གཅེས་སུ་འོས་པའི་གནག་སྣུམ་གྱི་སྐྲ་ཡི་ཚོམ་བུ་རེ་རེ་བཞིན་དུ་བར་སྣང་ནས་ལྷུངས་ཏེ། ཐང་གཅལ་དུ་ཟགས་ཐེངས་རེར་དེ་དང་ལྷན་དུ་མོའི་གདོང་གི་མིག་ཆུ་དག་ཀྱང་ས་ལ་འཐོར་ཡོང་།མོ་དང་མོའི་ཨ་མ་གཉིས་ཀས་མོའི་མཚོན་བྱེད་དུ་བརྩིས་མྱོང་ཞིང་། ཡང་ཡང་དུ་གཅེས་སྤྲས་བྱས་མྱོང་བའི་སྐྲ་ཚོགས་ཡག་པོ་དེ་དེ་ལྟར་བཞར་དགོས་བྱུང་བས་ཕངས་སེམས་དང་སྡུག་བསྔལ་མེད་པ་ག་ལ་སྲིད། ཡིན་ཡང་སྐྲ་དེ་གཅོད་གཏུབ་བྱེད་པ་དམིགས་ཡུལ་གཅིག་ཁོ་ནའི་ཆེད་དུ་ཡིན།
“མཛེས་མ། ཁྱོད་ཀྱི་འདོད་མོས་ལྟར་དུ་བྱས་ཡོད། སྐྲ་ཉག་མ་ཞིག་ཀྱང་བསྐྱུར་མེད།”
མོས་ལན་ཅི་ཡང་མ་བཏབ་པས་སྐྲ་བཞར་མཁན་དེས་ཡང་བསྐྱར།“སྐྲ་ལོ་ཡག་པོ་འདི་འདྲ། ལག་འཇོག་རྒྱུར་ངོ་མ་དཀའ་མོ་འདུག”ཅེས་གདུང་སེམས་མཉམ་སྐྱེས་བྱས་བྱུང་། གང་ལྟར་མོའི་མགོ་ཐོག་ཏུ་གཟི་བརྗིད་ཀྱི་ཚུལ་དུ་ཡོད་མྱོང་བའི་དབུ་སྐྱེས་ཚོམ་བུ་དེ་ཚོ་ཐང་ལ་ལྷུངས་ཏེ་རྡོག་འོག་བརྫིས་པ་དང་དེའི་རྗེས་སུ་གད་སྙིགས་ཀྱི་གྲལ་དུ་དེད་སོང་། མོ་ལ་དངོས་གནས་སྐྲ་ལོ་བཅད་པ་ནི་མགོ་བོ་གཅོད་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། ཡིན་ཡང་སྙིང་ཉེ་གང་དེའི་མིག་ལ་འགྲོ་ཆེད་དུ་མོས་རང་ཉིད་ཡོངས་སུ་བཅོས་བསྒྱུར་བྱེད་བརྩིས་འདུག
མོས་མདུན་ཐད་ཀྱི་མེ་ལོང་ཆེན་པོ་དེ་ལས་ལྡོག་གཟུགས་སུ་ཤར་བའི་རང་ལ་ལྟ་ཙམ་ཡང་མ་ཕོད་ཅིང་། དེའི་ངོས་སུ་ཤར་བའི་གཟུགས་རིས་དེའི་བདག་པོ་རང་ཉིད་ཡིན་པ་ཁས་ལེན་འདོད་མ་བྱུང་། མོས་མགོ་བོ་གཅུས་ཏེ་སྙིགས་ཟོམ་དུ་ཡོད་པའི་དབུ་སྐྱེས་ཚོམ་བུ་དེ་ལ་ཡུན་རིང་ཅེར་ནས་བསྡད། དེ་རུ་བློས་མི་ཐོངས་པའི་ཞེན་ཆགས