གཅིག
ལོ་རྒྱུས་ཆེན་མོའི་མིག་རྒྱངས་ཀྱི་ཁྲོད་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞེས་པའི་དཔེ་དེབ་ཅིག་རྩོམ་པའི་དབང་དུ་བཏང་ན། དུས་རབས་ཉི་ཤུ་བ་ལ་སླེབས་པའི་ལེའུ་རུ། གཟུར་ཐབས་བྲལ་བའི་མི་སྣ་གཉིས་ཡོད་པ་ནི་ཡུལ་མདོ་སྨད་ན་བྱོན་པའི་དགེ་འདུན་ཆོས་འཕེལ(1903-1951)དང་དོན་གྲུབ་རྒྱལ(1953-1985)གཉིས་ཡིན་ངེས་ཏེ། ཁོང་གཉིས་ནི་བོད་ཀྱི་རིག་གནས་པ་སྐར་ཚོགས་ལྟ་བུའི་ཁྲོད་ཀྱི་མཁས་དབང་དང་རྩོམ་འབྲི་བ་གཉིས་ཡིན་ནོ།།
དེ་ཡང་བོད་ཀྱི་གཟུར་གནས་མཁས་པ་དག་དང་ཁྱད་པར་དུ་ཕྱི་རབས་རིག་གནས་པ་དག་གིས་ཁོང་རྣམ་གཉིས་ཀྱི་མཁའ་ལྟར་ཡངས་པའི་རྣམ་དཔྱོད་དང་། མཚོ་ལྟར་ཟབ་པའི་མཁྱེན་རབ། བྲག་ལྟར་བརྟན་པའི་རང་ཚུགས། གངས་ལྟར་དཀར་བའི་ལྷག་བསམ། མདའ་ལྟར་དྲངས་པའི་མི་གཤིས་བཅས་ལས་འཕྲོས་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་། དོགས་སློང་གི་འདུ་ཤེས། དགག་སྒྲུབ་ཀྱི་བསམ་བློ། ཁྱད་པར་དུ་རིགས་ལ་བཅངས་པའི་དུང་ཞེན་ཤུགས་དྲག་གི་ཉེར་ལེན་ལས། སྦྱོར་བ་ཀུན་སློང་དྲི་བྲལ། དངོས་གཞི་རྩོམ་གྱི་འཕྲིན་ལས་རྒྱས་པ། རྗེས་བསྔོ་ཤུགས་རྐྱེན་ཆེ་བའི་སྐོར་ལ་དྲང་ཕྱོགས་ཀྱི་གདེང་འཇོག་ཡོད་ལ། སྐབས་དེའི་སྲོལ་རྒྱུན་ཨུ་ཚུགས་ཅན་དང་སྒེར་གཅོད་ཅན་དག་ལ་ཁོང་རྣམ་གཉིས་ནས་བདེན་དོན་གཙོས་བཟུང་གིས་ཕོག་ཐུག་འགྲོ་བའི་སྣང་དོགས་རྒྱབ་ཏུ་བསྐྱུར་ཞིང་དགག་སྒྲུབ་ཀྱི་ཡོ་ལང་བཤམས་མྱོང་སྟབས། རྙིང་ཞེན་ཅན་དག་གིས་ཁོང་གཉིས་ཀྱི་ཚུལ་འཆོས་བྲལ་ཞིང་གཉུག་མར་གནས་པའི་མཛད་སྤྱོད་བློར་མ་ཤོང་པས་ལོག་པར་མཐོང་བའམ་ཡང་ན་བསམ་བཞིན་དུ་ཕྱིན་ཅི་ལོག་ཏུ་བསྒྲུབས་ཏེ། ལྟ་ལོག དམ་ཉམས། ངོ་རྒོལ་པ། འཆལ་སྤྱོད་ཅན(དུ་ཆང་བུད་མེད་བག་མེད་སྤྱོད་པ)སོགས་ཞྭ་ནག་དགུ་བརྩེགས་གོན་པ་ལྟ་བུ་ལྡོག་ཕྱོགས་ཀྱི་གདེང་འཇོག་སྟེ། ཁོང་རྣམ་གཉིས་འཚོ་གཞེས་ཀྱི་དུས་དང་ཁོར་ཡུག་མ་འདྲ་རུང་སྡིག་དམོད་ཀྱི་མཆིལ་མདའ་འདྲ་འདྲ་ཕོག་མྱོང་།
མདོར་ན་ཁོང་གཉིས་ནི་རྩོད་གཞི་ཅན་དུ་གྱུར་ལ། མཐའ་མའང་བཻཌཱུརྱ་ཡི་བུམ་པ་རྡོ་ལ་བརྡབ་ཅིང་ལང་ཚོའི་མེ་ཏོག་སད་ཀྱིས་བཅོམ་པའི་སྐྱོ་གར་དེ་ཁོང་རྣམ་གཉིས་ནས་ཤིན་ཏུ་གཅེས་པར་བྱེད་པའི་གདོང་དམར་ཅན་གྱི་ཕུ་ནུའི་ཁྲོད་ནས་བྱུང་།
གཉིས།
རིག་གནས་པ་རྣལ་མ་ཞིག་གི་རིན་ཐང་ནི་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་སྤྱི་ཚོགས་འཚོ་བའི་ཁྲོད་མངོན་དགོས། སྤྱི་ཚོགས་སུ་མངོན་པའི་རིན་ཐང་དེ་ཡང་འདས་དང་ད་ལྟ། མ་འོངས་བཅས་དུས་གསུམ་ག་ནས་བལྟ་དགོས།
སྤྱི་ཚོགས་ལ་ཕན་པའི་ཀུན་སློང་དང་དེ་བསྟུན་གྱི་སྦྱོར་བར་བརྩོན་པའི་དངོས་གཞི། མཐར་རང་སྒེར་རམ་རང་ཕྱོགས་ཙམ་ལས་འགོངས་ཏེ་ཐོལ་བརྒལ་རང་བཞིན་གྱིས་ཚོགས་སྤྱིའི་ད་ལྟ་དང་མ་འོངས་པར་ཕན་པའི་ཤུགས་རྐྱེན་ཐེབས་ཐུབ་པ་ནི་རིག་གནས་པ་རྣལ་མ་ཞིག་གི་མེ་ཏོག་ཕོག་པའི་ལྷ་སྐལ་ཏེ། དགེ་ཆོས་རང་གི་ཞལ་ལས། ཆེན་པོའི་ལུང་དང་གསེར་གྱི་མཎྡལ་བཅས།། བསྐུལ་བའི་སྐྱེས་བུ་སུ་ཡང་མ་མཆིས་ཀྱི།། རིགས་པའི་དབྱིག་མཛོད་འདོར་ལ་འཕང་བའི་བློས།། རང་གི་དཀའ་བ་ཁུར་དུ་བླངས་ཏེ་བྲིས།། ཞེས་གསུངས་པ་ལྟར། མ་སྐུལ་དང་བླངས་སྒོས་སྤྱི་ཚོགས་ཀྱི་ཕན་པ་ཁུར་དུ་བཞེས་པ་ནི་རིག་གནས་པ་རྣལ་མའི་འགན་འཁྲི་ཡིན།
དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་ནི་ཁ་བ་རི་བའི་རིག་གནས་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་མ་སྐུལ་དང་བླངས་སྒོས་འཁུར་དགོས་པ་འདྲ་མཚུངས་ཡིན་མོད། འཚོ་གཞེས་ཀྱི་དུས་དང་ཁོར་ཡུག་མི་འདྲ་བའི་དབང་གིས་ཁུར་ལུགས་ཀྱང་མི་འདྲའོ།།
དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་བའི་དུས་སྟོད་དེ་གནམ་ས་གོ་འབྱེད་ཀྱི་དུས་སྐབས་ལ་འཁེལ་བས། ལྟོས་བཅས་སུ་རྙོག་འཛིང་ཧ་ཅང་ཆེ་ལ་རིག་གནས་པའི་སྲོག་ཀྱང་ཁག་ཐེག་མེད་པའི་དུས་སྐབས་ཤིག་ཡིན། ཅིག་ཤོས་ནི་ཞི་བདེ་གོང་འཕེལ་གྱི་དུས་རབས་ཏེ་མི་དང་མིའི་ཁེ་དབང་ལ་འགན་སྲུང་ཡོད་པའི་དུས་རབས་ཉི་ཤུ་བའི་དུས་སྨད་ཡིན་པས། ཞབས་ཞུ་བསྒྲུབ་ཡུལ་འདྲ་རུང་སྒྲུབ་པའི་གོ་སྐབས་མི་འདྲ་ལ། རྨོངས་གཉིད་སད་པའི་དུང་བརྡ་སྒྲོག་པའི་འགན་འཁྲི་ནི་ཆིག་བརྒྱུད་ཀྱི་མན་ངག་ལྟར་ཁོང་རྣམ་གཉིས་ཀྱི་བློ་རུ་ནམ་ཡང་གཅིག་མཐུན་དུ་གནས།
རྗེ་མི་ལ་རས་པའི་ཞལ་ནས། བླ་མའི་གདམས་ངག་མ་ཟབ་ན།། བདུད་ཀྱི་བར་ཆད་ཅི་ལ་འབྱུང་།། ཞེས་གསུངས་པ་བཞིན། ཚོགས་སྤྱི་ཞིག་གི་རྨོངས་གཉིད་དཀྲོགས་པ་ལ་དེ་བསྟུན་གྱི་གནོན་ཤུགས་དང་མཐའ་ན་ངོ་རྒོལ་སོགས་བར་ཆད་ཀྱི་རིགས་ཅི་ནས་ཀྱང་འབྱུང་ངེས་པ་ནི་ཆོས་ཉིད་དུ་སོང་ཡོད་སྟབས། ལམ་དེར་ཞུགས་པའི་རིག་གནས་པ་མང་པོ་ཡོད་རུང་། གནད་འགག་ལ་ཐུག་དུས་རང་གི་སྤོབས་པས་མི་ལྕོགས་པའམ་ཁེ་ཕན་ལ་ཕོག་ཐུག་འབྱུང་བར་དམིགས་ནས་ཕྱི་སྣུར་བྱེད་མཁན་མང་པོ་བྱུང་སྟབས། མཐའ་མར་བདེན་དོན་སྲོག་ཏུ་བཟུང་སྟེ་གནས་ཐུབ་མཁན་ཉིན་མོའི་སྐར་མ་ཙམ་དུ་འགྱུར་བའི་རྒྱུ་མཚན་ཀྱང་དེ་ལ་ཐུག། ཁ་ཕྱིར་འཁོར་ནས་བསྙད་ན། དེ་ལྟར་གནས་ཐུབ་མཁན་ལ་ཕྱི་རབས་པས་རིག་པའི་དཔའ་བོ་ཞེས་ངོ་སོ་བྱེད་འོས་ལ། རིག་གནས་པ་རྣལ་མ་ཞིག་ཏུའང་བགྲངས་འོས་སོ།།
དགེ་ཆོས་རང་གི་ཞབས་ཞུ་བསྒྲུབ་སའི་ཚོགས་སྤྱི་ཡི་གཞུང་གི་མཐོ་རིམ་མི་སྣ་ཡིས་ཁོང་ཉིད་མུན་བཙོན་དུ་འཕངས་ནས་སྡུག་ལ་སྦྱར་ཞིང་། མཐའ་མར་རེ་ཆད་ཀྱིས་ཚེ་སྲོག་གི་མར་མེ་འགག་པ་དང་། དོན་གྲུབ་རྒྱལ་གྱིས་ཞབས་ཞུ་བསྒྲུབ་སའི་ཚོགས་སྤྱིའི་བྱེ་བྲག་ཏུ་གྱུར་པའི་རྙིང་ཞེན་མགྲིན་བཟང་རིགས་ཀྱི་ལྡོག་ཟླར་ལངས་ཤིང་། མཐའ་མར་ཚོགས་སྤྱིའི་ཁོར་ཡུག་ཏུ་འཐིབས་པའི་རྨོངས་སྤྲིན་སྟུག་པོ་གཤག་པའི་ཆེད་དུ། གཅེས་པའི་ཚེ་སྲོག་དམར་པོ་འོད་རླབས་སུ་དེངས་ནས་ཀུན་ལ་ཐ་ཚིག་བསྒྲགས།
གསུམ།
མི་རིགས་ཤིག་ལ་མཚོན་ན། རིག་གནས་ཀྱི་གདེང་སྤོབས་ནི་གང་ཞིག་མདུན་སྐྱོད་དང་གོང་འཕེལ་གྱི་གཏིང་ཤུགས་ཡིན།
རང་རེའི་གདོང་དམར་ཅན་ནི་ཡ་ཐོག་ཞང་ཞུང་ལ་ཕུགས་གཏུག་པའི་དབང་དུ་བཏང་ན། དཔལ་ཡོན་གྱི་མགོ་ཁུངས་ནི་རྒྱ་དཀར་ནག་དང་འདྲ་བར་ཤིན་ཏུ་བྱུང་སྔ་ཞིང་། རིག་གནས་འཕེལ་འགྲོས་ཀྱི་རྒྱུན་ཀྱང་ད་བར་ལོ་རྒྱུས་ཀྱི་འགག་འཕྲང་མང་པོ་བརྒྱུད་ནས་གནས་ཐུབ་ཡོད་པས། དུས་རབས་ཉེར་གཅིག་པའི་རང་ཅག་ཕྱི་རབས་པ་རྣམས་ཀྱིས་ཞིབ་ཏུ་གཞིགས་ན་ཤིན་ཏུ་ནས་ཀྱང་དགའ་བ་བསྒོམ་འོས་པའི་གནས་ཤིག་ལོས་ཡིན།
ཤེས་རབ་རལ་གྲི་སོ་གཉིས་མ་གཅིག་གི་ཟླ་ལ་གཅིག་ཀྱང་སླེབས་པར་ངེས་ཞེས་འཇིག་རྟེན་གྱི་ཆོས་ཉིད་བཞིན། དུས་རབས་བདུན་པའི་ནང་རྒྱ་གར་འཕགས་པའི་ཡུལ་ནས་མཆེད་པའི་ཐུབ་བསྟན་གྱི་མཚན་ཉིད་རིག་པའི་དཔལ་ཡོན་གྱི་ཆུ་ཀླུང་ཆེན་པོ་སྒང་བ་བོད་ཀྱི་གཤེན་རབ་བསྟན་པའི་ཞིང་ས་གཤིན་པོར་འཐིམ་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཞེས་སྲིད་ན་སྙན་པར་གྲགས་པ་འདི་ཡིས། བོད་ཀྱི་རིག་གནས་ཀྱི་རྒྱུན་དེ་དགོན་སྡེའི་རབ་བྱུང་བ་རྣམས་ཀྱི་ཕྲག་ནས་དེང་གི་བར་བསྲིངས་པ་ཡིན་པས་དགེ་མཚན་གྱི་ཆ་བརྗོད་དུ་མི་ལངས་མོད། འོན་ཏེ་བསམ་བློའི་རྒྱགས་ཕྱེ་རུ་ངེས་པའི་དམ་པའི་ལྷ་ཆོས་གང་ཞིག་འདི་སྣང་གཙོ་བཞེས་ཀྱི་འཇིག་རྟེན་སྲིད་ལུགས་སུའང་སིམ་ཚད་ཐལ་དྲགས་པས། ཆེ་ས་ནས་བལྟས་ན་ཆོས་སྲིད་ཟུང་དུ་འབྲེལ་བའི་ངན་འབྲས་ཀུན་གྱི་ཤེས་གསལ་ལྟར་ཡིན་ལ། ཐོན་སྐྱེད་ནུས་ཤུགས་ཨང་དང་པོར་བགྲང་བའི་མི་འབོར་ཡང་བྱི་ལ་དོམ་གྱི་རྗེས་སུ་སོང་། ཆུང་ས་ནས་བལྟས་ན། མི་རྣམས་ཀྱང་ཕྱི་མའི་ཡུལ་ལ་སྟ་གོན་བྱེད་སའི་བསམ་བློའི་སྡིངས་ཆ་ཡོད་པས་ཚེ་འདིར་འཚོ་སྡོད་ངན་ངོན་ཙམ་གྱིས་ཆོག་པའི་རིན་ཐང་ལྟ་བ་ཀུན་ནས་ཆགས་ཤིང་། ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་བས་འཇིག་རྟེན་འཁོར་བར་བློ་ཕྱོགས་པའི་ཟང་ཟིང་བསྒྲུབ་པ་དང་། ཁྱིམ་པས་སྡིག་འཛེམ་དགེ་གཞོལ་ཁོ་ནས་བློ་གཅུན་པས་འཇིག་རྟེན་འཁོར་བ་བསྒྲུབ་པར་ཤུགས་མི་འདང་བ་ལྟ་བུ་སྐྱ་སེར་གོ་འཛོལ་གྱི་སྣང་ཚུལ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡང་བྱུང་དང་འབྱུང་མུས་ཡིན།
ཁྱད་པར་དུ་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་དྲགས་པའི་རྐྱེན་གྱིས། སྤྱི་ཚོགས་ཀྱི་སྒྲོན་མེའམ་ལམ་སྟོན་གྱི་འགན་འཁྲི་ཕྲག་ཏུ་བཞེས་པའི་ཤེས་ལྡན་མི་སྣ་དག་གིས་ཀྱང་། རིགས་སྤྱིའི་མཐོ་ཚད་ལ་འཛེགས་མི་ནུས་པར་གྲུབ་མཐའ་འམ་ས་ཁུལ་བྱེ་བྲག་པའི་ཁེ་ཕན་གྱིས་རང་མིག་སྒྲིབ་པ་སྟེ། ལོ་རྒྱུས་དེབ་ཐེར་བཞེངས་འབྲི་བྱེད་སྐབས་ལྟ་བུའང་ཆོས་ཀྱི་བྱུང་བ་ཡིས་སྲིད་ཀྱི་ལོ་རྒྱུས་འགེབས་པ་དང་དེས་འཐུས་པར་བྱེད་པ། ཐུབ་བསྟན་མ་དར་བའི་སྔོན་དུ་བོད་ཡུལ་ནི་ཤེས་རབ་ཀྱི་སྒྲོན་མེ་མ་སྦར་བའི་མུན་པའི་གླིང་དུ་བསྒྲུབས་ནས་རང་གི་མི་རིགས་ཀྱི་དཔལ་ཡོན་འགོ་ཁུངས་བསམ་བཞིན་དུ་བསུབ་པ་སོགས་ཀྱི་སྣང་ཚུལ་སྣ་ཚོགས་བྱུང་།
རྒྱུན་ལྡན་མིན་པའི་སྣང་ཚུལ་དེ་དག་ཀྱང་སྐབས་དེ་ཤེད་དུ་ཆོས་ཀྱི་ཆེ་བ་འདོན་ཕྱིར་ལྟ་བུའི་དགོངས་གཞི་དགོས་པ་རེ་ཡོད་དུ་ཆུག་ཀྱང་། དུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་བསྐྱོད་དེ་ཡོད་ཚད་བརྟག་པ་མཐའ་བཟུང་གི་རིམ་པར་བརྒྱུད་མི་དགོས་པར་བདེན་པའི་དཔང་དུ་མིག་མདུན་དུ་ཡོད་པའི་དེང་གི་ཆར། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཆེན་པོའམ་ཧྲིལ་བོའི་མིག་རྒྱངས་ཀྱིས་མཐོང་སྣང་དུ། ཀུན་སློང་གཙང་རུང་སྦྱོར་བ་ཉེས་དམིགས་སམ་སྐྱོན་དུ་སོང་བ་ནི་ཤོག་གུ་དཀར་པོར་སྣག་ཐིགས་ཕབ་པ་བཞིན་མངོན་སུམ་ཚད་གྲུབ་ཡིན།
ལོ་རྒྱུས་ལ་བལྟ་བའམ་ལོ་རྒྱུས་བཤད་པ་ནི་འདས་པའི་ཆེད་དུ་མ་ཡིན་པར་མ་འོངས་པའི་དོན་དུ་ཡིན་ངེས་པས། སྔོན་གྱི་བྱུང་རབས་ཀུན་གསལ་མེ་ལོང་ལ་བརྟེན་ནས་ད་ལྟ་དང་མ་འོངས་པའི་ལམ་བུ་ལ་བྱི་དོར་བྱེད་དགོས་པ་ནི་འཛམ་གླིང་མི་རིགས་སྤྱི་འགྲོས་ཀྱི་བྱེད་སྟངས་རེད། སྔོན་གྱི་མེས་པོའི་རབས་ཀྱི་གཟི་བརྗིད་ནི་བུ་རབས་ཚ་རྒྱུད་ཀྱི་གདེང་སྤོབས་སུ་གྲུབ་པ་བཞིན། སྔ་ཤོས་སུ་སོང་བའི་རིག་གནས་ཀྱི་ཁུངས་དང་ཕུན་སུམ་ཚོགས་པའི་རིག་གནས་དལ་འབབ་ཀྱི་རྒྱུན་ནི་མི་རིགས་གང་དེའི་བུ་རབས་ཚ་རྒྱུད་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་བགྲོད་ལམ་དུ་མཁོ་ངེས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་སོང་གཤིས། རྒྱལ་ཁབ་ཀྱི་གཙོ་འཛིན་ཞིས་ཅིན་ཕིང་གིས་རིག་གནས་ཀྱི་རང་གདེང་དང་ལོ་རྒྱུས་ཀྱི་རང་རྟོན་ནི་མི་རིགས་བསྐྱར་དར་གྱི་འཛད་དུ་མེད་པའི་གཏིང་ཤུགས་སུ་གསུངས་སོ།།
བཞི།
དེ་ལྟ་བུའི་ཐོག་མའི་ངོས་འཛིན་དང་བར་དུ་མ་སྐུལ་དང་བླངས་ཀྱི་བྱེད་རྩོལ། མཐའ་མར་མངོན་པའི་འབྲས་བུའམ་ཐེབས་པའི་ཤུགས་རྐྱེན་ནི་གོང་དུ་བརྗོད་ཟིན་པའི་མི་རིགས་གང་དེའི་རིག་གནས་པ་རྣལ་མའི་འོས་འགན་ཡིན་ལ་ཁོང་གི་མི་ཚེའི་དོན་གོའང་ཡིན།
