བཅུ་བ། ཚེ་སྲོག་གི་འོད་སྣང་།
འགྱུར་སླ་བའི་རྒྱུ་གང་མང་ཞིག་འདུས་པ་ལས་སྐྱེ་བོ་སོ་སོའི་མི་གཞི་གྲུབ་པ་ཡིན་ལ། ཁྱད་རྟགས་དང་རྒྱུ་ཡོད་ཚད་ཇི་འདྲའི་ཡུན་ཐུང་ལ་འགྱུར་སླ་བ་ཞིག་མིན་ནམ། ཕ་རོལ་བོའི་སྐད་ཅིག་མའི་འཚོ་སྡོད་དེ་ཡང་ཕན་ཚུན་བརྟེན་ཅིང་འབྲེལ་བར་ཡོངས་སུ་འདུས་པའི་རྒྱུ་སྣ་ཚོགས་ལ་བརྟེན་ཡོད་པས། སྔོན་གྱི་རྒྱུ་དང་འདུས་པའི་རྒྱུ་གང་མང་ཞིག་ལ་བརྟེན་ནས་རྒྱུ་ཆ་དེ་དག་གྲུབ། —— ཡུའེ་ཧན·པུའུ་ལུའོ་ཧྥེ་ཨེར་ཏིག་གིས།
1976ལོར། ཀྲུང་གོའི་དམར་བོའི་སྲིད་དབང་བཙུགས་པའི་ཟླ་བཅུ་བར་ཡང་བཅིངས་འགྲོལ་གསར་བ་ཞིག་གི་འགོ་བརྩམས།
ཐོག་མའི་དགའ་སྟོན་རྟེན་འབྲེལ་ཞུ་ཚུལ་ཡང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ཚུལ་དང་ཁྱད་པར་ཆེན་པོ་མེད། དེའི་ཕྱིར་ཐོག་མའི་མི་མང་འདུ་འཚོག་དང་ཁྲོམ་སྐོར། དར་དམར་སོགས་ཀྱིས་གྲུབ་པའི་ཟང་ཟིང་ལང་ལོང་གི་རླབས་རྒྱུན་ཁྲོད། དབེན་གནས་སྤང་ཐང་གི་མི་རྣམས་ཀྱིས་ཡིད་སེམས་རྣལ་དུ་ཕབ་ནས་འུར་ཆ་མ་ལངས།
ཡིན་ཡང་ཚོར་སྣང་སྐྱེན་པའི་མི་རྣམས་ཀྱིས་འགྱུར་བ་འདིས་མཚོན་པའི་བརྡ་འཕྲིན་ལ་བསམ་གཞིགས་བྱེད་བཞིན་ཡོད།
དེ་ནི་གསར་བརྗེ་ཐེངས་ཤིག་གམ་ལས་འགུལ་རྐྱང་རྐྱང་ཞིག་གི་འགོ་བརྩམས་པ་ཡིན།
ཉི་མ་ནི་ཚོར་སྣང་སྐྱེན་པ་དག་གི་ཁྲོད་ཀྱི་མི་གཅིག་ཡིན་ཐག་ཆོད་རེད།
ཁོང་ཉིད་དགའ་འོས་པ་ཞིག་ལ་ཚགས་པར་དང་གློག་འཕྲིན། ཡུལ་ཚོའི་གློག་བརྙན་ཁྲོད་དུའང་དཔལ་འབྱོར་རིག་གནས་འཛུགས་སྐྲུན་སྐོར་དྲིལ་སྒྲོག་བྱེད་བཞིན་ཡོད། ཡིན་ཡང་དཔལ་འབྱོར་འཛུགས་སྐྲུན་ཐད་ཚོ་བ་ཆེན་པོ་དང་ད་ཆིན་སོགས་ཀྱི་འབོད་སྐུལ་དེ་དག་རིག་གསར་སྔོན་གྱི་ཁ་འབོད་དང་མཚུངས་ཀྱང་། ཚང་མས་དེར་རེ་བ་བཞག་ཡོད། རེ་བ་དེ་རུ་སེམས་ཁྲལ་ལམ་དོགས་སློང་རེ་ཡོད་ཀྱང་ཚང་མས་དེར་རེ་བ་བཞག་ཡོད།
ཉི་མའི་སེམས་ཁྲལ་དེ་ཡང་དངོས་གནས་བཤད་ན་སྤྱི་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་ཞིག་སྒྲུབ་ཐུབ་མིན་ལ་སེམས་ཁྲལ་བྱས་པ་རེད། ལོ་ངོ་དུ་མའི་དུས་འགྱུར་དང་འཚོ་བ་དངོས་ཀྱི་སྦྱོང་བརྡར་ཐོབ་པའི་ཉི་མར་ཆབ་སྲིད་ཀྱི་རླུང་ཁ་གང་འཁོར་རྟོགས་པའི་ཚོར་བ་སྐྱེན་པོ་ཞིག་ལྡན་ལ། དུས་རིམ་དེ་རྒྱུད་པའི་ཀྲུང་གོ་བ་ཚང་མར་དེའི་ཁྱད་ནུས་དེ་ལྡན་སྙམ།
ཉི་མས་ཆབ་སྲིད་ཀྱི་ཁོར་ཡུག་ཆ་རྐྱེན་མི་འདྲ་བའི་འོག་ཏུ་འཚོ་གནས་ཀྱི་ལམ་བུ་ཞིག་འཚོལ་བ་ནི་ཕུགས་འདུན་ཆེན་མོ་ཞིག་འགྲུབ་པའི་ཆེད་དུ་ཡིན།
ཆབ་སྲིད་ཀྱིས་ཀྲུང་གོ་བ་ཁ་ལོ་བསྒྱུར་ལ། ཀྲུང་གོའི་མི་རྣམས་ཀྱང་ཆབ་སྲིད་ལ་འཁེན་ཞིང་བརྟེན་ཡོད།
ཐོག་མའི་དགའ་སྟོན་དེ་སེམས་ཁྲལ་གྱི་རེ་སྒུག་ཅིག་ཏུ་གྱུར། ཉི་མ་ཁོ་རང་ས་ཆེན་མོར་ཡོམ་ཡོམ་དུ་ལྡིར་བའི་དཔྱིད་ཀའི་འབྲུག་སྒྲ་ཞིག་རྒྱང་རིང་གི་པེ་ཅིང་མཁར་ནས་གྲག་ཡོང་བར་ཡིད་ཆེས་བརྟན་པོ་བཅངས།
སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པས། ཀྲུང་གོའི་ས་གཞི་ཆེན་མོར་དངོས་གནས་འོད་སྟོང་འབར་བའི་ཉིན་བྱེད་བཟང་བོ་ཀུན་ནས་གསལ་ཞིང་། སྤྱི་ཚོགས་དང་མི་སོ་སོའི་ངོ་གདོང་ན་སྔར་ཡོད་མ་མྱོང་བའི་སྤྲོ་ཉམས་དང་གསོན་ཤུགས་ཀྱིས་ཁེངས། ཉི་མའི་སེམས་ཁོང་དུ་ལོ་ངོ་དུ་མའི་རིང་མནན་འདུག་པ་ཡོད་ཚད་ཁོ་བོའི་འཛུམ་ཞལ་ལས་མངོན་བྱུང་།
1.གར་སྟེགས་སྟེང་གི་མི་ཚེ།
ཉི་མའི་དུས་རིམ་གསར་བའི་ལས་འགོ་འཛིན་བྱེད་ནི་ཁོ་རང་གིས་ཆེད་གཉེར་གསོ་བ་རིག་པ་མིན་པར་སྒྱུ་རྩལ་གྱི་གོམ་པ་དང་བོས་ཁོང་གི་མཚར་སྡུག་ལྡན་པའི་མི་ཚེའི་འགྲུལ་བཞུད་ཀྱི་འགོ་བཟུང་།
1978ལོའི་ཟླ3པའི་ཚེས8ཉིན། མཛོད་དགེ་རྫོང་ཞོར་ལས་ཟློས་གར་ཚོགས་པ་དངོས་སུ་བཙུགས། འཁྲབ་སྟོན་པ་ཚང་མ་ཉི་མས་སྐྱོང་བའི་བཞག་སྡོམ་ཕྱུགས་ནད་འགོག་བཅོས་ས་ཚིགས་དང་ལྔ་བདུན་སློབ་གྲྭའི་སློབ་མ་རྣམས་ཡིན་པ་མ་ཟད། ཉི་མ་ནི་དོ་དམ་རྩོམ་སྒྲིག་འཁྲབ་ཁྲིད་པ་སོགས་སྤྱིའི་འགན་འཛིན་པ་ཡིན། ཁོང་གི་སློབ་མ་དགེ་རྒན་བླ་ཁོ་སྒྱུ་རྩལ་མཛུབ་སྟོན་པར་བཞག
འདི་ནི་རྔ་བ་ཁུལ་གྱིས་མི་བཞི་ཕྱོགས་ཁག་རྩ་མེད་བཏང་རྗེས་ཐེངས་དང་བོར་བཙུགས་པའི་དམངས་ཁྲོད་ཟློས་གར་ཚོགས་པ་རེད།
སྐབས་དེར་ནང་ལོགས་སུ་གཡོན་ལྷུང་གི་གནོད་སྐྱོན་དང་ནག་ཉེས་བགྲང་བའི་སྒང་ཡིན་ཡང་། ཉི་མས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དབང་དགོས་པའི་གོ་གནས་དང་སླར་གསོ་བྱེད་དགོས་པའི་དར་ཆ་མཐོན་པོར་བསྒྲེངས།
ཟློས་གར་ཚོགས་པས་ཐོག་མར་བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་གཞུང་སྟེ་དཔའ་བོའི་ལོ་རྒྱུས་མཚོན་པའི་གེ་སར་སྒྲུང་ལས《ཧོར་གླིང་གཡུལ་འགྱེད》ཅེས་པ་འཁྲབ་སྟོན་བྱས།
དེ་ཡང་ངག་རྒྱུན་དུ་ཐང་སྟོང་རྒྱལ་པོས་བོད་ཁུལ་གྱི་ཆུ་བོ་མང་བོར་ཟམ་པ་འཛུགས་ཆེད་བོད་ཀྱི་ཟློས་གར་གསར་གཏོད་བྱས་ཏེ་མ་དངུལ་བསྡུ་རུབ་བྱས་པའི་བཤད་སྲོལ་ཡོད།
རྗེས་སུ་འཕེལ་རྒྱས་བྱུང་སྟེ། ཞལ་འབག་དཀར་བོ་དང་ཞལ་འབག་སྔོན་པོ་ཁག་གཉིས་སུ་གྱེས་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་གུང་ཐང་སྐུ་ཕྲེང་གསུམ་པས་ཨ་མདོའི་ཟློས་གར་ཞེས་པ་གསར་གཏོད་བྱས་པས། མཛོད་དགེའི་ལས་ཞོར་ཟློས་གར་ཚོགས་པས་ཁག་འདིའི་སྲོལ་རྒྱུན་བསྐྱངས།