་ཅི་ཞིག་ཡོད་དམ། ཆུང་དུས་མ་ཡུམ་གྱི་ལག་པས་བྱིལ་བྱིལ་དུ་བཏང་མྱོང་བའི་སྐྲ་སིལ་ལུ་དེའམ། ཡང་ན་ལོ་ཚོད་ལོན་དུས་ལན་བུ་ལྷས་མ་བསླེས་ཏེ་ཨ་མས་ཡང་ཡང་དུ་བལྟས་མྱོང་བའི་ལན་ཚར་དེ་ཡིན། དེ་དག་གཅིག་ཀྱང་མིན་པ་འདྲ་སྟེ།མོས་ད་ལྟ་ཆུང་དུས་ཀྱི་སྐྲ་སིལ་ལུ་དེ་དང་དེའི་འོག་གི་བཅོས་མིན་གྱི་ཞལ་རས་ཅན་གྱི་བྱིས་པ་དེ་བརྗེད་ཟིན་ཅིང་། བྱུ་རུའི་ལན་ཚར་དང་དེ་འོག་གི་ལང་ཚོས་བརྟས་པའི་ན་ཆུང་ལྷད་མེད་དེ་ཡང་བོར་ཟིན། མོས་སྙིགས་ཟོམ་དུ་ཡོད་པའི་རང་གི་སྐྲ་ལོར་ཅེར་བ་ནི་དེ་ལ་མྱ་ངན་ཞུ་བཞིན་ཡོད་པ་འདྲ་ལ། རང་ལའང་མྱ་ངན་ཞུ་བཞིན་ཡོད་པ་འདྲ།
གང་ལྟར་མིག་སྔར་གྱི་སྐྲ་ཚོགས་དེས་མོ་དང་ལྷན་དུ་འགྱུར་བ་གང་མང་བརྒྱུད་མྱོང་དེ། ནག་པོ་ནས་དཀར་པོ་དང་། དམར་པོ་ནས་སེར་པོ་སོགས་ཀྱི་ཁ་དོག་ཅི་རིགས་བསྟན་མྱོང་ཞིང་། ད་ལྟ་རང་མདོག་ངོ་མ་བསྟན་ཏེ་ཉམ་དམན་པའི་ཚུལ་གྱིས་སྙིགས་ཟམ་དུ་མཆིས། ནམ་ཞིག་མོས་ཀྱང་རང་མདོག་ངོ་མ་བསྟན་ཏེ་འཆི་བའི་སྒོ་དྲུང་དུ་འགྲོ་དགོས་སམ། ཆུང་དུས་མོའི་ཨ་མས་མཚན་མོར་མ་མེར་སྒྲོན་ཏེ་དད་སེམས་རྩེ་གཅིག་གིས་རང་གི་ཉེས་བྱས་རྣམས་དག་སེལ་བྱེད་དུས། མོ་རང་མཚར་སྣང་སྐྱེས་ཏེ་རང་མཚང་ངན་པ་ཕྱིར་ཕུད་པ་ནི་གླེན་རྟགས་ངོ་མ་ཞིག་རེད་སྙམ་མྱོང་།
མོས་སྐུད་ཞྭ་ནག་པོ་ཞིག་གིས་མགོ་བོ་གཅུད་དེ་སྐྲ་གཞར་མཁན་དེ་ལ་བཀའ་དྲིན་ཙམ་ཡང་མ་ཞུས་པར་ཐད་ཀར་སྒོ་རུ་ཕྱིན། མོ་རང་སྲང་མདོར་སླེབས་དུས་རྐུ་མ་ཞིག་དང་འདྲ་བར་སུ་ཞིག་ལ་འཕྲད་དོགས་ཀྱིས་འདྲོག་བཞིན་འདུག