རང་ཡུལ་ནས་མཁས་པར་གྱུར་ཅིང་གཞན་ཡུལ་ནས་བློ་མིག་ཕྱེས་པའི་དགེ་ཆོས་ཀྱིས་དང་པོར་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཡིག་ཆ་ལས་གདོང་དམར་བོད་ཀྱི་འདས་སོང་གཟི་བརྗིད་ཟུར་ཙམ་མཐོང་བའི་རྐྱེན་གྱིས་རིག་གནས་པ་རྣལ་མའི་རྟོགས་པ་སད་དེ། མི་རིགས་རང་ལ་ཞབས་ཞུ་བསྒྲུབ་པའི་འདུན་པ་དྲག་ཏུ་སྐྱེས་ནས། ངོ་མཚར་གཏམ་གྱིས་ཁ་དོག་མ་བསྒྱུར་བའི།། བདེན་པའི་ནོར་བུ་རྗེན་པར་མཐོང་བ་ན།། བྱིས་པའི་སྐྱེ་བོས་མཚར་དུ་མི་འཛིན་ཀྱང་།། ལེགས་པའི་རིན་ཐང་རང་གི་ཁོང་ན་གནས།། ཞེས་སྔོན་ནས་མེད་ལ། མི་རིགས་རང་ལ་མཚོན་ན་ཡོད་འོས་པའི་སྲིད་ཀྱི་ལོ་རྒྱུས་ཤིག་འབྲི་བཞེངས་ཀྱི་རླབས་ཆེ་བའི་ལས་དོན་ལ་ཞུགས་པ་རེད།
དེ་ཡང་བོད་ལ་གྲུབ་མཐའ་རིས་མེད་ཀྱི་ལོ་རྒྱུས་མཁན་པོ་གསེར་རིའི་འཕྲེང་བ་བྱོན་པ་རྣམས་ཀྱིས་སྲིད་ཀྱི་ལོ་རྒྱུས་ལ་རང་གིས་རེག་མ་འདོད་པ་དང་རེག་མ་ཤེས་པ་དང་ཡང་ན་གཞན་གྱིས་རེག་པར་དགག་བྱར་འཛིན་དོན་ནི། གཅིག་ན་དུས་དང་ཁོར་ཡུག་གི་ཚད་ལས་བརྒལ་མ་ནུས་པར་དེའི་ཕན་ཡོན་གྱི་ཆ་ལ་མཉམ་འཇོག་ཆུང་བ་དང་། གཉིས་ནས་རྨ་བྱས་རང་གི་སྒྲོ་མདངས་གཅེས་པ་ལྟ་བུ་སྟེ་རང་གི་མཚན་སྙན་ལ་རེ་དྲགས་པ་དང་། གསུམ་ན་མངོན་དང་མི་མངོན་པའི་ཁེ་ཕན་སྲུང་བའི་ཕྱོགས་ལ་ཕོག་ཐུག་འགྲོ་བའི་ཉེན་ཁ་སྟེ་རང་གི་རྩམ་ཁུག་སྲུང་བ་ལ་ཐུག་ཡོད།
དགེ་ཆོས་ཀྱིས་རྒྱུ་མཚན་དེ་དག་ཤེས་བཞིན་དུ་ཕྱོགས་འདི་ལ་ཕྱེ་མ་ལེབ་སྒྲོན་མེར་ལྕེབས་པ་ལྟ་བུ་ནན་གྱིས་ཞུགས་དགོས་དོན་ནི། རྟོགས་པ་སད་པའི་རིག་གནས་པ་རྣལ་མ་ཞིག་གི་འགན་འཁྲི་ཡིས་བསྐུལ་བ་ཡིན་སྙམ་སྟེ། ཁོང་གིས་སློབ་བུ་བླ་ཆུང་ཨ་པོ་ལ། འཇིག་རྟེན་ན་མི་སྐྱེས་པའི་དོན་པོ་ལག་རྗེས་རེ་འཇོག་དགོས་པ་ཡིན་ཞེས་གདམས་པ་དང་། སློབ་བུ་ཧོར་ཁང་བསོད་ནམས་དཔལ་འབར་ལ《རྒྱལ་རབས་དེབ་ཐེར་དཀར་པོ》 ཡི་མཇུག་བྱང་ཞིག་གནང་བའི་རྩོམ་དུ། རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གིས་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།། ཅེས་བྲིས་པ་ལས་ཤར་སེར་རྟོགས་ནུས།
དགེ་ཆོས་འཚོ་གཞེས་ཀྱི་དུས་སྐབས་ནི་སྲིད་ཀྱི་ཡོ་ལང་དྲག་ཏུ་ཕྱིན་པའི་སྒང་ཡིན་སྟབས། བོད་ཀྱི་ཤེས་ལྡན་མི་སྣ་ཡོངས་ཀྱིས་མི་རིགས་རང་གི་ངོ་རང་གིས་ཤེས་དགོས་པ་དང་རང་གི་མདུན་ལམ་རང་གིས་བརྩོན་ལེན་བྱེད་དགོས་པའི་གནད་འགག་ལ་ཐུག་ཡོད།
མར་མེའི་འོད་མདངས་ཆེམ་ཆེམ་འཕྲོས་པ་དང་སྤོས་བསང་གི་དྲི་ངད་ལིང་ལིང་འཕྱུར་བའི་ཁྲོད་དུ་གཟུགས་ཅན་གྱི་ལྷ་སྐུ་ལ་གཟུགས་མེད་དབྱིངས་ཀྱི་མཐུ་ནུས་ཤིག་སྐྱབས་སུ་རེ་བའི་རྗེ་འབངས་ལ། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།། རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པའི།། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།། སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།། ཞེས་དང་། མི་ཐུབ་དཔའ་བོའི་རྩལ་གསུམ་རྫོགས་པ་ན།། མི་བཟད་ཁ་བའི་འབེན་གྱིས་མ་ཁེགས་པའི།། མི་འཇིགས་སེང་གེ་དཀར་མོའི་དམག་སྡེ་ལ།། མི་ཡི་རྗེ་བོ་སྔངས་པ་ཅིས་མི་བདེན།། ཞེས་པ་སོགས་རྨི་ལམ་དཀྲོག་པའི་དུང་བརྡ་དང་རང་སྟོབས་རང་སྤེལ་གྱི་གདེང་ཤུགས་ལ་ངར་ཞིག་བླུགས་པའི་ཆོ་གར་བརྩོན་པ་ནི་ཅི་འདྲའི་དགོས་གལ་ཆེ་བ་ཞིག་རེད་ཨང་།
