལས་མེད་པས། ཁོང་གི་ཞེ་འདང་ཆེ་བའི་ཕྲེང་བ་དེ་འང་མཐར་ཚ་བོའི་དོན་དུ་བསྔོ་བས་ཨ་མྱེ་ཞིང་གཤེགས་ཚང་འཇིག་རྟེན་དཀར་ངོགས་ན་ཡོད་དུས། ང་བྱིས་པ་བསམ་མེད་ཡིན་པས་ཟས་ཐུན་ཞིམ་པོ་ཞིག་ཀྱང་ལྡུད་མ་ཐུབ་ལ། དྲིན་ལ་དྲིན་གཟོ་དགོས་པ་ཕར་རིའི་ལ་མགོ་ཡིན་པ་དང་། དགུང་གྲངས་དོན་གསུམ་སྟེང་སྐྱིད་མཐའ་རལ་ནས་འདི་ཕྱི་གཉིས་ཀྱི་བར་ཐག་གིས་བཅད་འགྲོ་བ་ཡིད་ཀྱི་དགུ་ལའང་མ་ཤར་བས་ད་ལྟ་དྲན་ན་སྙིང་ལ་གཟེར་བུ་བརྒྱུགས་ཡོང་།