མོའི་མིང་ལ་ལྷ་མོ་གཡང་ཊི་ཟེར། གཡང་ཊི་ནི་མོའི་དངོས་མིང་དང་ལྷ་མོ་ནི་དྲྭ་ཐོག་གི་ཞེན་མི་ (粉丝) དག་གིས་བཏགས་པ་ཡིན་ཞིང་། དེ་གཉིས་སྦྱོར་འཐུད་ཀྱིས་མོ་ལ་དེ་ལྟར་འབོད་པ་ནི། མོ་རང་དངོས་ཡོད་དང་འཁྲུལ་སྣང་བར་ནས་གསོན་བཞིན་ཡོད་པའམ། དྲྭ་ལམ་དང་འཚོ་བའི་གསེང་ནས་འདུར་བཞིན་ཡོད་པ་མཚོན་བྱེད་དུ་བཀོད་པ་དང་འདྲ། གཡང་ཊི་ཆེས་དགའ་ས་ནི་ལྷ་སྲས་གཞོན་ནུ་ཡིན་ལ་མོའི་ཐལ་ཆེ་བའི་དད་ཞེན་དེས་རང་ཚུགས་དང་ལ་རྒྱ་ཅི་ཡང་མེད་པར་བྱས། གཡང་ཊིས་སྐྲ་ཚུགས་ཤིག་བཅོས་པ་མན་ཆད་སེམས་སོང་གང་དེའི་མིག་ལ་འགྲོ་ཐབས་དང་། ལྷམ་གྱི་ཁ་དོག་ཅིག་འདེམས་པ་ཡན་ཆད་སྙིང་ཉེ་གང་དེའི་བློ་རུ་འབབ་ཐབས་སུ་བརྩོན་པ་ཡིན། མོས་ལྷ་སྲས་གཞོན་ནུའི་དགའ་ཕྱོགས་དང་བྱ་སྤྱོད་ཡོད་ཚད་ལ་རྒྱུས་ལོན་བྱས་ཏེ་རང་གིས་ལད་ཟློས་བྱས་པ་དང་བརྩོན་པ་དྲག་པོས་ཁོའི་དགའ་ཕྱོགས་ཀྱི་ངོས་བཟུང་ཡུལ་དེ་དག་ལ་ཡོད་པའི་ཁྱད་ཆོས་སྣ་ཚོགས་རང་ལ་བདག་ཐབས་བྱས།
ཟླ་འདི་དག་ཏུ་གཡང་ཊིས་སྐྲ་མདོག་སེར་པོར་བསྒྱུར་བ་དང་སྐབས་རེར་རྒྱ་གར་གྱི་བུད་མེད་ཚོའི་མཛེས་འཆོས་སྤྲས་པ་སོགས། ཡ་མ་བརླ་ཡི་སྤྱོད་པ་མཐའ་དག་སེམས་སོང་གང་དེའི་སེམས་ཀྱི་གཏད་སོ་འགྱུར་བ་བཞིན་དུ་མོས་ཀྱང་རང་ལ་འགྱུར་བ་དེ་ལྟར་བཏང་། མོ་རང་དེ་ལྟར་ཁོའི་རྩེད་ཆས་སུ་གྱུར་ནས་བཟུང་ཁོ་ལའང་རྣམ་དག་གི་དད་ཞེན་བྱེད་པའི་ཞེན་མི་ཞིག་གི་གྲངས་འབོར་མང་དུ་ཕྱིན་པ་རེད།
ལྷ་སྲས་གཞོན་ནུ་ཡུལ་འདིའི་གྲགས་སྐར་(明星)ཞིག་རེད། ཁོའི་ཞལ་རས་དང་གསུང་སྐད་ཀྱིས་ལྷ་མོ་དབྱངས་ཅན་མ་ཡིན་ཡང་འགྲན་ནུས་པ་བཤད། དེ་ནི་འུར་སྒྲོག་ཙམ་དུ་ངེས་ཀྱང་ཁོ་ལ་གཡང་ཊིས་གཙོས་པའི་སྙིང་ཉེ་ཧ་ཅང་མང་ཞིང་དེེ་དག་ཉུང་ཙམ་ལས་ཁོ་དང་ངོ་འཕྲད་མ་མྱོང་། ཁོས་གཞས་གཏོང་བཞིན་སྒྲ་སྙན་ཤེད་ཀྱིས་བཀྲོལ། བར་སྐབས་ཤིག་ནས་ཁོ་རང་ངུ་བཞིན་ངུ་འབོད་ཆེན་པོ་བྱེད། དེ་དང་ལྷན་དུ་གཡང་ཊིས་གཙོས་པའི་ཁོའི་ཞེན་མི་དག་ཀྱང་ངུས་ནས་མིག་ཆུ་ཕྲེང་ཐག་ཆད་པ་ལྟར་དུ་གྱུར་འགྲོ། ཁོས་ངུ་མཚམས་བཞག་སྟེ་མུར་མཐུད་དེ་གཞས་གཏོང་བའི་སྐབས་སུའང་གཡང་ཊི་ད་རུང་ངུ་བཞིན་ཡོད་ལ་ངུ་བ་སྔར་ལས་ཀྱང་ཚབས་ཆེར་གྱུར་འགྲོ།བལྟས་ཚོད་དུ་དེ་ནི་ཡུམ་ཆེན་ཞིག་གིས་སྡུག་བསྔལ་མ་བཟོད་པར་མིག་ཆུ་བཏང་རྗེས། དེས་བརྩེ་བས་གསོས་པའི་བྱིས་པ་དག་གིས་མིག་ཆུ་གཏོང་བ་དང་མཚུངས། ཡིན་ཡང་གནས་དེར་ཡུམ་ཆེན་ཞིག་གི་ཤ་ཚ་དང་སེམས་ཁུར་མ་མཆིས་ལ། བྱིས་པ་ཞིག་གི་དྭངས་གཙང་གི་ངུ་སྐད་ག་ལ་ཡོད། གནས་དེར་ཡང་ཡང་དུ་འཛུམ་ཆུང་བསྟན་ཤེས་ཤིང་གུས་ཞབས་ཀྱི་རྣམ་འགྱུར་བསྟན་ཤེས་པའི་ཕོ་གཞོན་མོ་གཞོན་ཏག་ཏག་གིས་གྲུབ་པས། ཕྱི་ཚུལ་གྱི་མཛེས་ཉམས་དེ་ལས་མིའི་བདེ་སྡུག་ངོ་མ་དང་། འཚོ་བ་ངོ་མ། གཤིས་ཀ་ངོ་མ། བརྩེ་བ་ངོ་མ་སོགས་མདོར་ན་ཇི་ལྟར་ཡིན་པ་དེ་ལྟར་མངོན་དུ་མི་འཇུག་པར་ཞལ་འབག་ཅིག་གིས་གཡོགས་ནས་འདུག ཞལ་འབག་དེའི་འོག་ནས་མི་དག་གིས་བརྩེ་དུང་གླེང་བ་དང་དགའ་རོགས་སྒྲིག་པ་སོགས་བྱེད་པ་ནི། རང་ཉིད་ངོ་མ་རྒྱང་དུ་བཀྱེད་དེ་ཞལ་འབག་གཉིས་ཀྱི་སྒྱུ་མའི་ལྟད་མོ་ལ་ལྟ་བ་དང་མཚུངས་ཤིང་སྐབས་རེར་ཞལ་འབག་དེ་ལས་རང་ཉིད་ལོགས་སུ་བཀར་རྒྱུ་མེད་པ་འདྲ།
ཇི་ལྟར་ཡིན་ཡང་གཡང་ཊིས་ད་ཐེངས་སྐྲ་ལོ་བཞར་ཏེ་མགོ་བོ་མར་རྡོག་ཅིག་དང་འདྲ་བར་བྱས་ཤིང་གཞན་གྱི་མིག་སྔར་མཚར་སྣང་འགོག་མེད་དུ་སྐྱེ་ཡོང་བ་ཞིག་བྱས་འདུག