དེང་སང་གི་མི་རྣམས་ཀྱི་སྣང་ངོར་གྲུབ་པའི་དེ་ལྟ་བུའི་ལས་གཞི་རླབས་པོ་ཆེ་འདི་ཀོ་སྐབས་དེ་ཤེད་དུ་མི་སེར་ཕལ་བ་རྣམས་ལྟ་ཅི་སྨོས་ཀྱང་། མཐོ་རིམ་མི་དྲག་སྐུ་དྲག་གམ་ཡང་ན་རིགས་ཀྱི་ཁ་ལོ་བསྒྱུར་བར་ཁས་འཆེས་པ་ཕལ་མོ་ཆེ་ནས་གཏི་མུག་གི་གཉིད་དུ་བདེ་བར་གཟིམས་པའི་སྟབས་ཀྱིས། རྒྱལ་རབས་ཀྱི་རིན་ཐང་ཤེས་ནས་ལེགས་སོ་ཞུ་བ་ཕར་ཞོག ཁོང་ཉིད་ལ། ང་རྒྱལ་འབྱུང་པོ་ལངས་པའི་གྲིབ་མ་དང་།། ཕྲག་དོག་འདྲེ་མོ་ངུ་བའི་འོ་དོད་ལ།། དགོས་མེད་རིག་པ་རིང་དུ་འདྲིས་པའི་དབྱིངས།། ད་ནི་བདག་ལ་འཇིགས་པའི་འདུ་ཤེས་ཟད།། ཅེས་མི་འོས་པའི་ཁོར་ཡུག་བསྐྲུན་པ་མ་ཟད། མཐའ་ན་མ་ཉེས་ཁ་གཡོག་གིས་མུན་བཙོན་དུ་མི་ལོ་གསུམ་ལ་འདུག་དགོས་པའི་བར་ཆད་བསྐྲད།
དགེ་ཆོས་བཙོན་ནས་ལྷོད་རྗེས་རྒྱལ་རབས་རྩོམ་པའི་མ་གདན་དང་གལ་འགངས་ཆེ་བའི་དཔྱད་གཞིའི་ཡིག་ཆ་དག་དམིགས་མེད་དབྱིངས་སུ་དེངས་པར་ཤེས་རྗེས། རྒྱལ་རབས་རྩོམ་འཕྲོའི་རྗེས་སྐྱོང་བར་གཅིག་ནས་ཆང་རག་བཞེས་དྲགས་པས་སྐུ་ལུས་ཀྱི་ཆ་རྐྱེན་ཞན་པ་དང་། གཉིས་སུ་དཔྱད་གཞིའི་རྒྱུ་ཆ་དབེན་པས་ཅི་ནས་ཀྱང་འགྲུབ་དཀའ་བར་དགོངས་ཏེ། ཡིད་ཧ་ཅང་ཕངས་པའི་ངང་དུ་འཛམ་གླིང་ན་དཀོན་པའི་བེེཌྰུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་ད་གང་དགའ་གྱིས་ཞེས་རེ་བ་གཏན་ནས་ཆད།
དགེ་ཆོས་བཙོན་ལ་ཞུགས་དུས་དང་བཙོན་ནས་ཐར་རྗེས་ཆང་རག་ཚད་མེད་བཞེས་ནས་མཐར་ཚེའི་འདུ་བྱེད་རྫོགས་པའི་རྒྱུ་མཚན་ཀྱང་། མངོན་པར་འགྲུབ་འོས་པའི་རླབས་ཆེའི་ལས་གཞི་ལ་ཁོང་གི་སྙིང་དབུས་ན་གནས་པའི་མི་རིགས་རང་གི་མི་དག་གིས་རང་ལ་སྤྲད་པའི་བར་ཆད་ཡིན་སྟབས། ཡིད་མུག་དང་འཁང་ར། རེ་ཆད་ཀྱིས་བརྟས་པ་ཡིན་ལ། མི་རྣམས་ལ་བསྒྲགས་པའི་ཐ་ཚིག་ཀྱང་ཡིན།
ཕྱོགས་འདི་ནས་དམིགས་ན། 《 རྒྱལ་རབས་དེབ་ཐེར་དཀར་པོ》 འབྲི་བཞེངས་བྱེད་རྒྱུ་ནི་དགེ་ཆོས་ཀྱིས་གངས་ཅན་ལྗོངས་སུ་སྲིད་པ་བཟུང་བའི་དགོས་པ་ཡིན་ལ། འཇིག་རྟེན་འདི་ན་གནས་པའི་དོན་པོའང་ཡིན། དེ་ནི་རིག་གནས་པ་ཞིག་གི་ངོས་ནས་ཁོང་གི་སྲོག་གི་མཆོད་སྦྱིན་བྱེད་སའི་ཡུལ་ཡིན་ལ། མི་ཚེའི་ཕུགས་ཀྱི་འདུན་མ་གསོན་པོའང་ཡིན་འདུག།
《 རྒྱལ་རབས་དེབ་ཐེར་དཀར་པོ》 རྩོམ་འཕྲོ་ཅན་དུ་གྱུར་པའི་དངོས་དོན་ནི་དགེ་ཆོས་ཀྱི་ཚེ་སྲོག་རྫོགས་པའི་དངོས་རྒྱུ་རུ་སོང་བ་ཡིན་པས། དེ་ནི་དགེ་ཆོས་རང་ངོས་ནས་མ་རྫོགས་པའི་འགྲོ་དོན་ཞིག་དང་། མི་རིགས་སྤྱིའི་ཆ་ནས་བསུབ་ཏུ་མེད་པའི་གྱོང་གུད་དེ། སྒང་བ་བོད་ཀྱི་བསོད་ནམས་ཟད་པའི་འབྲས་རྟགས་སུ་བགྲངས་རུང་ཐལ་མི་ཆེ་བར་སེམས་མོད། རྐྱེན་ངན་གྲོགས་སུ་འགྱུར་བའི་དཔེ་བཞིན་མི་ལོ་སུམ་ཅུ་འགོར་རྗེས《རྒྱལ་རབས་དེབ་ཐེར་དཀར་པོ》ཡི་རིན་ཐང་དེ། བོད་ཀྱི་ཤེས་ལྡན་མི་སྣ་ཕལ་མོ་ཆེས་ཤེས་ནས་དེར་དོ་སྣང་བྱེད་མཁན་གྱི་མཁས་པ་ཇེ་མང་དུ་གྱུར་པ་རེད།
ཕྱིས་བྱོན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས《བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ》དང་། ཐུབ་བསྟན་ཕུན་ཚོགས་ཀྱིས《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》སོགས་སྲིད་ཀྱི་ལོ་རྒྱུས་བརྩམས་པ་ནི་དགེ་ཆོས་ཀྱི་ལོ་རྒྱུས་འབྲི་བཞེངས་ཀྱི་བསམ་བློ་དང་ཞིབ་འཇུག་གི་ཐབས་ལམ་གྱི་རྗེས་སུ་ཞུགས་ཡོད་པའི་ཕྱིར་རོ།།
ལྔ།
དེ་ཡང་དགེ་ཆོས་ཀྱི་རྗེས་སུ་འཇུག་པའི་མི་སྣ་དག་ལས་ཆེས་ཐོག་མ་ནི་སྤྱི་ཚོགས་གསར་བའི་ནང་དུ་འཚར་ལོངས་བྱུང་བའི་དོན་གྲུབ་རྒྱལ་བགྲངས་འོས་ཏེ། ཁོང་གི་ལོ་རྒྱུས་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད《རྒྱལ་རབས་དེབ་ཐེར་དཀར་པོ》 ལ་དཔེ་བལྟས་ཐེངས་མང་བྱས་ཤིང་དོན་དང་མཐུན་པའི་བསྔགས་བརྗོད་ཀྱང་འདི་ལྟར་བྱས་ཡོད་དེ། སྔོན་བྱོན་མཁས་དབང་ཐུགས་ཀའི་ལྷ་ལམ་ནས།། ཆོས་འབྱུང་གསུང་གི་ཟླ་ཟེར་འབུམ་སྤྲོས་ཀྱང་།། སྲིད་དང་འབྲེལ་བའི་ལོ་རྒྱུས་པདྨོ་ནི།། མི་འདོད་བཞིན་དུ་འདབ་ཡངས་ཟུམ་ལ་ཉེ།། དེའི་ཚེ་དྲན་དབང་དགེ་འདུན་མཚན་ཅན་གྱིས།། སྲིད་ཀྱི་ལོ་རྒྱུས་པདྨོ་མཛེས་པ་ཁྱོད།། འདབ་ཡངས་ཟུམ་པ་ཚུལ་དང་མི་མཐུན་ཞེས།། དེབ་དཀར་ཉི་མ་གཞོན་ནུ་གྲོགས་སུ་བཀུགས།། དེ་ནས་བཟུང་སྟེ་ལོ་ངོ་སྟོང་ཕྲག་རིང་།། མྱ་ངམ་ཐང་གི་ཕུག་པར་གཟིམ་པ་ཡི།། ཡིག་རྙིང་རྒན་པོ་སྨ་ར་དཀར་པོ་ཅན།། ལང་ཚོ་གསར་བའི་དཔལ་གྱིས་སྙེམས་པར་གྱུར།། ཅེས་སོ།།