སྲོལ་རྒྱུན་བོད་ཀྱི་ཟློས་གར་དུ་ནང་ཆོས་ཀྱི་ཤན་ཤུགས་ཆེན་པོ་ཐེབས།
ཧྥ་རན་སེའི་བོད་རིག་པའིམཁས་པ་ཧྲི་ཐའེ་ཨན་གྱིས《བོད་ཀྱི་དཔལ་ཡོན》ཞེས་པའི་དཔེ་དེབ་ཏུ་བོད་ཀྱི་ཟློས་གར་ལ་འདི་ལྟར་གསལ་བཤད་བྱས་ཡོད་དེ། དེའི་བརྗོད་དོན་གཙོ་བོ་ནི་ཆོས་ལུགས་རང་བཞིན་དང་བློ་འགུག་རང་བཞིན་ཅན་ཞིག་ཡིན་ཡང་ཟློས་གར་ཞེས་པ་སྤྱིར་རྩེད་འཇོ་དང་རོལ་རྩེད་རང་བཞིན་ཅན་ཞིག་ཡིན།… … གར་སྟེགས་ཀྱི་དཀྱིལ་དུ་སྨ་ར་དཀར་ཞིང་རིང་བའི་རྒན་པོ་ཞིག་ལ་མཆོད་འབུལ་བྱེད་པ་དེ་རྗེ་ཐང་སྟོང་རྒྱལ་པོ་ཡིན།
བོད་ལྗོངས་སུ། ཟློས་གར་བརྩམས་ཆོས་ལ་རྟོགས་བརྗོད་དམ་ཡང་ན་རྣམ་ཐར་ཟེར་ཞིང་། དེ་ནི་ལོ་རྒྱུས་མཚོན་པའི་སྙན་ངག་ཏུ་ཡོད་པ་ཇི་བཞིན་ཡིན་ན་ཡང་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག་ངོ་མ《གེ་སར་སྒྲུང》ལ་སྤྱི་ཚོགས་རྙིང་བའི་ཁྲོད་ཀྱི་བཀས་བཀོད་སྟོབས་ཤུགས་ཀྱི་ཕྱིར་འབུད་དང་བཀག་གནོན་ཐེབས་ནས། བོད་ལྗོངས་སུ་ཞོ་སྟོན་དུས་ཆེན་ལ་ཟློས་གར་འཁྲབ་སྟོན་བྱས་ཀྱང་། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་མ་གཏོགས《གེ་སར་སྒྲུང》དང་བརྗོད་གཞི་གསར་བའི་ཟློས་གར་འཁྲབ་མི་ཆོག
ཉི་མས1978ལོ་ནས་བཟུང་དཀའ་ལས་མི་ཉུང་བ་ཞིག་མྱངས་ནས་གེ་སར་སྒྲུང་གི་སྐོར་འཁྲབ་སྦྱོང་བྱས་པ་རེད། འདིར་གདོང་གཏོད་དགོས་པའི་དཀའ་གནད་གཉིས་ཏེ། གཅིག་ནི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྣང་མེད་དུ་འཇོག་པའི་ལྟ་བར་གདོང་གཏོད་པའི་དཀའ་གནད་དང་། སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བསམ་བློ་རྙིང་བའི་ཤན་ཤུགས་ཀྱིས་མི་དམངས་ཀྱི་གསར་གཏོད་རང་བཞིན་ལ་དགག་པ་རྒྱག་པའི་བསམ་བློའི་ཐད་ཀྱི་དཀའ་གནད་གཉིས་ཡིན།
དུས་ཚིགས་ནི་དལ་དལ་ལྷོད་ལྷོད་ངང་དུས་བཞིའི་གོམ་འགྲོས་དང་བསྟུན་ནས་འགྱུར་བཞིན་ཡོད།
མེ་ཏོག་དཀར་དམར་ལྷུག་པར་བཞད་པའི་དུས་ཚིགས་ཤིག་ལ་ཉི་མས་བསྐྱར་དུ་སྒྲིག་པའི《ཧོར་གླིང་གཡུལ་འགྱེད》ཀྱི་འཁྲབ་གཞུང་དངོས་སུ་འཁྲབ་སྟོན་བྱེད་ཐུབ་སོང་། ཐོག་དང་བོའི་འཁྲབ་སྟོན་དེ་དགའ་སྟོན་གྱི་ལྟད་མོ་གཟབ་རྒྱས་ཤིག་ཏུ་གྱུར། རང་མི་རིགས་ཀྱི་སྒྱུ་རྩལ་ལ་ཁ་བྲལ་ནས་ཡུན་རིང་འགོར་བའི་མི་རྣམས་སྐོམ་པ་ཆུ་འདོད་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་འདིར་འདུས་ཤིང་། དེ་དག་ནི་བཞག་སྡོམ་ཡུལ་ཚོ་ཁོངས་ཡོངས་དང་། མཛོད་དགེ་རྫོང་གི་ས་ཆ་གཞན་པ། ཀན་སུའུ་དང་མཚོ་སྔོན་སོགས་ཀྱི་མང་ཚོགས་དང་འགོ་ཁྲིད་རྣམ་པ་རེད། ཉི་མས་རྣམ་པ་འདི་མཐོང་རྗེས་དགའ་བའི་འཛུམ་མདངས་ཁོག་ཏུ་སྦས་ཏེ་འཁྲབ་སྟོན་སྔོན་གྱི་ལས་ལ་བྲེལ།
འཁྲབ་སྟོན་གྱི་འགོ་བརྩམས་བྱུང་ལ། འཁྲབ་མཁན་ནི་ཉི་མ་རེད། ཁོང་གིས་སྔར་བཞིན་ཀྲུང་ཧྲན་ལྭ་བ་ཅུང་རྙིང་བ་དེའི་ཐོག་བོད་ལྭ་ཞིག་གྱོན་ཡོད་པ་དང་། ཡིན་ཡང་དེ་རིང་གྱོན་པའི་ཚི་ལེན་གྱི་གོང་བ་སྔོན་དང་མི་འདྲ་བར་ཧ་ཅང་དཀར་བས་མིག་འོད་ཀྱང་འཕྲོག་གྱིན་འདུག ཉི་མ་ལ་ཆ་རྒྱུས་ཡོད་པའི་མི་རྣམས་ཀྱིས་དགའ་བའི་འཛུམ་མདངས་དང་ལྡན་པའི་མི་དེ་རྟ་ཉོག་ལུག་ཉོག་གང་མང་འཆི་ལམ་ལས་བསྐྱབས་མྱོང་བའི་ཨ་ཁུ་ཉི་མ་ཡིན་པར་སུ་ཡང་ཡིད་མི་ཆེས། ཁོང་ནི་བྱས་རྗེས་ཅན་གྱི་ལྷ་རྗེ་ཞིག་དང་དགེ་བའི་བཤེས་གཉེན་ཞིག་ཡིན་པ་མ་ཟད། ད་ལྟའང་བག་ཕེབས་བརྟན་བརླིང་གི་འཁྲབ་ཁྲིད་པ་ཞིག་ཡིན་འདུག
ཉི་མའི་མིག་ཟུང་གི་སྔར་ཡོད་མ་མྱོང་བའི་དགའ་སྤྲོའི་འོད་སྣང་གིས་ཚང་མའི་ཡིད་དབང་བཀུགས།
ཉིན་དེར་ད་དུང་གཡོན་ཐལ་ཆེ་བའི་བསམ་བློའི་གྲིབ་མ་ལས་ཐར་མེད་པའི་འགོ་ཁྲིད་ལས་བྱེད་འགའ་རེ་གདན་ཞུས་ལྟར་འཁྲབ་སྟོན་ལ་ལྟ་བར་བསླེབས་ཡོད་མོད། ཁོ་ཚོས་འདི་ལྟ་བུའི་མ་སྐུལ་དང་བླངས་ཀྱིས་གྲུབ་པའི་མཛད་སྒོ་རྒྱ་ཆེན་མོའི་རྣམ་པ་མཐོང་ཚེ། ལམ་སང་ཡིད་ལ་བོད་ཁུལ་དུ་ཆབ་སྲིད་ལས་འགུལ་ཐེངས་འགའ་རེ་བྱུང་བར་བཀོལ་བའི་ཚིག་འགའ་ཞིག་དྲན་ཏེ། མྱུར་དུ་ཁ་ལོ་བར་ད་འགྲོ་ད་འགྲོ་ཞེས་མྱུར་བར་རླངས་འཁོར་དུ་བསྡད་དེ་རྫོང་ཐོག་ཏུ་བཞུད་སོང་། ཕལ་ཆེར་བདེ་འཇགས་ཀྱི་ས་ལ་ཐོན་ཡོད་སྙམ་ས་ཞིག་ནས་ཁ་ལོ་བར་ཉེན་ཁ་ཆེ། ཉེན་ཁ་ཆེ་ཞེས་ཟེར། ཉི་མས་དེ་དག་ཚང་མ་གསལ་བོ་མཐོང་ཡང་སྐབས་དེའི་སེམས་ཀྱི་སྤྲོ་བས་འདི་ལྟ་བུའི་དོན་དག་ཕྲན་བུ་སེམས་ལ་མ་བཅིངས། ཡང་གཅིག་བཤད་ན་འགོ་ཁྲིད་ལས་བྱེད་གང་མང་ཞིག་སྐུ་མགྲོན་གདན་ཐོག་ལ་བཞུགས་ནས་མཐོ་སྒང་གི་ཉི་འོད་དང་འོ་ཇ་མངར་མོ་ལོངས་སུ་སྤྱོད་བཞིན་འདུག
ཟློས་གར་འཁྲབ་སྟོན་འགོ་བརྩམས་བྱུང་།