ལྷ་མོ་གཡང་ཊིས་སྐྲ་ལོ་བཅད་ཡོད་པའི་བརྙན་ཐུང་དགོད་བྲོ་དེ་སུས་སྤེལ་བ་ཡིན་ནམ། གཅིག་བྱས་ན་མོའི་གྲོགས་མོ་མཁའ་འགྲོ་མཚོས། དེ་ནུབ་ཆང་གིས་བཟི་སྟེ་ཚུལ་འཆོས་ཀྱི་སེང་རས་ཡོངས་སུ་རལ་བའི་སྐབས་དེར་བརྙན་ཐུང་བླངས་པ་ཡིན་སྲིད། གཡང་ཊིས་སུ་ལ་ཁོང་ཁྲོ་བྱེད་དགོས་པའམ་བཀའ་དྲིན་ཞུ་དགོས་མི་ཤེས། མོའི་མགྱོགས་འཕྲིན་(快手)དུ་སྤེལ་ཡོད་པའི་བརྙན་ཐུང་དེར་ལྟ་གྲངས་ཁྲི་བཅུ་ལས་བརྒལ་ཡོད་པ་དང་ཞབས་མཆན་སྟོང་ཕྲག་བརྒྱད་ལས་བརྒལ་འདུག འདི་ནི་དུས་ཚོད་བརྒྱད་ལྷག་གི་གནད་དོན་ཞིག་རེད། མོ་རང་གཉིད་ལས་སད་དུས་ཁ་པར་ལ་མིག་གཤེར་ཐེངས་ཤིག་བྱས་པས་བསམ་ཡུལ་ལས་འདས་པ་ཞིག་ལ། རང་གི་མགྱོགས་འཕྲིན་དུ་སྐྲ་ཉག་མ་ཞིག་ཀྱང་མེད་པའི་བུད་མེད་སྤྱི་ཐེར་ཞིག་མངོན་བྱུང་། མོས་ཞིབ་ཏུ་བལྟས་པས་དེ་ནི་རང་ཉིད་ཡིན་འདུག་ཨང་། ཆང་གིས་བཟི་སྟེ་བཅོས་འཛུམ་ཞིག་ཀྱང་བཏོད་མེད་པ་དེ་ཡིད་ཕངས་པའི་ཆ་ཞིག་རེད། ཇི་ལྟར་ཡིན་ཡང་བརྙན་ཐུང་དེས་གྲག་འགུལ་ཚད་མེད་ཅིག་སློང་འདུག་པས་མོ་ལ་མཚོན་ན་ཡིད་ཚིམས་པའི་ཆ་ཞིག་ཀྱང་མཆིས། དྲྭ་ཐོག་གི་མི་དེ་ཚོས་མོ་ལ་དགའ་ཞེན་བྱེད་པའམ་ཡང་ན་ཁྲེལ་འདེབས་པའི་ཕྱིར་དུ་ཁྱབ་སྤེལ་གཏོང་བ་གང་ཡིན་ནམ། སྐར་མ་རེ་རེ་བཞིན་དུ་ལྟ་གྲངས་ཀྱི་མི་འབོར་མང་དུ་འཕར་བཞིན་འདུག མོས་ཞབས་མཆན་འགའ་ལ་བལྟས་པས་"ཨ་ཡ་མཚན། མགོ་བོ་གཅད་རྒྱུ་ཡིན་ན་དེ་ལས་མཚར་ན་ཐང་།"ཞེས་བཀོད་འདུག་ཅིང་ལ་ལས"ལྷ་མོ་མགོ་རིལ"ཞེས་མཆུ་སྒྲོས་དང་མེ་ཏོག་མང་པོ་ལྷན་དུ་བཀོད་འདུག