དགེ་ཆོས་ཀྱི་ཤུགས་རྐྱེན་ལས། རྣམ་དཔྱོད་རབ་ཏུ་ཡངས་པའི་དོན་གྲུབ་རྒྱལ་གྱིས་བོད་ཀྱི་སྲིད་ཀྱི་ལོ་རྒྱུས་ལ་ཞིབ་དཔྱོད་ཀྱི་གོམ་ཁ་བསྒྱུར། ཁོང་གིས་དུས་ཡུན་ཐུང་ཐུང་ནང་དུ་རིམ་བཞིན《བོད་དུ་འགྲོ་བ་མིའི་རིགས་བྱུང་ཚུལ་དང་བོད་ཅེས་པའི་ཐ་སྙད་ཀྱི་བྱུང་ཁུངས》ཞེས་པ་དང་། 《 བོད་གནའ་རབས་ཀྱི་བཀའ་ཕོ་ཉ་བགྲོད་ཚུལ་གྱི་ཡིག་རྙིང་ངོ་སྤྲོད》ཅེས་པ་དང་། 《 བོད་གནའ་རབས་ཀྱི་སྲིད་འཛིན་ས་ཁུལ་དང་དཔོན་རིགས་ལམ་ལུགས་རོབ་ཙམ་བཤད་པ་བུང་བ་གཞོན་ནུའི་གླུ་དབྱངས》ཞེས་པ་དང་། 《 བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་སྔོན་བྱོན་མཁས་པའི་བཞེད་དགོངས་ཀྱི་བུམ་བཟང་མཛེས་པར་བརྒྱན་པའི་རྨ་བྱ་གཞོན་ནུའི་སྒྲོ་མདོངས》ཞེས་པ་སོགས་དེང་རབས་རིག་གཞུང་ཞིབ་འཇུག་གི་བསམ་བློ་དང་གསར་གཏོད་ཀྱི་ཆ་མང་བའི་ཆེད་རྩོམ་རབ་དང་རིམ་པ་བྲིས་ཤིང་། 《 དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ》 ཞེས་བྱ་བ་ལོ་རྒྱུས་ཀྱི་སྒྲོམ་གཞི་གསལ་ཞིང་ལྟ་བ་གསར་བའི་དྲི་ངད་ཀུན་ནས་འཐུལ་བའི་གླེགས་བམ(རྩོམ་འཕྲོ་ཅན)ཞིག་ཀྱང་མཛད་ཡོད་པ་དང་། ཁྱད་པར་དུ་དགེ་ཆོས་ཀྱིས་ལོ་རྒྱུས་ཞིབ་འཇུག་ཁྲོད་རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར་ཁོལ་དུ་ཕྱུང་བའི་མཛད་པ་གང་དེ། དོན་གྲུབ་རྒྱལ་གྱིས་རྒྱུན་སྐྱོང་གི་ཚུལ་དུ་དཀའ་བ་ཆེད་སད་ཀྱིས་སྐུ་ཞབས་ཁྲིན་ཆིན་དབྱིན་དང་མཉམ་དུ་《ཐང་ཡིག་གསར་རྙིང་གཉིས་ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ》ཞེས་པ་པོད་རྒན་ཞིག་གངས་ཅན་བོད་ཀྱི་སྐད་ཡིག་ཏུ་དྲངས།
དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ཀྱིས་རིག་གཞུང་ཞིབ་འཇུག་གི་མི་ཚེའི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཕྱོགས་ལ་ཤུགས་དེ་འདྲ་བསྐྱེད་དགོས་དོན་ནི། སྔོན་བྱོན་ལོ་རྒྱུས་རྣལ་མ་དེ་ཆོས་འབྱུང་གི་བག་ལ་ཉལ་བའི་རྣམ་པ་དེ་ཡོ་བསྲང་བྱེད་པའི་ཆེད་དུ་ཡིན་འདུག་སྟེ། རིགས་ཀྱི་རྟོགས་པ་སད་པའམ་རིགས་ཀྱི་བློ་སྤོབས་བསྐྱེད་པ་ལ་ལོ་རྒྱུས་ཀྱི་དབེ་ཐེར་ནི་ཤིན་ཏུ་གལ་ཆེ་བའི་ཕྱིར་རོ།།
དོན་གྲུབ་རྒྱལ་རང་གི་ཞལ་ནས་ཀྱང་། སྐྱེ་འགྲོའི་མགོན་པོ་ལྡེ་སྲོང་ཉིན་མོར་བྱེད།། ལོ་རྒྱུས་ཆུ་འཛིན་དབྱིངས་སུ་མནལ་གྱུར་ཀྱང་།། གང་གི་རྣམ་དཀར་མཛད་བཟང་ཟླ་བ་ཡིས།། རང་རིགས་ལ་རྒྱའི་ཀུ་མུད་འབྱེད་དམ་སྙམ།། ཞེས་གསུངས་པ་བཞིན། མི་རིགས་ཤིག་གི་ལོ་རྒྱུས་རྣལ་མའི་རིན་ཐང་སྔོགས་འདོན་བྱེད་རྒྱུ་ནི་རིག་གནས་པ་རྣལ་མ་ཞིག་གི་མི་ཚེའི་རིན་ཐང་གྲུབ་པའི་རྟགས་མཚན་ཡིན་པ་ཤུགས་ཀྱིས་རྟོགས་ནུས།
དོན་གྲུབ་རྒྱལ་གྱི་གོང་ཞུས་ཀྱི་ལོ་རྒྱུས་ཕྱོགས་ཀྱི་དཔྱད་རྩོམ་དང་བསྒྱུར་རྩོམ་དག་ནི་ནམ་ཞིག་ཁོང་གིས《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་རང་གྲོལ་གཞོན་ནུའི་ལྷག་བསམ》ཞེས་པའི་གླེགས་བམ་ཞིག་འབྲི་བཞེངས་བྱེད་པའི་སྟ་གོན་གྱི་རིམ་པ་ཡིན་ལ། 《 དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ་དྲི་མེད་དངུལ་གྱི་མེ་ལོང》ཞེས་བྱ་བ་ནི་ཁོང་གིས་སློབ་བུ་དག་ལ་ལོ་རྒྱུས་ཁྲིད་སྐབས་ཀྱི་བསླབ་གཞིའི་མ་ཟིན་ཡིན་རུང་། དོན་དུ་ཁོང་གི་ལོ་རྒྱུས་འབྲི་བཞེངས་ཀྱི་སྒྲོམ་གཞིའི་སྐྱ་ཐིག་དང་ཚན་པ་རེ་རེའི་དོན་གནད་དུ་སོང་འདུག། ཆེས་ཕངས་དགོས་པ་ནི《 ལོ་རྒྱུས་རང་གྲོལ་གཞོན་ནུའི་ལྷག་བསམ》ཞེས་པ་དེའང་དོན་གྲུབ་རྒྱལ་སྐུ་ཚེ་མ་བརྟན་པར་རྩོམ་འཕྲོ་ཅན་དུ་ལུས་སྟབས་གདོང་དམར་ཅན་གྱི་བསོད་ནམས་ཆེན་པོའི་སྐལ་དུ་འགྲུབ་མ་ཐུབ།