སློབ་མ་རྣམས་ཀྱིས་ལོ་རྒྱུས་སྙན་ངག་སློབ་སྦྱོང་བྱེད་པ་ནས་བཟུང་དུས་དེ་རིང་ད་གཟོད་སྙན་ངག་ཁྲོད་ཀྱི་མི་སྣ་ཞིག་ཏུ་གྱུར་སོང་བས། གར་སྟེགས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་མི་རིགས་ཤིག་གི་འོད་སྟོང་འབར་བའི་ལོ་རྒྱུས་དུམ་བུ་ཞིག་ཟློས་གར་སྒྱུ་རྩལ་གྱི་ལམ་ནས་འཁྲབ་པར་སྟ་གོན་བྱས་ནས་སྒུག ཉི་མ་ཡོལ་བའི་རྒྱབ་ཏུ་འཛུལ་ཏེ་འཁྲབ་གོས་བརྗེ་སའི་སྦྲ་ནང་དུ་སོང་ནས། གསར་དུ་སྒྲིག་པའི་འཁྲབ་ཆས་ལ་ངོ་གདོང་གླན། དལ་ཞིང་རིང་བའི་དུང་ཆེན་གྱི་སྒྲས་སྔོན་ནས་བསུས་ཏེ་རྒྱ་གླིང་དང་། གླིང་བུ། རྔ། སྦུབ་ཆ་བཅས་ཀྱི་སྒྲ་རིམ་བཞིན་ཐོས་མ་ཐག་ཁོང་ལ་མིག་ཆུ་དབང་མེད་དུ་བཞུར་སོང་། མིག་ཆུ་ཡང་སྐབས་འགར་སེམས་པ་གསོ་བའི་སྨན་མཆོག་ཅིག་སྟེ། ཡུན་རིང་དུ་སེམས་སུ་ལུས་ཏེ་རྡོག་པོར་གྱུར་བའི་ན་ཟུག་ཡོད་ཚད་གཙང་མར་བཀྲུས་འགྲོ། ལམ་སང་མིག་ཆུ་ཕྱིས་ཏེ་མགོ་ཡར་བཀྱགས་པ་ན། སྐད་གསེང་མཐོ་བའི་གཞས་གདངས་སྙན་མོ་ཨ་སྔོན་དབྱིངས་ཀྱི་སྤྲིན་པ་ལེབ་མོའི་ཐོག་རིམ་བརྒྱུད་དེ་ནམ་མཁའི་དབྱིངས་སུ་ཁྱབ་པ་མཐོང་དུས། ད་གཟོད་ཁོང་ཉིད་རྩོམ་སྒྲིག་འཁྲབ་ཁྲིད་པའི་སྡོད་གནས་སུ་བཞུགས་ཏེ་མུ་མཐུད་དུ་འཁྲབ་སྟོན་ལ་བཀོད་འདོམས་བྱས།
འདི་ནི་ཡོད་ཚད་ལ་གསོན་ཤུགས་བསྐྱེད་པའི་དཔྱིད་ཀ་ངོ་མ་ཞིག་སྟེ། ཉེ་འཁོར་གྱི་མི་རྣམས་ཀྱིས་ཁོང་ཚོར་གདན་ཞུ་ཡི་གེ་བསྐུར། ཉི་མས་ཡང་ཁོང་གི་ལས་ཞོར་ཟློས་གར་ཚོགས་པ་རང་རྫོང་གི་ས་ཆ་སོ་སོ་དང་། ཉེ་འཁོར་ཞིང་ཆེན་གྱི་ས་ཆ་སོ་སོར་འཁྲབ་སྟོན་དུ་ཁྲིད།
དུས་མཚུངས་སུ། ཁོང་གིས་ད་དུང་སྒུག་ཡོད། ཁོང་གིས་ད་དུང་རེ་སྒུག་བྱས་ནས་ཡོད།
གལ་ཏེ་ཁོང་གི་སྔོན་ཆད་མང་ཚོགས་སློབ་གསོའི་ལམ་བུ་དེ་མིག་སྔའི་དངོས་དོག་གཅིག་པུ་ཙམ་ཐག་གཅོད་པར་དམིགས་ནས། མདུན་ལྗོངས་ག་འདྲ་ཡིན་པའི་འཕེལ་རྒྱས་ཀྱི་ཚོད་དཔག་ཅི་ཡང་མེད་པ་ཡིན་ན། ཁོང་ཉིད་ལའང་འདི་འདྲའི་རེ་སྒུག་ཅིག་གང་ནས་ཡོད།
དུས་ཡུན་རིང་བོ་ཞིག་ལ། སྔར་ཡོད་པའི་སློབ་གྲྭའི་རྣམ་པ་ཇི་ལྟར་རྒྱུན་སྐྱོང་བར་ཐུགས་ཁུར་ཡང་ཡང་གནང་།
སྐུ་ཞབས་ཉི་མ་དོན་མེད་ངང་སྒུག་བྱེད་པའི་མི་ནི་གཏན་ནས་མིན་པས། རེ་སྒུག་ཁྲོད་མུ་མཐུད་དུ་ནམ་རྒྱུན་གྱི་བྱ་བར་བྲེལ། ཞོར་དུ་ཟློས་གར་འཁྲབ་སྟོན་གྱི་སྦྱོང་བརྡར་ཡང་མ་ལྷོད། ཡང་ལས་རིགས་ཅི་ཞིག་གི་འཕེལ་རྒྱས་དེ་ངེས་པར་སྲིད་གཞུང་གི་བརྡ་རྟགས་ལ་སྒུག་དགོས་པ་ཁོང་གིས་མཁྱེན།
ཉེ་ཆར་པར་དུ་བསྐྲུན་པའི《རྔ་བ་ཁུལ་རིག་གནས་སྒྱུ་རྩལ་ལོ་རྒྱུས》ནང་དུ། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་རྔ་བ་ཁུལ་གྱི་བོད་ཀྱི་ཟློས་གར22བསྡུ་སྒྲིག་བྱས་ཡོད་ཅིང་། དེ་དག་ལས《སྲོང་བཙན་སྒམ་པོ》དང《དྲི་མེད་ཀུན་ལྡན》གཉིས་ནི་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་གཞུང་ཡིན་པ་དང་། གཞན20ལས《ཧོར་གླིང་གཡུལ་འགྱེད་ཀྱི་འཁྲབ་གཞུང་མུན་པ་རང་གསལ》དང《སྣང་ས་འོད་འབུམ》 《 བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》 《 ཐོན་མི་སམ་བྷོ་ཊ》 《 སྟག་གླིང་གཡུལ་འགྱེད》 《 མོན་གླིང་གཡུལ་འགྱེད》 《 ཨ་སྟག་ལྷ་མོ》 《 ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འཁྲབ་སྟོན་གྱི་ཚུལ་དུ་བཀོད་པ་སྐལ་བཟང་དད་པའི་འཇུག་ངོགས》 《 བལ་བཟའ་ཁྲི་བཙུན》 《 རྟ་རྒྱུག་རྒྱལ་འཇོག》 《 རྒྱལ་བོ་ཟླ་མཛེས་ཀྱི་རྣམ་ཐར་འཁྲབ་སྟོན་གྱི་ཚུལ་དུ་བཀོད་པ་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ》བཅས་ནི་ཉི་མ་དང་ཁོང་གི་སློབ་མ་རྣམས་ཀྱིས་ཕྱོགས་སྒྲིག་དང་འཁྲབ་སྟོན་བྱས་པའི་འཁྲབ་གཞུང་རེད། འཁྲབ་གཞུང་གཞན་དག་ནི་ཁོང་གི་སློབ་མ་བུད་དྷ་དང་ཀིརྟི་སྐྱབས། འཇམ་ཁོ། ཡོན་ཏན་སོགས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས་ཞེས་བཀོད་ཡོད།
1992ལོའི་དགུན་ཁར། རྔ་བ་ཁུལ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་བུད་དྷ་ཆེད་དུ་འབར་ཁམས་སུ་རྔ་བ་ཁུལ་གྱི་རིག་གནས་སྡེ་ཁག་ཏུ་སོང་སྟེ། ཁུལ་བཙུགས་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་མཛད་སྒོ་ལ་བོད་ཀྱི་ཟློས་གར་ཞིག་འཁྲབ་སྟོན་བྱ་རྒྱུའི་རེ་འདུན་ཞུས།
ངས་བུད་དྷ་ལ་རེ་འདུན་ཞུས་པའི་གནས་ཚུལ་དྲིས་པ་ན། ནམ་ཡང་སྐད་ཆ་བབ་སྟུན་ཞིག་བཤད་པའི་ཁོས་དགེ་རྒན་ཉི་མས་ཁོ་ཚོ་ཁྲིད་དེ་བོད་ཀྱི་ཟློས་གར་གསར་རྩོམ་བྱས་པའི་སྐོར་གྱི་གནས་ཚུལ་ལ་ཕྱིར་འདང་བརྒྱབ།
ཁོས་བཤད་རྒྱུར། ཨ་ཁུ་ཉི་མ་ཚང་ནམ་ཡང་རང་ཉིད་དགེ་རྒན་གྱི་ས་ནས་བཞུགས་ཏེ་ཆེ་ཉམས་མི་སྟོན་པར། འཁྲབ་གཞུང་གསར་རྩོམ་བྱེད་པའི་སྐབས་སུ། དུས་རྒྱུན་སློབ་མ་ཚོ་དང་མཉམ་དུ་གྲོས་བསྡུར་དང་བསམ་གཞིགས་བྱེད་པ་དང་། གལ་ཏེ་སློབ་མ་ཞིག་གིས་འཁྲབ་གཞུང་གི་བརྗོད་ཚིག་རེ་གཉིས་བཅོས་དགོས་ཚུལ་གྱི་བསམ་འཆར་བཏོན་ན། ཁོང་ཉིད་ཀྱིས་སློབ་མ་དེར་བསྔགས་བརྗོད་དང་སྐུལ་སློང་བྱས་ཏེ་དང་དུ་བླངས།
འདི་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་བཟང་བོ་ཞིག་སྟེ། ཁོང་གི་སློབ་གསོ་ནི་ཚོགས་ཐུན་གྱི་ཆུ་ཚོད་སྐར་མ་གཏན་འཁེལ་ཙམ་མིན་པར་ཟློས་གར་འཁྲབ་སྦྱོང་བྱེད་པ་བརྒྱུད་དེ་སློབ་གྲྭའི་རིག་རྩལ་འཚོ་བ་ཕུན་སུམ་ཚོགས་པ་དང་། དགེ་སློབ་ཀྱི་སྲོལ་རྒྱུན་རིག་གནས་ལ་ངེས་རྟོགས་ཟབ་མོ་བསྐྱེད་པར་བྱས། ཁོ་ཚོའི་སྒྱུ་རྩལ་གྱི་མོས་པ་བསྐྱེད་བསྲིང་བྱས་ནས་གསར་རྩོམ་ལ་ཞུགས་པའི་ཚ་རླབས་འཕྱུར་དུ་བཅུག་སྟེ། བརྩམས་ཆོས་འབོར་ཆེན་ཞིག་རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ་དུ་མར་བཀོད་ཟེར།