ལྷ་མོ་མགོ་རིལ་དྲྭ་གྲགས་སུ་གྱུར་པ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། མོ་ལས་མཛེས་ཤིང་ཤེས་འཇོན་ལྡན་པའི་བུད་མེད་མང་པོ་ཞིག་ལ་མོའི་གྲགས་པའི་སུམ་ཆ་གཅིག་ཀྱང་མེད་ཅིང་། ཁོ་ཚོའི་ནམ་རྒྱུན་གཞན་གྱི་དོ་སྣང་གི་ཆེད་དུ་ཅི་ཞིག་ཡིན་ཡང་བྱེད་ཐུབ་པའི་ཚད་དུ་ཡོད། ཇི་ལྟར་ཡིན་ཡང་གཡང་ཊི་དྲྭ་གྲགས་སུ་གྱུར་ཏེ་ཐ་ན་མོའི་ཨ་མས་ཀྱང་བརྙན་ལམ་ནས་མཐོང་བར་གྱུར།
མོའི་གྲོགས་མོ་མཁའ་འགྲོ་མཚོས་དང་ཐོག་མོ་ལ་དགོངས་དག་ཞུས་ཏེ་དེ་ནུབ་ཆང་གིས་བཟི་ཏེ་དྲན་ཤེས་རང་དབང་མ་བྱུང་བའི་ཚུལ་བརྗོད་པ་དང་རྗེས་ནས་མོས་ཀྱང་སྐྲ་ལོ་གཅད་རྒྱུ་ཟེར།གཡང་ཊི་ཅུང་ཧ་ལས་པའི་ཉམས་དང་བཅས་ཏེ།“སྙིང་ཉེ་མ། ཁྱོད་ཀྱིས་སྐྲ་ལོ་བཅད་ན་ངས་ཁྱོད་རང་སུ་ཞིག་ཡིན་པ་ཤེས་རྒྱུ་མ་རེད།”ཟེར། ད་རུང་ཆིག་ལབ་ཀྱི་ཚུལ་དུ།“མ་གཞི་ང་ཚོས་རང་ཉིད་བོར་ནས་ཡུན་རིང་འགོར་སོང་།”ཟེར། དེའི་རྗེས་གཡང་ཊིས་སྐད་ཆ་དེའི་འཕྲོ་སྐྱོང་མི་འདོད་པའི་ཚུལ་གྱིས་“དུས་རབས་གསར་བའི་ན་གཞོན་ང་ཚོ། རང་མོས་ཀྱིས་འཚོ་ཞིང་གང་འདོད་བྱུང་རྒྱལ་བྱེད་པར་སྤྲོ།”ཟེར་བཞིན་སྐྱོ་འཛུམ་ཞིག་བསྟན་རྗེས་ཧ་དགོད་བྱས་བྱུང་། མཁའ་འགྲོ་མཚོས་“རེད། སྙིང་ཉེ་མ། ང་ཚོ་ཇི་ལྟར་གསོན་འདོད་ན་དེ་ལྟར་གསོན་པའི་རང་དབང་ཡོད། ཡང་གཅིག་བཤད་ན་ད་ལྟ་སྤྱི་ཚོགས་རྙིང་པ་ནི་མ་རེད།”ཅེས་བདེན་ཅོག་ཅོག་གིས་བརྗོད་བྱུང་། སྤྱི་ཚོགས་རྙིང་པ་ཞེས་བརྗོད་པ་ཐོས་དུས་གཡང་ཊིའི་སེམས་སུ་རང་གི་ཕ་ཡུལ་དྲན་པ་དང་ཨ་མ་རྒན་མོ་ཡང་དྲན་པར་གྱུར། མ་ཟད་མོས་ཆུང་དུས་ཀྱི་ལོ་ཟླ་དག་ཀྱང་སྐྱེ་བ་སྔ་མ་དྲན་པ་བཞིན་དུ་དྲན་པར་གྱུར། འདིར་སྐྱེ་བ་སྔོན་མ་དྲན་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་མོས་ད་ལྟ་ཕ་ཡུལ་ནི་ཕྱིར་ལྡོག་ས་མེད་པའི་འཇིག་རྟེན་གཞན་