དོན་གྲུབ་རྒྱལ་འཚོ་གཞེས་ཀྱི་སྐབས་སུ་འཆར་བཀོད་འདི་ལྟར་ཞིག་བཞག་མྱོང་ཡོད་དེ། ཁོང་གིས་གྲོགས་པོ་བྱམས་དཀར་ཡག་ལ། ང་སི་ཁྲོན་ལ་སོང་ན་ཁམས་པའི་སྐད་ཤེས་ཐུབ་ལ། དེ་ནས་ལོ་ཤོས་བསྡད་རྗེས་བོད་ཀྱི་མདོ་དབུས་ཁམས་གསུམ་ལ་སྐོར་ཞིབ་བྱས་ཏེ། ལྷ་སར་སླེབས་ན། ང་དངོས་གནས་ནང་ལ་འཛུལ་ཏེ། དོན་དམ་པའི་བརྩམས་ཆོས་རིང་མོ་ཞིག་གི་འགོ་བརྩམས་ནས་མཇུག་བསྐྱང་ན་འདོད། ང་ཚེ་རིང་པོ་གནས་རྒྱུ་མ་རེད་ཅེས་གསུངས་མྱོང་ཡོད།
ཁོང་གིས་བརྗོད་པའི་བརྩམས་ཆོས་རིང་མོ་ཞེས་པ་ནི་མི་རིགས་ཤིག་ལ་མཚོན་ན་ལྗིད་ཏིག་ཏིག་ཅིག་ཡིན་ཐག་ཆོད་དེ། མི་རིགས་ཤིག་གི་རྗེས་རབས་པའི་བློ་གྲོས་ཀྱི་པད་མོ་འབྱེད་པ་ལ《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་རང་གྲོལ་གཞོན་ནུའི་ལྷག་བསམ》ལྟ་བུའི་བརྩམས་ཆོས་ཉིན་མོར་བྱེད་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བའི་ཕྱིར་རོ།།
དངོས་གནས་རྩོམ་འཕྲོ་ཅན་དུ་ལུས་པའི《 དེབ་དཀར》ལྟ་བུ་ཞིག་ས་བོན་བྱས་ཏེ། བོད་ཀྱི་སྲིད་ལུགས་ཀྱི་ལོ་རྒྱུས་ཤིག་འབྲི་རྩོམ་བྱེད་དགོས་ན་ལོ་རབས་བརྒྱད་ཅུ་བའི་རིག་གནས་པ་ཞིག་གི་ཁྲོད་ན་དོན་གྲུབ་རྒྱལ་ནི་ཆེས་འོས་ཤིང་འཚམ་པ་ཞིག་ཡིན་ཏེ། ཁོང་རྣམ་གཉིས་ལ་ཐུན་མོང་དུ་གྱུར་པའི་ཡོན་ཏན་ཏེ། རྣམ་པར་དཔྱོད་པའི་ཤེས་རབ་དང་། ཤེས་ཡོན་གྱིས་གཏམས་པའི་ཐུགས་རྒྱུད། ཀློང་དུ་བརྡོལ་བའི་རྩོམ་རྩལ། གཟུངས་སུ་ཐོབ་པའི་དྲན་ཤེས། ཁུར་དུ་ལྗིད་པའི་བརྩམས་ཆོས། གསར་དུ་གཏོད་པའི་བསམ་བློ། ཞུམ་པ་མེད་པའི་བློ་སྤོབས། འཛེམ་བག་མེད་པའི་ང་རྒྱལ། མངོན་ལྐོག་བྲལ་བའི་མི་གཞི། བདེན་དོན་གཞོལ་བའི་ཆོད་སེམས། རིགས་ལ་དུངས་པའི་ལྷག་བསམ་སོགས་ཆ་ཀུན་ནས་འདྲ་ཞིང་། ཐ་ན་སྒྱུ་རྩལ་བའི་སྤྱི་འགྲོས་ལྟ་བུའི་དུ་ཆང་དང་བུད་མེད་ལ་ཞེན་པའི་ཚུལ་ལུགས་ཀྱང་ཧ་ཅང་འདྲ་བས། ཁོང་གཉིས་ནི་ཡབ་སྲས་སུ་བརྗོད་རུང་ལ། སྐྱེ་རྒྱུད་ཀྱི་ཕྲེང་བ་རུའང་བགྲང་འོས་སྙམ།
དྲུག
ལོ་རྒྱུས་ནི་ལོ་རྒྱུས་ཡིན་ལ། དགེ་ཆོས་དང་དོན་གྲུབ་རྒྱལ་ཡང་ལོ་རྒྱུས་སུ་གྱུར་ཟིན།
ང་ཚོས་ལོ་རྒྱུས་ཆེན་མོའི་མིག་རྒྱངས་ཀྱིས་དཔྱད་ན། དགེ་ཆོས་དང་དོན་གྲུབ་རྒྱལ་ཏེ་མདོ་སྨད་ནས་བྱོན་པའི་སྐྱེས་ཆེན་གཉིས་ཀྱི་རིན་ཐང་བླ་ལྷག་རྟོགས་ཐུབ་སྟེ། དགེ་ཆོས་མུན་བཙོན་དུ་ལྷུང་བའི་རེ་ཆད་དང་རང་གིས་རང་ལ་གནང་བའི་སེམས་གསོ་རུ་ཐུགས་སྲས་ཧོར་ཁང་བསོད་ནམས་དཔལ་འབར་ལ། རང་རེས་རྒྱལ་རབས་རྩོམ་འཕྲོ་ཅན་འདི་ཙམ་ལུས་པ་བྱུང་ནའང་ད་ལན་གྱི་ཁོ་བོའི་ནག་ཉེས་ཆེ་ཆུང་ཅི་ཡིན་བོད་ཀྱི་ཤེས་ལྡན་ཡོངས་ཀྱི་མདུན་དུ་མ་འོངས་པ་ན་ཐག་ཆོད་པ་ཞིག་འོང་ངེས་ཡིན། དེ་དུས་སྙིང་དེ་ལས་ཚིམས་པ་དང་བློ་ཁ་དེ་ལས་ཁེངས་པ་འོང་རྒྱུ་མེད་ཅེས་མ་འོངས་པ་ལ་རེ་བཅོལ་བྱས་པ་དང་། དོན་གྲུབ་རྒྱལ་ནས་ཀྱང་བློས་ཐུབ་ཀྱི་གྲོགས་པོ་ཟླ་བ་བློ་གྲོས་བརྒྱུད་དེ་བཞག་པའི་ཞལ་ཆེམས་སུ། ང་ནི་ཡིད་གདུང་བས་གཟིར་བཞིན་ཁྱེད་དང་གཏན་བྲལ་བྱེད་རྒྱུ་ཡིན། ཁྱོད་ཀྱིས་ངས་ལམ་འདི་འདྲ་ཞིག་བདམས་པ་ནི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱང་སྲིད་མོད། ངའི་ཤི་རྐྱེན་གསལ་ཐག་ཆོད་པ་ཞིག་ཤེས་དུས། ཁྱེད་ཀྱིས་བདག་གི་གཏན་བྲལ་ལ་རྒྱུ་མཚན་ཆེན་པོ་ཡོད་པར་འདོད་སྲིད། ཅེས་དང་། ངས་བསམ་གཞིག་ཡུན་རིང་བཏང་བ་ན། འུ་ཅག་གི་མི་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ངང་དུ་གནས་ཤིང་། འདིའི་དོན་དུ་བདག་གིས་ཀྱང་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཏེ། ཁོ་པ་ཚོར་རྟོགས་སད་འབྱུང་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་སོང་། དེའི་ཕྱིར། ངས་རང་ཉིད་ཀྱི་ཚེ་སྲོག་གིས་ཁོ་པ་ཚོར་ཐ་ཚིག་བསྒྲག་རྒྱུ་ཡིན། ཞེས་པ་རང་གི་གཅེས་པའི་ཚེ་སྲོག་གཏུན་ཤིང་བྱས་ཏེ་མི་རིགས་འདི་ཉིད་རྨོངས་གཉིད་ལས་སད་པའི་དྲིལ་བུ་བཀྲོལ་བ་རེད།
དགེ་ཆོས་རང་གི་ཞལ་ནས། དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།། བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།། ཞེས་བྱུང་བ་བཞིན། དུས་ཀྱི་འཁོར་ལོ་བགྲང་བྱ་སུམ་ཅུ་འཁོར་བའི་རྗེས་ནས་དགེ་ཆོས་ཀྱི་བསམ་བློའི་ས་བོན་སྦྲུམ་པའི《 དེབ་དཀར》གྱི་རིན་ཐང་ཕྱི་རབས་པས་རྟོགས་ནས། དུས་དང་བསྟུན་པའི་བོད་ཀྱི་ལོ་རྒྱུས་ཆེན་མོ་གཅིག་རྒྱུད་གཉིས་མཐུད་དུ་བརྩམས་དང་རྩོམ་བཞིན་ཡོད་པས་ཨ་མདོ་སྤྲང་པོ་དགེ་འདུན་ཆོས་འཕེལ་གྱི་ཐུགས་རེ་ཡོངས་སུ་འགྲུབ་ཀྱིན་ཡོད་ལ་ཁོང་གི་མི་ཚེའི་རིན་ཐང་ཡང་བོད་ཀྱི་ལོ་རྒྱུས་ཆེན་མོའི་རྡོ་རིང་ངོས་སུ་ལྷམ་མེར་ལྷན་ནེར་གསལ་བཞིན་པ་དང་། མི་ཚེར་ཕམ་ཁ་ཉོས་སོང་སྙམ་པའི་དོན་གྲུབ་རྒྱལ་ཡང་ཁོང་གི་མ་སྨད་པའི་བསམ་བློའི་ཀློང་ལས་ཐོན་པའི་བརྩམས་ཆོས་པོད་དྲུག་གི་བདག་ཉིད་ཅན་གྱི་ཤུགས་རྐྱེན་ལས། གཞོན་རབས་ཁྲི་མ་འབུམ་གྱིས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ཀྱི་རྩོམ་ལུགས་སྣ་ཚོགས་ཏེ། རང་མོས་སྙན་རྩོམ་དང་། སྒྲུང་གཏམ། འབོལ་རྩོམ། དཔྱད་རྩོམ་སོགས་བོད་ཀྱི་རྩོམ་རིག་གི་སྐྱེད་མོས་ཚལ་ཕུན་ཚོགས་ཇེ་ཚོགས་སུ་བཏང་དང་གཏོང་བཞིན་ཡོད་པ་ལགས་སོ།།
དོན་གྲུབ་རྒྱལ་རང་གིས་གྲགས་པ་ཆེ་བའི་རང་མོས་སྙན་རྩོམ《 ལང་ཚོའི་རྦབ་ཆུ》 ཞེས་པ་རུ།
ལྟོས་དང་།
གྲལ་འགྲིག་པའི་རུ་དཔུང་དེ་ནི།
བོད་གངས་ཅན་གྱི་མི་རབས་གསར་བ་རེད།།
ཉོན་དང་།
འགྲོས་མཉམ་པའི་གླུ་སྒྲ་དེ་ནི།
བོད་གངས་ཅན་གྱི་གཞོན་ནུའི་གོམ་སྒྲ་རེད།
འོད་གསལ་གྱི་ལམ་ཆེན།
གཟི་བརྗིད་ཀྱི་ལས་འགན།
བདེ་སྐྱིད་ཀྱི་འཚོ་བ།
འཐབ་འཛིང་གི་གླུ་དབྱངས།
རྦབ་ཆུའི་ལང་ཚོ་ལ་ཡལ་བ་མེད་ཅིང་།
ལང་ཚོའི་རྦབ་ཆུ་ནི་དེ་བས་ཀྱང་ཉམས་པ་མེད།
ཅེས་མ་འོངས་སྔོན་གཟིགས་ཀྱི་ཚུལ་དུ་བརྗོད་པ་བཞིན། བོད་གངས་ཅན་གྱི་ཕྱི་རབས་པ་རྣམས་ཀྱིས་དོན་གྲུབ་རྒྱལ་གྱིས་གཏོད་པའི་རྩོམ་རིག་གསར་བའི་འོད་གསལ་གྱི་ལམ་ཆེན་དུ། མི་རིགས་རིག་གནས་གོང་འཕེལ་གྱི་གཟི་བརྗིད་ཀྱི་ལས་འགན་ཕྲག་ཏུ་བཞེས་ཏེ། འཐབ་འཛིང་གི་གླུ་དབྱངས་ལེན་བཞིན་དུས་རབས་གསར་བའི་ནང་དུ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་པ་ནི་ཨ་མདོ་དགུ་རོང་དོན་གྲུབ་རྒྱལ་གྱི་མི་ཚེའི་རིན་ཐང་མངོན་པར་གྲུབ་པའི་དན་རྟགས་ཡིན།
མདོར་ན། ལོ་རྒྱུས་ཆེན་མོའི་མཐོང་སྣང་དུ་དགེ་ཆོས་དང་དོན་གྲུབ་རྒྱལ་གྱི་རྩོམ་རིག་རིན་ཐང་ནི་སྤྱིར་ཁོང་གཉིས་ཀྱི་འགྲོ་དོན་ལས་འཕྲོ་ལྟར་དུ་སོང་བའི་གོང་ཞུས་ཀྱི་དེབ་ཐེར་དག་མཐོང་མོད། དོན་དངོས་ནི་བརྩམས་ཆོས་དེ་དག་ལས་འཕྲོས་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་དགག་སྒྲུབ་ཀྱི་སྤོབས་པ། རིགས་ཞེན་གྱི་འདུ་ཤེས་ཏེ། ད་བར་དུ་ཕྱི་རབས་རིག་གནས་པ་རྣམས་ལ་ཐེབས་པའི་ཤུགས་རྐྱེན་དེ་ཡིན་ནོ།།