ངས་ཀྱང་ཁོ་བོའི་བསམ་ཚུལ་ལོས་ཤེས། ཟློས་གར་དེ་ཡང་ཁོ་ཚོའི་ཚོགས་ཐུན་ལས་གཞན་པའི་ཁྲིད་ཚན་ཞིག་ཡིན་པ་དང་ལྷག་པར་ཉི་མས་གསར་དུ་རྩོམ་པའི་ཟློས་གར་འཁྲབ་གཞུང་གཉིས་ཏེ་གཅིག་ནི་བོད་ཀྱི་གསོ་བ་རིག་པའི་དེད་དཔོན《གཡུ་ཐོག་ཡོན་ཏན་མགོན་པོ》དང་གཅིག་ནི《གངས་རིའི་ཁྲོད་ཀྱི་དེང་རབས་བོད་རིགས་གཞོན་ནུ》ཞེས་པའི་འཁྲབ་གཞུང་གསར་བ་གཉིས་ཀྱི་སྐོར་ཡང་ཁ་བརྡ་བྱས།
2.དཀའ་བ་ཁྱད་དུ་བསད་དེ་གོ་སྐབས་དམ་དུ་བཟུང་།
1980ལོར། ཉི་མས་སྒྲ་སྡུད་འཕྲུལ་ཆས་ལས《མི་དམངས་ཚགས་པར》དུ་བཀོད་པའི《མི་རིགས་ཀྱི་གནད་དོན་དེ་དོན་དངོས་སུ་གྲལ་རིམ་གྱི་གནད་དོན་ཡིན་ནམ》ཞེས་པའི་རྩོམ་ཡིག་ཅིག་སྒྲོག་བཞིན་པ་ཐོས་བྱུང་།
བཞག་སྡོམ་ཡུལ་ཚོར《མི་དམངས་ཚགས་པར》ཐོན་དུས་གཟའ་འཁོར་གཅིག་འགོར་འདུག ནང་དོན་སྒྲ་སྡུད་འཕྲུལ་ཆས་ལས་ཐེངས་དང་བོ་ཐོས་ཀྱང་། བྱ་དངོས་གང་ཞིག་མིག་མཐོང་ལག་ཟིན་བྱས་ན་ད་གཟོད་བདེན་པར་འཛིན་པ་ང་ཚོའི་གོམས་གཤིས་སུ་གྱུར་བས། ཉི་མས་ཀྱང་ཚགས་པར་དེ་ཐོན་པར་བསྒུག
ཚགས་པར་ཐོན་པ་ན་ཉི་མས་ཡང་ཡང་བཀླགས་ཏེ་དེར་དགའ་འོས་ཤིང་སེམས་འགུལ་ཐེབས་པའི་དུམ་ཚན་ཞིག་རྙེད།
བཅིངས་འགྲོལ་བྱས་རྗེས་ཀྱི་ཉམས་མྱོང་ལྟར་ན། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ། བྱ་བ་སྒྲུབ་ཐབས་གཉིས་ཡོད་དེ། གཅིག་ནི་གྲངས་ཉུང་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྟར་བྱ་བ་སྒྲུབ་པ་དང་། གཅིག་ནི་རྒྱའི་ས་ཁུལ་གྱི་སྲིད་ཇུས་དང་ལས་འགན། བྱེད་ཐབས་སོགས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་རྒྱུ་དེ་རེད། འདིའི་ཐད་ནས་ང་ཚོའི་ལས་ཀའི་མཇུག་འབྲས་ག་འདྲ་ཡིན་པ་ནི་བྱེད་ཐབས་གང་ཞིག་བཀོལ་བར་རག་ལས་ཡོད། གྲངས་ཉུང་མི་རིགས་ཀྱི་ས་ཆར་དུས་ད་ལྟའི་བར་གནད་དོན་གང་མང་ཞིག་ཡོད་པ་དང་། གལ་ཏེ་ང་ཚོས་དེའི་རྒྱུ་མཚན་ལ་རྟོག་ཞིབ་ནན་མོ་བྱས་ན། ཕལ་ཆེར་བ་ང་ཚོས་གོང་གི་བྱེད་ཐབས་གང་ཞིག་བཀོལ་བ་དང་འབྲེལ་བ་དམ་པོ་ཡོད། ཅེས་པེ་ཅིང་ནས་ཡོང་བའི་སྐད་ཅིག་གིས་ངོ་མ་ལག་ལེན་དེ་བདེན་དོན་ཡིན་མིན་འཇལ་བྱེད་ཀྱི་ཚད་གཞི་རུ་བཟུང་ཡོད་པ་བདེན་དཔང་བྱས་ཡོད་ལ། རྒྱ་ཆེ་ཞིང་གཏིང་ཟབ་པའི་གྲོས་བསྡུར་ཞིག་དོན་དངོས་ཀྱི་བྱ་སྤྱོད་རེ་རེར་གྱུར་བའང་ངང་གིས་རྟོགས་བྱུང་།
གུང་ཁྲན་ཏང་གིས་འདི་ལྟར་ལྷག་བསམ་ཟོལ་མེད་ཀྱིས་རང་ཉིད་ཀྱི་ནོར་བ་ངོས་འཛིན་བྱེད་པའི་སྤྱོད་ཚུལ་དེས་ཉི་མ་ལ་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་གཟི་བརྗིད་ཅིག་ཏུ་བརྩིས། ལྷག་པར་ཁོང་ལ་ཉམས་མྱོང་དང་འཆར་བཀོད་ངེས་ཅན་ལྡན་པའི་མི་རིགས་སློབ་གསོའི་མ་འོངས་མདུན་ལམ་ཐད་དུ་བྱ་བ་སྒྲུབ་པའི་གོ་སྐབས་ཡོད་པར་དགོངས་ནས་དགའ་བ་ཚད་མེད་སྐྱེས།
མཛོད་དགེའི་ས་ཆར་བཅིངས་འགྲོལ་བྱས་པ་ནས་དམངས་གཙོ་བཅོས་བསྒྱུར་དང་། དེ་ནས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བར་གྱི་དུས་རིམ་འདིའི་ནང་། སློབ་གསོས་གཏིང་ཟབ་པའི་གསར་བརྗེ་ཐེངས་ཤིག་ཀྱང་བརྒྱུད་ཡོད་དེ། སྒོ་བཀག་དང་སྒེར་སྡོམ་གྱི་དགོན་པའི་སློབ་གསོ་ནས་མི་ཀུན་གྱིས་སློབ་གསོ་ཐོབ་པའི་འགན་དབང་ལག་བསྟར་བྱེད་པའི་དེང་རབས་ཀྱི་སློབ་གྲྭའི་སློབ་གསོར་བསྒྱུར།
མཛོད་དགེ་རྫོང་དུ་དེང་རབས་སློབ་གསོའི་ཁྱད་ཆོས་ལྡན་པའི་སློབ་ཆུང་དང་བོ་སྟེ། ཆོས་རྗེ་སློབ་ཆུང་བཙུགས། 1959ལོར། བཞག་སྡོམ་ཡུལ་ཚོར་ཁང་སར་སློབ་ཆུང་བཙུགས་པ་དང་། 1964ལོར། ཁང་སར་སློབ་ཆུང་གི་སྐབས་དང་བོར་མཐར་ཕྱིན་སློབ་མ་བཅུ་ལྷག་ཡོད། ཡིན་ན་ཡང་། སྐབས་དེའི་རྔ་བ་ཁུལ་མཛོད་དགེ་རྫོང་དུ་ཁྱབ་སྤེལ་བཏང་བའི་དེང་རབས་སློབ་གསོའང་སྤྱིར་བཏང་གི་རྨང་གཞིའི་སློབ་གསོ་ཙམ་ལས། ད་དུང་འཐུས་སྒོ་ཚང་བའི་སློབ་གསོ་ཞིག་ཏུ་གྱུར་ཐུབ་མེད། སློབ་གྲྭའི་སློབ་ཚན་ཚང་མ་རྒྱ་སྐད་ཀྱིས་ཁྲིད་པ་དང་། སློབ་དེབ་ཀྱི་ནང་དོན་དང་། སློབ་ཚན་བཀོད་སྒྲིག སློབ་གྲྭའི་ལམ་ལུགས། སློབ་མ་བསྡུ་ཐབས། ལོ་རིམ་སྤར་ཚུལ་སོགས་གང་ཐད་ནས་རྒྱའི་ས་ཆའི་འགྲོ་ལུགས་ལྟར་དུ་སོང་།
1963ལོར། མཛོད་དགེ་རྫོང་ཡོངས་སུ་སློབ་ཆུང33ཙམ་བཙུགས་ཡོད་ལ། སློབ་མ1885ཙམ་ཡོད་པ་དང་། སློབ་གྲྭ་རེར་ཆ་སྙོམས་སློབ་མ་དྲུག་ཅུ་ལྷག་ཡོད། རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་དང་ལྷག་པར་དུ་མའོ་ཙེ་ཏུང་གི་ལྔ་བདུན་བཀའ་སློབ་ཤུགས་ཆེར་བསྐྱེད་པའི་སྒང་དེར། སློབ་གྲྭའི་སློབ་གསོ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། རང་གི་ས་གནས་དང་རང་མི་རིགས་ཀྱི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་སློབ་གསོའི་ཐབས་ལམ་གྱི་ཞན་ཆ་གསལ་བོར་མངོན། ཐོག་མའི་གནད་དོན་དེ་ནི་སྐད་མི་གོ་བ་དེ་ཡིན་ཞིང་། ས་དེ་གའི་སློབ་མས་སྤྱོད་པའི་སྐད་ནི་རང་སྐད་ཡིན་པས་ད་སོ་མར་སློབ་གྲྭར་ཞུགས་དུས་སྐད་གཞན་པ་ཞིག་སློབ་དགོས་ཁར་སྐད་དེས་མཚོན་པའི་བསླབ་གཞིའི་ནང་དོན་དེ་བས་ཀྱང་གོ་དཀའ། དེ་མིན་སློབ་མར་སྐད་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་པའི་ཆ་ནས་ཀྱང་ཁོའི་བསམ་གཞིགས་དང་ཚོར་བ། རིན་ཐང་གི་ལྟ་བ་སོགས་ཐག་གཅོད་པའི་སྐད་ཆའི་རིགས་སྟོབས་ནི་ཁོ་ཆེས་ཆ་རྒྱུས་ཡོད་པའི་སྐད་དེ་བོད་སྐད་ཡིན་པས། སློབ་མ་ཚོ་སློབ་གྲྭའི་བླང་བྱ་ལྟར་སློབ་མཐར་ཕྱིན་དཀའ། དེའི་ཕྱིར་སློབ་མ་མི་ཉུང་བ་ཞིག་སློབ་གྲྭར་ཡོད་པའི་དགོས་པ་ཡང་བསྡོམས་རྩིས་རིས་མིག་ཐོག་གི་གྲངས་ཤིག་གམ་ཨང་རྟགས་ཤིག་ལས་མ་འདས། ཡང་སློབ་མཐར་ཕྱིན་པའི་སློབ་མ་ཧ་ཅང་ཉུང་ཤས་དེ་ཡང་རིག་གནས་ཤེས་བྱ་ཧ་ཅང་མཁོ་བའི་རང་གི་ཕ་ཡུལ་དང་གྱེས་ཏེ་ས་ཆ་གཞན་དུ་ལས་གཉེར་ལ་བུད་འགྲོ།
འདི་དག་ཚང་མ་སྔོན་ཆད་ཀྱི་དགོན་པའི་སློབ་གསོ་ལྟ་བུ་ཕྱོགས་གཅིག་ནས་དེའི་བྱེད་ནུས་དང་དགེ་མཚན་ལ་སུས་ཀྱང་དམའ་འབེབས་དང་སྣང་མེད་དུ་གཏོང་མི་རུང་ལ། ཕྱོགས་གཞན་ཞིག་ནས་རང་བསམ་རང་འདོད་ཀྱིས་སྤྱི་ཚོགས་དང་འཚོ་བ་དངོས་ཀྱི་དགོས་མཁོ་དང་དམ་དུ་འབྲེལ་མི་ཐུབ་པས་རེད། དེའི་ཕྱིར་སྐབས་དེའི་སློབ་གསོ་དེ་ས་འདི་གའི་རང་གཞན་ཀུན་ལ་འབྲེལ་བ་མེད་པར་ཤུགས་ཀྱིས་སྐྱོད་ཀྱང་ཁ་ཕྱོགས་མེད་པའི་གྲུ་གཟེངས་ཆེན་པོ་ཞིག་དང་མཚུངས།
ཉི་མ་ཞེས་སྤྱི་ཚོགས་ཀྱི་མི་ཕལ་བ་ཞིག་གིས་ཁོ་བོའི་ནམ་ཡང་འཚོལ་སྙེགས་དང་རྟོག་ཞིབ་ཀྱི་མིག་ཟུང་གིས་གྲུ་གཟེངས་ཆེན་པོ་དེའི་མདུན་རྒྱབ་ཀུན་ལ་ལྟ་ཡག་རྟོག་ཡག་དང་། དེ་སྐྱོད་པའི་ཁ་ཕྱོགས་དང་རང་གིས་སྒྲུབ་པའི་སློབ་གསོའི་ཉམས་མྱོང་ལ་ཕྱིར་འདང་ཡང་ཡང་བརྒྱབ་སྐབས། ད་གཟོད་དགོན་པའི་སློབ་གསོ་དང་དེང་རབས་སློབ་གསོའི་དགེ་མཚན་ལ་སློབ་སྦྱོང་དང་མི་འདང་སའམ་སྙིགས་མའི་ཆ་རྣམས་རིང་དུ་དོར་ཏེ། ས་འདི་གའི་དོན་དངོས་དང་རིག་གནས་ལ་བསྟུན་པའི་མི་རིགས་སློབ་གསོའི་ལམ་བུ་ཞིག་བསྐྲུན་པའི་ཁོ་བོའི་རིག་ལམ་ཇེ་གསལ་དུ་གྱུར།
ད་ལྟ་དངོས་གནས་གོ་སྐབས་དེ་ཁོ་བོའི་མདུན་དུ་སླེབས་བྱུང་།
གཅིག་ནི་ཡང་དག་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ཤིག་སྒྲོག་བཞིན་པ་དང་། གཉིས་ནི་རྒྱལ་ཁབ་ཀྱིས་མི་ཤུགས་ནོར་ཤུགས་འབོར་ཆེན་ཞིག་བཀོལ་ནས་བསྐྲུན་པའི་སློབ་གསོའི་མ་ལག་དེ་རྣམ་པ་གསར་བའི་འོག་ཏུ་དོན་དངོས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་དཀའ་ངལ་ཡོང་བཞིན་པ་དེ་རེད།
ཆོས་སྒོ་ཕྱེ་ནས་ཆོས་ལུགས་བྱེད་སྒོ་རྒྱུན་ལྡན་དུ་གྱུར་རྗེས། སློབ་མ་མི་ཉུང་བ་ཞིག་ངལ་བ་འབྲས་མེད་ཀྱི་སློབ་གྲྭ་ནས་བུད་དེ་སྦྱང་ན་བྱང་སླ་བའི་བོད་སྐད་བོད་ཡིག་གིས་གྲུབ་པའི་བོད་ཀྱི་རིག་གནས་སློབ་པར་དགོན་པར་ཞུགས། འདིའང་མི་རིགས་རིག་གནས་ཕྱོགས་གང་ཐད་ནས་གསོན་ཤུགས་དང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཉག་གཅིག་མིན་སྲིད་མོད། འོན་ཀྱང་སྣང་ཚུལ་འདི་ཡིས་ང་ཚོར་ཅི་ཞིག་ནི་མི་དམངས་ལ་མཁོ་ཞིང་ཁོང་ཚོས་དང་ལེན་ཐུབ་པའི་སློབ་གསོ་ཡིན་པ་དྲན་སྐུལ་བྱེད་ཐུབ། འདིས་ང་ཚོར་གསལ་འདེབས་བྱེད་པ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚེ་སྲོག་ལ་མཉམ་འཇོག་བྱེད་དགོས་པ་དང་། ལྷག་པར་མི་རིགས་ཤིག་གི་གནས་བབ་ཅི་འདྲ་ཡིན་ཡང་དེར་རང་མི་རིགས་རིག་གནས་ཀྱི་ཁོངས་གཏོགས་ཀྱི་སྣང་བ་ཞིག་ཡོད་པར་མཉམ་འཇོག་བྱེད་དགོས་པ་བསྟན་ཡོད། མི་རིགས་ཤིག་མདུན་སྐྱོད་དང་འཕེལ་རྒྱས་སུ་འགྲོ་དགོས་ན་མི་རིགས་དེའི་འོད་སྟོང་འབར་བའི་རིག་གནས་ཀྱི་ཆ་གང་ཞིག་གཏའ་མར་འཇོག་མི་རུང་བ་བསྟན་ཡོད།
དེ་ལས་ཀྱང་གནད་དོན་ཞིག་འབུར་དུ་ཐོན་པ་ནི། སློབ་མ་མི་ཉུང་བ་ཞིག་སློབ་བྱོལ་བྱས་ཏེ། ཁྱིམ་དུ་ལོག་ནས་ཐོན་སྐྱེད་ངལ་རྩོལ་དུ་ཞུགས། འདི་གཙོ་བོ་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་ཐབས་ཀྱིས་ཡིན་པ་མ་ཟད། མི་རྣམས་སློབ་གསོ་ལ་ཡིད་ཆད་པའི་རྒྱུ་མཚན་ཡང་ཡིན་ཏེ། མིག་སྔའི་སློབ་གསོས་འབྲོག་པའི་བུ་རྒྱུད་ལ་སློབ་གསོ་མྱོང་དུ་བཅུག་སྟེ་འགོ་ཁྲིད་ལས་བྱེད་དང་། ཤེས་ལྡན་མི་སྣར་འགྱུར་དུ་བཅུག་མོད། ཡིན་ཡང་དེ་དག་གི་ཁ་གྲངས་ཧ་ཅང་ཉུང་བས། སློབ་མ་ཕལ་ཆེར་ཁྱིམ་དུ་ལོག་པ་དང་། འཚོ་བ་དངོས་སུ་སྤྱོད་མི་ཐུབ་པའི་སློབ་གྲྭའི་སྦྱང་ཚན་རིམ་བཞིན་བརྗེད་འགྲོ།
དུས་རབས20བའི་ལོ་རབས70བའི་དཀྱིལ་དུ། གནད་དོན་འདི་དག་སེལ་བའི་ཆེད་དུ་མཛོད་དགེ་རྫོང་གི་སློབ་གྲྭ་སོ་སོར་བོད་ཡིག་སློབ་ཐུན་ཁ་སྣོན་བྱས་ཀྱང་། དེ་ནི་ཟུར་རྒྱན་ཞིག་ཏུ་གྱུར་བ་ལས་སྔོན་དཔག་གི་མཇུག་འབྲས་མ་ཐོན།
ཉི་མའི་སེམས་སུ་ཉར་བའི་སློབ་གསོའི་ལམ་བུ་དེ་ཡང་རིམ་བཞིན་ལོ་ཏོག་བཞིན་འབྲས་བུ་སྨིན་བྱུང་།
སྔོན་ལས་ཀའི་དགོས་མཁོའི་ཆེད་དུ་བཙུགས་པའི་མིང་དང་འཆར་བཀོད་མེད་པའི་རིག་གནས་དང་ལག་རྩལ་གཉིས་ཀ་སློབ་དགོས་པའི་སློབ་གྲྭ་དེ་ནས་བཟུང་། རྫོང་གི་ལྔ་བདུན་སློབ་གྲྭའི་བར། མི་ལོ་ཉི་ཤུ་འགོར་ཡོད། དེར་ལས་རིགས་ལག་རྩལ་སློབ་གསོ་དང་དར་མའི་སློབ་གསོ། དེ་མིན་སྤྱིར་བཏང་སློབ་གསོ་གཅིག་ཏུ་འདུས་པའི་གཞི་རྩའི་རྒྱུ་ཆའང་འདུས་ཡོད།