ཞིག་གི་ཡུལ་གྲུར་བརྩིས་ཟིན་པས་རེད། མོ་ཡང་སྤྱི་ཚོགས་རྙིང་པའི་སྐབས་ནས་སྐྱེས་པ་མིན་མོད། ཡིན་ཡང་སྤྱི་ཚོགས་རྙིང་པ་ཞེས་བརྗོད་དུས་མོས་ཕ་ཡུལ་དང་ཕ་མ་དྲན་པ་ནི་ལྟོས་འཇོག་གིས་ཕ་ཡུལ་ནི། སྤྱི་ཚོགས་རྙིང་པ་དང་འདྲ་བའི་ཆ་ཧ་ཅང་མང་བས་ཡིན། མོའི་ཨ་མས་ནམ་ཞིག་ཁ་པར་གཏོང་ཡོང་ཚེར།“ངའི་གཅེས་ཕྲུག་མ། ནམ་ཞིག་ཡུལ་ལ་ཡོང་རྒྱུ།”ཟེར། མོས་ནམ་ཡང་ལན་དུ།“ཨ་མ། ད་རུང་གཏན་ཁེལ་མེད།”ཅེས་པ་དེ་རེད།
“མ་ཡུམ། ངས་སྐྲ་ལོ་བཅད་མེད། ཡིད་མ་ཆེས་ན་བརྙན་ལམ་ནས་ཁ་བརྡ་བྱེད།”
“དེ་འདྲ་མ་རེད། མ་ཡུམ། དེ་རིང་ཁ་སང་པར་རིས་ཇི་ལྟར་བཟོ་དགོས་ཀྱང་བཟོ་ཐུབ་པ་རེད། དཔེར་ན་ཁྱོད་རང་བུ་མོ་གཞོན་ནུ་མ་ཞིག་ཏུ་བསྒྱུར་ཐུབ་པ་རེད།”
“ངས་རྗེས་ཕྱོགས་བརྙན་དེ་འདྲ་མི་སྤེལ། མ་ཡུམ་ཐུགས་བདེ་གནང་།”
གཡང་ཊིས་ལྷན་སྐྱེས་ཀྱི་སྐྲ་སྣུམ་ཤིག་ཤིག་དེ་མེད་པར་བྱས་རྗེས་སྐྲ་རྫུན་མའི་ཞྭ་མོ་ཞིག་གྱོན་པ་ནི་རྒྱུ་མཚན་ཡག་པོ་ཅི་ཡང་བཤད་རྒྱུ་མེད། མོས་མ་ཡུམ་ལ་སྡུག་མི་གཞག་པའི་ཕྱིར་དུ་མགོ་སྐོར་གཏོང་བ་ཡིན་ན། ལག་ཡ་བཅད་དེ་རྐང་ཡ་ལ་སྦྱར་བ་དང་མཚུངས། མོས་མ་ཡུམ་ལ་སྐད་ཆ་རྫུན་མ་བཤད་དེ་སྐྲ་རྫུན་པའི་བརྙན་ཐུང་བསྐུར་བ་དང་ཧ་ཅང་གཅེས་མདོག་གིས་སྐྲ་ལོ་དེ་ལ་བྱིལ་བྱིལ་ཐེངས་འགའ་བྱས། ཚུལ་དེས་མོས་རང་ལ་ཁྲེལ་དགོད་ཐེངས་ཤིག་བྱེད་དགོས་བྱུང་། དེ་ནི་དངོས་གནས་སྐྱེས་པ་རྒྱུས་མེད་དེས་ནུབ་ཅིག་གི་འདྲིས་རོགས་ཡིན་པའི་བུད་མེད་ཆ་མེད་དེ་ལ།གཅེས་སྐྱོང་གི་ཚུལ་བསྟན་པ་དང་ཧ་ཅང་འདྲིས་མདོག་གིས་ཁ་ལྕེའི་བར་ནས་སྙིང་ཉེ་མ་ཞེས་འབོད་པ་དང་མཚུངས་སྙམ།