1960ལོ་ནས1980ལོའི་བར། མི45077ཙམ་བསྐྱེད་བསྲིང་བྱས་ཡོད་པ་དང་། འདི་དག་ལས་ཕལ་ཆེར་བོད་ཕྱུགས་ནད་གསོ་བ་རིག་པའི་སྨན་པ་དང་རྩིས་འགོད་པ། བོད་ཡིག་དམངས་བཙུགས་སློབ་གྲྭའི་དགེ་རྒན་དང་བོད་སྨན་གྱི་སྨན་པ། གཞི་རིམ་གྱི་ལས་བྱེད་པ་བཅས་ཡིན་པས། ས་དེ་གའི་ཞིང་འབྲོག་ཐོན་སྐྱེད་ལ་བྱེད་ནུས་གལ་ཆེན་ཐོན་ཡོད། འདི་ལྟ་བུའི་མི་སྣ་ནི་དངོས་གནས་རྗེས་ལུས་ཀྱི་མི་རིགས་ཤིག་མདུན་སྐྱོད་ཀྱི་ལམ་དུ་ཞུགས་པར་མེད་དུ་མི་རུང་བ་ཞིག་ཡིན། དེ་དག་ལས་བཞག་སྡོམ་དང་མཛོད་དགེ་རྫོང་ས་ཁུལ། ཀན་སུའུ་དང་མཚོ་སྔོན་ཡུན་ནན། བོད་ལྗོངས། ནང་སོག ཤིན་ཅང་སོགས་ཞིང་ཆེན་གཞན་པའང་ཡོད་པས། ཁོང་གི་སློབ་སྒྲུབ་ཐབས་ལམ་ལ་སྤྱི་ཚོགས་སུ་གྲགས་འགུལ་ཆེན་པོ་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་ཐབས་ལམ་གསར་བ་ཞིག་བཙལ་དགོས་སྙམ་པའི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་མཐོང་ཆེན་ཚད་མེད་བྱས། ཉི་མས་དུས་དེར་བསམ་བློ་གཏོང་ཡུལ་ནི་སློབ་གསོའི་རྣམ་པ་གསུམ་པོ་གཅིག་འདུས་ཁྲོད་ཀྱི་སྤྱིར་བཏང་གི་སློབ་གསོའི་གྲུབ་ཆ་རྒྱ་ཆེར་སྤེལ་རྒྱུ་དེ་ཡིན།
སྐབས་དེར་ཡངས་པའི་སྤང་ཐང་ཡང་ན་བོད་ཁུལ་ཡོངས་སུ་ཡང་དག་པའི་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་བསྟུན་ནས་ཀིརྟི་དགོན་པ་དང་། དགོན་པ་གཞན་དག་ཀྱང་མུ་མཐུད་སླར་གསོ་བྱས། སྔོན་གྱི་གྲྭ་བ་ཚོ་ཡང་ཕྱིར་དགོན་པར་བསླེབས་ཏེ་རང་ཁ་རང་གསོ་དང་བསླབ་པ་སློབ་གཉེར་ལ་འབད།
ཁོང་ནི་དགོན་པའི་གཞུང་བཀའ་པོད་ལྔ་ཁོང་དུ་ཆུད་པའི་དགེ་བཤེས་ཡིན་ཞིང་། དགོན་པ་ནས་སྤྱི་ཚོགས་སུ་ཕེབས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་ཡོད། ཁོ་བོས་འབད་པ་ལྷུར་ལེན་གྱིས་ཤེས་བྱ་ཡོན་ཏན་སློབ་ཅིང་ཁྱབ་སྤེལ་བྱེད་པ་ལས། ཁོང་ལ་བུ་བུ་མོ་སོགས་ཁྱིམ་ཐབ་མེད་ལ་བསགས་པའི་རྒྱུ་ནོར་ཡང་མེད།
ལོ་ན་རྒས་པའི་ཁོ་བོའི་ཨ་མས་ཡིད་མི་དྭངས་པའི་རྣམ་འགྱུར་གྱིས་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་པའི་བུ་ལ་ལྟ་འདུག རྒྱུ་མཚན་ནི་མོའི་བུ་ཡང་དགོན་པར་འགྲོ་དགོས་རྒྱུ་དེ་རེད། ཆོས་ལུགས་དང་རང་གི་བུ་གཉིས་ནི་བྱམས་བརྩེ་དང་ལྡན་པའི་རྒན་མོ་ཨུ་ཚུགས་ཅན་འདིའི་སེམས་ཀྱི་གཏད་སོར་གྱུར། ཁོ་མོས་ཟེར་ན་རང་ཉིད་ཤི་ལ་ཉེ་བ་དང་། སེམས་ཁུར་ཞིག་ཡོད་པ་ནི་རང་གི་བུ་དེ་རེད། གལ་ཏེ་དགོན་པར་སོང་ནས་སྒྲུབ་སྦྱོང་རེ་བྱས་ན་ད་གཟོད་ཤི་ཡང་དམྱལ་བར་མི་ལྷུང་ཟེར།
ཉི་མ་གད་མོ་ཤོར་སོང་། གལ་ཏེ་སྤང་ཐང་འདིའི་རྒྱ་ཆེའི་སྤུན་ཟླ་རྣམས་ལ་ཕན་ཞིག་ཐོགས་པར་རང་ཉིད་དམྱལ་བ་ལྷུང་བ་མ་རྩར་འཇོག་དགོས་ཀྱང་མི་འགྱོད་སྙམ།
ཨ་མ་ཚེ་ལས་འདས་རྗེས། ཁོང་གིས་མོ་བདེ་བ་ཅན་དུ་སྐྱེ་བར་བསྔོ་སྨོན་དང་གསོལ་འདེབས་ཡང་ཡང་བྱས།
ཁོང་གི་བསམ་བློ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད།
མི་རྣམས་ཀྱིས་ཆོས་ལུགས་ལ་ལྷག་བསམ་ཟོལ་མེད་ཀྱིས་དད་གུས་བྱེད་པར་ཁོང་གིས་བསམ་བློ་ཞིབ་མོ་བཏང་། ཁོང་གིས་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ལ་དེ་ལས་ཀྱང་ལྷག་པའི་ངེས་རྟོགས་རྙེད། ཡང་བསྐྱར་རང་གིས་བསྒྲིགས་པའི་བོད་སྐད་ཡིག་དང་། བོད་ཀྱི་གསོ་བ་རིག་པ། བོད་ལུགས་ཕྱུགས་ནད་གསོ་རིག རྩིས་གཉེར། ཞིང་ལས་ལག་རྩལ་སོགས་ཀྱི་སློབ་དེབ་ལ་ཡང་བལྟ་བ་དང་ཕྱོགས་བསྡོམས་བྱས་པ་ན། གཙོ་བོ་བོད་ཡིག་དང་བོད་ལུགས་ཕྱུགས་སྨན་གཉིས་ཀྱི་ཆ་ནས། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལས་ཉིང་བཅུད་བསྡུ་ལེན་དང་། དགོན་པའི་སློབ་གསོ་དང་དེང་རབས་སློབ་གྲྭའི་སློབ་གསོ་དང་མི་འདྲ་བའི་ཁྱད་པར་ལྡན་པས། ད་གཟོད་སློབ་གསོའི་ལམ་བུ་འདི་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་རྟོགས།
དུས་རིམ་གསར་བའི་འགོ་ནས་བཟུང་། རྒྱལ་ཡོངས་ཀྱིས་སློབ་གསོ་ལ་སྔར་ལས་ལྷག་པར་གཙིགས་ཆེན་བྱེད་པའི་སྐལ་བ་བཟང་བོ་ཞིག་ཐོན་པས། ཆབ་སྲིད་སྣང་ཚུལ་ལ་ཆ་རྒྱུས་ཆེ་བའི་ཉི་མས་ད་ནི་སྔར་ཡོད་མ་མྱོང་བའི་གོ་སྐབས་བཟང་བོ་ཞིག་ཐོན་སོང་སྙམ་ནས་གོང་རིམ་ལ་ཚད་ལྡན་གྱི་བོད་ཡིག་གིས་བསླབ་ཚན་གཞན་དག་ཁྲིད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་འབྲིང་ཞིག་འཛུགས་རྒྱུའི་སྙན་ཞུ་འབྲི་མགོ་བརྩམས།
ཁོང་གིས་ཀྱང་གོང་རིམ་གྱི་ཏང་ཨུ་སྲིད་གཞུང་གིས་རྒྱབ་སྐྱོར་ཐོབ་པར་ཡིད་ཆེས་བརྟན་པོ་བཅངས། མཛོད་དགེ་རྫོང་ནས་འབར་ཁམས་བར་དོན་དག་ཅིག་ཀྲུང་གོའི་འགྲོ་ལུགས་ལྟར་ཆོག་མཆན་དང་རྒྱབ་སྐྱོར་ཐོབ་པའི་གོ་རིམ་བརྒྱུད། བྱ་བ་དེར་མགོ་ནས་མཇུག་བར་བཀག་རྡོ་གཅིག་ཀྱང་མེད་པ་མིན་མོད། འོན་ཀྱང་དུས་རབས་ཤིག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པས་མི་རེ་གཉིས་ཀྱི་བསམ་བློའི་དབང་དུ་མ་སོང་། སྙན་ཞུ་དེ་རིམ་པ་སོ་སོའི་ཆོག་མཆན་བརྒྱུད་དེ་འཐུས་སྒོ་ཇེ་ཚང་དུ་བཏང་།
ཉིན་དེར་དངོས་སུ་བསླེབས་བྱུང་།
ཉི་མ་རྫོང་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་མཉམ་དུ་ཞིང་ཆེན་དུ་ཆོག་མཆན་དང་རོགས་སྐྱོར་གྱི་མ་དངུལ་སློང་བར་འགྲོ་དགོས་བྱུང་། སྐབས་དེར་གོམ་པའི་འདེགས་འཇོག་ཡང་བའི་ཁོ་བོའི་སེམས་སུ་ཁོ་རང་ཉིད་དང་ཁོའི་རྐང་འོག་གི་ཡངས་པའི་སྤང་ཐང་འདི་གཉིས་གཞི་གཅིག་ཏུ་གྱུར་པའི་ཚོར་བ་ཞིག་དང་དེ་ནི་ཇི་འདྲའི་རླབས་ཆེན་དང་གཟི་བརྗིད་ཀྱི་ཚོར་བ་ཞིག་རེད་སྙམ།
འདིའི་ཐད་ནས་ཨ་མའི་སྐྱོ་སྣང་གི་ཚོར་བ་དེ་ལའང་གནས་ལུགས་ཡོད་དེ། ད་ནས་བཟུང་དུས་ཚོད་དམ་འཛིན་གྱིས་དོན་ཞིག་གཉེར་བ་ལས་ལས་སླ་མོར་རང་ཉིད་རང་ལ་ཡིད་ཚིམ་པའི་ཚོར་བ་ལས་འདའ་དགོས་སྙམ།
རེད་དེ། མི་ཞིག་ས་ཆེན་མོ་དང་གཞི་གཅིག་ཏུ་གྱུར་བའི་ཚོར་བ་དེ་ནི་མཛེས་ཤིང་ལྗིད་ཏིག་ཏིག་གི་ཚོར་བ་ཞིག་ཡིན་ལ། གང་ཟག་ཅིག་མི་རིགས་ཤིག་དང་མཉམ་དུ་སྦྲེལ་བའི་ལས་དབང་དེའང་ཇི་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་མིན་ནམ།
1980ལོའི་དཔྱིད་ཀར། དགུན་གྱི་འཁྱགས་རོམ་གང་སར་ཞུས་ནས། དབྱིག་འཛིན་སྒེག་མོར་དྲི་ངད་ལྡང་བའི་སྐབས་འདིར།
ཉི་མས་དགོན་པར་ཡོང་བའི་གྲྭ་བ་ཚོར་ཁྱོད་ཚོས་ལྷིང་འཇགས་ཀྱི་འཚོ་བ་རོལ་དང་ངས་དགེ་རྒན་ཞིག་བྱེད་འདོད་ཟེར།
ཁྱོད་ལམ་ཁྲིད་པ་ཞིག་བྱེད་འདོད་དམ་ཞེས་དྲིས་དུས།
ཁོང་གིས་ངས་ཐུབ་ན་ངས་བྱེད་ཟེར།
ཡང་གཞན་ཞིག་གིས་ཁྱོད་ཆབ་སྲིད་ལ་གོ་རྟོགས་ཡོད་པ་ཞིག་ཏུ་གྱུར་ཡོད་ཟེར་བ་ན།
དེའི་ལན་དུ་ང་ཚོས་འཚོ་སྡོད་བྱེད་བཞིན་པའི་མི་ལ་ཅི་ཞིག་མཁོ་བ་ད་གཟོད་ཤེས་པས་ཡིན་ཟེར།
འདིར་དོན་དག་གཞན་ཞིག་བར་སྐབས་ཀྱི་ངལ་གསོའི་ཚུལ་དུ་གླེང་ན།
ཁོང་གི་སློབ་མ་བུད་དྷ་དགོན་པ་གཉིས་ཀྱིས་དུས་མཉམ་དུ་སོ་སོའི་བླ་མའི་ཡང་སྤྲུལ་དུ་ངོས་བཟུང་། དེ་ལས་དགོན་པ་ཞིག་གི་མཚན་སྙན་གྲགས་རྒྱས་པའི་སྤྲུལ་སྐུ་ཞིག་གིས་ཁོང་གི་ཨ་ཁུ་གཉིས་ལ་ཁ་བཏགས་དང་། ཆོས་གོས། ཕྱག་རྟེན་སོགས་གནང་ནས་བུད་དྷ་དགོན་པར་བསུ་རུ་མངགས། དུས་དེར་བུད་དྷ་ཨ་སྐྱིད་ཕྱུགས་རའི་ཕྱུགས་ཟོག་སྨན་པ་བྱེད་བཞིན་ཡོད་ལ་ལམ་སེང་རྒན་ཉི་མའི་མདུན་དུ་ཁོང་ལ་བློ་འདྲི་རུ་སོང་།
ཉི་མ་ལ་རང་གི་ལྟ་ཚུལ་ཡོད་ཀྱང་། རང་གི་བསམ་འཆར་མི་གཞན་ལ་བཙན་འཇོག་བྱེད་པ་ནི་ཉི་མའི་གཤིས་ཀ་མིན་པས། བུད་དྷ་ལ་ཁོང་གིས་ད་ཁྱོད་ནར་སོན་ཡོད་པས་དགོན་པར་ཞུགས་མིན་རང་གིས་ཐག་གཅོད། བླ་མར་ཞུགས་ན་སྐྱིད་པོ་བདེ་མོ་དང་། གཞན་གྱིས་གུས་གུས་ཞུམ་ཞུམ་བྱ་མོད། ངས་བལྟས་ན་ན་གཞོན་རྣམས་ནི་མ་འོངས་པའི་རེ་བ་འཇོག་ཡུལ་ཡིན་པས། ཁྱོད་བླ་མར་མ་ཞུགས་ནའང་ཁོ་ཚོས་མི་གཞན་པ་བཙལ་ངེས། ངའི་རེ་བ་ནི་ཁྱོད་ཀྱིས་ཤེས་ཡོན་ལེགས་པོ་ཞིག་སྦྱངས་ནས་ངའི་འགྲམ་དུ་སློབ་གསོའི་བྱ་བ་ཞིག་གཉེར་རྒྱུ་དེ་ཡིན་ཞེས་གསུངས།
གལ་ཏེ་ཁོང་གིས་རང་གི་སློབ་མར་ལས་ཞུགས་ཀྱི་བྱ་བའི་གདམས་གསེས་ལ་ཤུགས་རྐྱེན་ཞིག་ཐེབས་ཡོད་ཟེར་ན། དེ་ནི་ཁོང་གིས་བུད་དྷ་ལ་ཁོ་བོའི་མི་རིགས་སློབ་གསོའི་དགོངས་འཆར་དང་དངོས་བརྒྱུད་གང་རུང་ནས་མི་རིགས་རིག་གནས་བསྐྱར་དར་ལམ་བུའི་ཁ་གང་ལ་ཕྱོགས་དགོས་པ་བསྟན་པ་དེ་རེད།
ཟླ་དྲུག་པའི་སྔོ་ཞིང་བསང་བའི་ཉིན་ཞིག་གི་ཕྱི་དྲོ། བོད་ཡིག་སློབ་འབྲིང་དུ་སློབ་མ་ཚོས་ཡི་གེ་འདོན་པའི་སྐད་ལྷང་ལྷང་དུ་གྲག་ཅིང་། སྒེའུ་ཁུང་ཕྱེ་བ་ན་ཕྱིའི་སྔོ་ལྗང་དུ་གྱུར་བའི་སྤང་ཐང་ལ་ཡང་སྔོན་དང་མི་འདྲ་བའི་གསོན་ཉམས་རྒྱས་འདུག
བུད་དྷས་ང་འདི་ལྟར་དགེ་རྒན་གྱི་གམ་དུ་སློབ་གྲྭར་ཡོང་སྟེ་ད་ལྟའི་བར་དགེ་རྒན་དང་ཁོང་གི་ལག་རོགས་བྱས་ཟེར།
དེ་རིང་ཁོང་རྔ་བ་ཁུལ་གྱི་ཕྱི་ནང་ཀུན་ཏུ་མིང་གྲགས་ཆེ་བའི་སློབ་གྲྭ་འདིའི་སློབ་གཙོར་གྱུར་ཡོད།
ཁོ་བོ་སློབ་ཁྲིད་ལ་སོང་ཤུལ། བདག་གི་བསམ་པར་འཚོ་བའི་ཆ་རྐྱེན་ཞན་པའི་ལུང་ཁུག་འདི་ནི་ཁོ་རང་མི་ཚེའི་གདམས་ཀ་གང་མང་ཞིག་ལ་འཕྲད་ངེས་པས། དགེ་རྒན་གཤེགས་ཤུལ་ཁོ་རང་གིས་རྒན་གྱི་ཐུགས་འདུན་ཞེ་རུ་བཅངས་ཏེ་ཐོག་མའི་གདམ་ཀ་དེ་ཚེ་གང་བོའི་གདམ་ཀ་ཞིག་ཏུ་འཇོག་གམ་སྙམ།
《 གངས་རིའི་ཁྲོད་ཀྱི་དེང་རབས་བོད་རིགས་གཞོན་ནུ》ཞེས་པ་གསར་དུ་བརྩམས་པ་དང་། འཁྲབ་གཞུང་དེ་ནི་ཉི་མས་རང་གིས་བཙུགས་པའི་བོད་ཀྱི་ལས་ཞོར་ཟློས་གར་ཚོགས་པར་ཆེད་དུ་གསར་རྩོམ་གནང་བ་ཞིག་རེད།
དུས་རབས20བའི་ལོ་རབས80ཡི་དུས་འགོ་ཙམ་དུ། ཉི་མས་འཁྲབ་གཞུང་གཉིས་གསར་དུ་བརྩམས་ཡོད་དེ། གཅིག་ནི《གཡུ་ཐོག་ཡོན་ཏན་མགོན་པོ》ཡིན་ལ་གཙོ་བོ་བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་ཐོག་མ་གསར་གཏོད་མཛད་མཁན་གང་དེར་དད་གུས་མཚོན་ཆེད་དང་། གཉིས་ནི《གངས་རིའི་ཁྲོད་ཀྱི་དེང་རབས་བོད་རིགས་གཞོན་ནུ》ཞེས་ཁོང་ཉིད་ཀྱི་མ་འོངས་རེ་འདོད་མཚོན་བྱེད་ཅིག་ཡིན།
ཁོང་གི་སློབ་མ་ཚོས་འཁྲབ་གཞུང་འདི་དུས་རབས་དེར་རང་མི་རིགས་ལ་དཀོན་ཞིང་མི་འགྱངས་པར་དོན་ཐོག་ཏུ་སྨིན་ན་འདོད་པའི་ཁོང་གི་རེ་འདོད་མཚོན་པའི་རྩོམ་ཞིག་ཡིན་ལ་སྔོན་ནས་བརྩམས་ཀྱང་ཡུན་རིང་ལ་འཁྲབ་སྟོན་མ་ཐུབ། དེའི་ནང་དུ་བོད་ཀྱི་གཞོན་ནུ་ཞིག་གིས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་མཐར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་རིག་གནས་སློབ་པ་དང་། སློབ་མཐར་ཕྱིན་རྗེས་ཚང་མས་ཡིད་སྨོན་བྱེད་སའི་གྲོང་ཁྱེར་གྱི་འཚོ་བ་རྒྱབ་ཏུ་བསྐྱུར་ནས་ཕྱིར་སྤང་ཐང་དུ་ལོག་སྟེ་གཞི་རིམ་དུ་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་དར་སྤེལ་གཏོང་བར་རང་ཉིད་ཀྱི་ཡོད་ཚད་ཕུལ་བའི་གནས་ཚུལ་བྲིས་ཡོད།
གཏམ་རྒྱུད་ཀྱི་བརྗོད་དོན་གསལ་ཞིང་རྗོད་བྱེད་སྙན་པའི་ཁྱད་ཆོས་ལྡན་ཡང་། འོན་ཀྱང་ད་ལྟའི་བར་གནད་དོན་གཅིག་ཐག་བཅད་མེད་པ་ནི་ཆེས་མཐའ་མཇུག་གི་འཁྲབ་ཚན་དེ་རེད།
འདིའི་ཐད་ནས་གཞུང་ལུགས་ཀྱི་རྨང་གཞི་ཟབ་མོ་ཡོད་ལ་ཕྱོགས་བསྡོམས་དང་སྨྲ་བརྗོད་ལ་མཁས་པའི་རྔ་བ་ཁུལ་གྱི་ཁུལ་དཔོན་ཚེ་དཔག་སྐྱབས་ངེད་གཉིས་ཁ་བརྡ་བྱས་པར་ཁོང་གིས་བཤད་རྒྱུར། རྒྱུན་པར་ལྷམ་མི་གོན་པའི་མི་རྐང་རྗེན་དུ་འགྲོ་བར་རྡོ་ཧྲུག་དང་ཚེར་མ་བརྒྱག་པར་མི་སྐྲག་ལ། ལྷམ་གོན་མྱོང་བའི་མི་རྣམས་ད་གཟོད་གྲོང་གསེབ་ཀྱི་ལམ་དུ་འགྲོ་མི་འདོད། དེ་དག་རྡོ་དང་ཚེར་མས་རྐང་བར་གནོད་པ་སྐྲག་པ་མིན་པར་རྐང་མགོའི་ལྷམ་དྲལ་བར་དོགས་ཞེས་ཟེར། སློབ་གསོའི་དམིགས་ཡུལ་ནི་མི་རིགས་ཀྱི་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་དེ་ཡིན་ལ། ལྷག་པར་གྲངས་ཉུང་མི་རིགས་ཀྱི་སློབ་གསོས་ས་དེ་གའི་མི་རྣམས་ཡུལ་དེའི་རིག་གནས་ཀྱི་ཁྱད་ཆོས་སམ་བསམ་བློ་དང་བསྟུན་པའི་མི་སྣ་གསོ་སྐྱོང་བྱེད་དགོས།
དུས་རབས20པའི་ལོ་རབས70བར་ཀྲུང་གོ་ན་མཐའ་གཉིས་སུ་ལྷུང་བའི་གནས་ཚུལ་ནི། གཅིག་ན་དངོས་སུ་སྤྱོད་ཐུབ་པའི་ལག་རྩལ་བ་གང་ཐད་ནས་ཉུང་ཡང་དེ་མི་སློབ་པར་ཚང་མ་གཞུང་ལུགས་ཟབ་པའི་མཚན་ཉིད་རིག་པ་དང་འབྱོར་མེད་གྲལ་རིམ་གྱིས་དབང་བསྒྱུར་བྱེད་པའི་ཆ་རྐྱེན་འོག་ཏུ་གསར་བརྗེའི་གཞུང་ལུགས་དང་། ཆོས་ལུགས་སམ་འཇིག་རྟེན་ལྟ་ཚུལ་ཐད་ཀྱི་རྩོད་གླེང་། རིག་རྩལ་གྱི་བྱེད་ནུས་དང་ཁྱབ་ཁོངས་སོགས་ལ་ཕྱོགས་ནས་འགོ་ཁྲིད་ལས་བྱེད་སུ་ཡིན་ཡང་རྩོམ་རིག་ནི་འཚོ་བ་ལས་བྱུང་ལ་ཡང་འཚོ་བ་དངོས་ལས་མཐོ་རིམ་དུ་གནས་པ་ལྟ་བུའི་གཞུང་ལུགས་འཆད་མཁན་ཏག་ཏག་མ་གཏོགས། རང་གི་ལས་གནས་དང་ཞབས་འདེགས་བྱེད་ཡུལ་གྱི་གནས་ཚུལ་དང་དགོས་མཁོ་དང་བསྟུན་པའི་ཤེས་རིག་ལག་རྩལ་དེ་མི་སུ་ཡིན་ཡང་ཧ་ཅང་དཀོན།
ཡིད་ཕངས་པ་ཞིག་ལ་བདེན་དོན་དེ་མི་ཆེ་གེ་མོའི་མདུན་དུ་བདེན་དོན་ཡིན་ཡང་མི་འགའ་རེའི་མདུན་དུ་བདེན་དོན་དེ་ཡང་ལད་ཟློས་ཙམ་ལས་ཅི་ཡང་མིན།
ཉི་མ་ནི་ལོ་ཟླ་དེའི་ཁྲོད་ཀྱི་མི་ཉམས་མྱོང་ཅན་དེ་རེད། ལས་འགུལ་དེ་དག་ཏུ་དངོས་ཞུགས་མཁན་ཡང་ཡིན་ལ། གལ་ཏེ་ནང་མིར་མ་འཛིན་པར་ཕྱི་རུ་ཕུད་མེད་ན། འདི་ནི་ཆབ་སྲིད་ལས་འགུལ་ཁྲོད་ཀྱི་རང་ཉིད་འཚོ་གནས་ཀྱི་དགོས་མཁོ་ཡིན་ལ། ཁོ་བོའི་གཤིས་ཀའི་ཁྲོད་ཀྱི་ཤེས་རིག་དང་བློ་རིག་གཉིས་འཛོམས་ཀྱི་ཆ་དེའང་རེད། ཁོང་གིས་ཀྱང་རྩོམ་རིག་ནི་འཚོ་བ་ལས་བྱུང་ལ་ཡང་འཚོ་བ་དངོས་ལས་མཛེས་ཟེར་བའི་གནས་ལུགས་རྟོགས་པ་མ་ཟད། ལག་ལེན་དུ་སྤྱད་དེ་ཁོ་བོའི་སེམས་ཀྱི་རེ་བ་ལྟར་གྱི་ན་གཞོན་ཤེས་ཡོན་པ་ཞིག་གི་སྣང་བརྙན་བསྐྲུན།
སྣང་བརྙན་འདི་ཡིས་མི་རིགས་ཤིག་གི་རེ་འདུན་མཚོན་ལ། སྣང་བརྙན་འདི་ཡང་གཏན་གྱི་འདུན་མ་དེ་ཡིན།
ཁོང་གི་འབད་བྱའི་དམིགས་ཡུལ་ནི་མཛེས་པའི་སྤང་ཐང་དུ་འདི་ལྟ་བུའི་སྤྱོད་ཡོན་གཉིས་ལྡན་གྱི་མི་འཇོན་ཐང་ཅན་སྐོར་ཞིག་གསོ་སྐྱོང་བྱ་རྒྱུ་དེ་རེད།
ཁོང་ཡང་གནའ་དེང་གི་ཟློས་གར་ཟུང་དུ་འབྲེལ་བའི་དེད་དཔོན་ཉིད་ཡིན་ལ། ཁོང་གི་སློབ་མ་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་གོན་པ་གྱོན་ནས་གར་སྟེགས་སུ་བུད་པ་དང་། དེ་མིན་སྒྲ་སྡུད་འཕྲུལ་ཆས་སོགས་འཁྲབ་ཆས་ཀྱང་གར་སྟེགས་སུ་སྤར་བ་འདི་དག་ཚང་མས་དགེ་རྒན་གྱི་རེ་འདུན་ནི་ཕུགས་བསམ་ཅན་གྱི་ན་གཞོན་སྐོར་ཞིག་མཛེས་པའི་སྤང་ཐང་འདིར་ཁ་ཚ་དགོས་གཏུགས་སུ་གྱུར་པ་དེ་མཚོན་པ་ཡིན། དེའི་ཕྱིར་ད་ཐེངས་འདིར་ང་ཚོར་འཁྲབ་སྟོན་བྱེད་པ་འདི་ཟློས་གར་ཞིག་ཡིན་ལ། སློབ་གསོ་ཐེངས་གཅིག་ཡང་ཡིན། ཡང་ན་ལྷིང་འཇགས་ཀྱི་སྤང་ཐང་ཆེན་མོ་དེར་བཏང་བའི་འབོད་སྐུལ་ཐེངས་ཤིག་ཀྱང་ཅི་ལ་མིན།
ལས་ཞོར་ཟློས་གར་ཚོགསས་པར་དམངས་ཁྲོད་ཀྱི་དགའ་བསུ་ཆེན་པོ་ཐོབ།
ཚོགས་མི་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་རྫོང་ཡོངས་ཀྱི་ཞིང་གྲོང་སོ་སོའི་ལེ་དབར་ཁྲི་ལྷག་ལ་སྐྱོད་པ་དང་། འཁྲབ་སྟོན་ཐེངས་བརྒྱ་ལྷག ལྟད་མོ་བ་མི་ཐེངས་ཁྲི་བཅུ་ལྷག སྤྱི་ལེ་གྲུ་བཞི་མ་རེ་ལ་མི་ལྔ་རེ་ལས་མེད་པའི་མཛོད་དགེ་ལ་མཚོན་ན་ཟློས་གར་ཚོགས་པ་དེ་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ན་བག་ཆགས་ཅི་འདྲ་ཡིན་པ་དང་ཁོང་ཚོས་དགའ་བསུ་བྱེད་ཚད་ཅི་ཞིག་ལ་བསླེབས་པ་མཐོང་ཐུབ།
1981ལོར། འབའ་ཐང་རྫོང་དུ་སི་ཁྲོན་འབའ་ཐང་རྫོང་སི་ཁྲོན་ཞིང་ཆེན་བོད་ཀྱི་ཟློས་གར་འཁྲབ་སྟོན་ཞེས་པའི་བྱ་འགུལ་སྤེལ་བ་དེར་ཞུགས་པར། ཁོ་ཚོས《སྣང་ས་འོད་འབུམ》ཞེས་པའི་ཟློས་གར་འཁྲབ་སྟོན་བྱས་ཏེ་ཕུལ་བྱུང་བྱ་དགའ་ཐོབ།
1984ལོར། རྔ་བ་ཁུལ་རིག་རྩལ་ཚོགས་འདུའི་སྟེང་དུ《བྱ་མགྲིན་སྔོན་ཟླ་བའི་རྟོགས་རྗོད》ཞེས་པའི་ཟློས་གར་འཁྲབ་པར་བྱ་དགའ་ཨང་གཉིས་པ་ཐོབ།
1988ལོར། 《 གངས་རིའི་ཁྲོད་ཀྱི་དེང་རབས་བོད་རིགས་གཞོན་ནུ》ཞེས་པའི་ཟློས་གར་ལ་འཁྲབ་སྟོན་བྱ་དགའ་ཐོབ།