ཇི་ལྟར་ཡིན་ཡང་སྐྲ་ལོ་ངོ་མ་དེ་ལས་སྐྲ་རྫུན་མ་དེ་ལ་ཁྱད་ཆོས་མང་བ་དང་སྟབས་བདེ་བ་འདུག་སྟེ། ནམ་ཞིག་གྱོན་མི་འདོད་ཚེ་གཡུགས་ཆོག་པ་དང་མཁོ་ཚེ་ཏག་ཏག་ཞྭ་མོའི་ཚུལ་དུ་གྱོན་པས་འཐུས། དུས་རབས་འདིར་མཁོ་བ་ནི་སྟབས་བདེ་ཁོ་ན་ཡིན་པ་འདྲ། ད་ལྟའི་སྤྱི་ཚོགས་སུ་ངུ་བ་དང་དགོད་པ། དགའ་རོགས་སྒྲིག་པ་དང་འཐོར་བ། འཛིང་མོ་བྱུང་བ་དང་མཐུན་པོ་བྱེད་པ་ཡོད་ཚད་སྟབས་བདེ་དང་རྫུན་མ་ཁོ་ན་ཡིན་པ་འདྲ། དཔེར་ན་གཡང་ཊིའི་གྲོགས་མོར་གཏོགས་པའི་མཛེས་མ་གང་ཞིག་མདང་དགོང་གསར་ཡག་རྐྱལ་སྟོང་སུ་ཞིག་གི་སྙིང་ཉེ་ཡིན་པ་དང་། དོ་ནུབ་རྒྱུ་ཆེན་དཔོན་པོ་གང་ཞིག་གི་འདྲིས་རོགས་ཡིན་པའི་གནས་ཚུལ་ཉག་ཉོག་དག་ནི་རྒྱུན་འབྱམས་ཡིན་པ་དང་། དེ་ནི་རྒྱུན་ལྡན་དང་སྟབས་བདེར་བལྟས་ཏེ་སུས་ཀྱང་ངོ་རྒོལ་མི་བྱེད། ད་རུང་མི་དེ་དག་གི་གྲལ་དུ་“ངས་སྙིང་གསོན་པོ་ཞིག་ཁྱོད་ཀྱི་ལག་ཏུ་བཞག་ཡོད།”ཟེར་བ་དང་། ངའི་བརྩེ་བ་ནམ་མཁའི་ལྷ་ཁོ་ནས་ཤེས།”ཟེར་བ་སོགས་ཐ་ཚིག་ཟབ་མོ་ཏག་ཏག་སྒྲོག་པར་དགའ།
ཞིབ་ཏུ་བསམ་ན་གཡང་ཊིའི་ལུས་ཐོག་ཏུ་རྫུན་མ་ལས་གཞན་ཅི་ཡང་མེད་པ་འདྲ། མོ་ལ་ལྷ་མོ་ཞེས་པའི་མིང་རྫུན་མ་ཞིག་མཆིས་པ་དང་མགོ་ལ་གྱོན་པའི་སྐྲ་རྫུན་མ་ཞིག ལྷས་སྐྱེས་ཀྱི་ངོ་གདོང་ཡོད་ཚད་སྦས་ཡོད་པའི་ཞལ་རས་བཅོས་མ་ཞིག ད་རུང་སྙིང་ཉེ་དང་ལྷ་སྲས། ལྷ་མོ་དང་སྙིང་སྡུག་ཁོ་ནར་འབོད་ཤེས་པའི་ཁ་རྫུན་མ་ཞིག་ཀྱང་མཆིས་པ་འདྲ། ད་རུང་མོ་ལ་བརྩེ་བ་རྫུན་མ་དང་དགའ་རོགས་རྫུན་མ་ཡོད་སྲིད་དམ། གཡང་ཊིར་མཚོན་ན་ད་ལྟར་དེ་དག་ལ་བསམ་གཞིག་བྱེད་པའི་ཡི་ག་ཅི་ཡང་མི་འདུག་ལ། མོས་རང་གི་འཇིག་རྟེན་ལ་ཁ་ཕྱོགས་ཏེ་དག་ཐེར་མ་བྱས་ནས་ཡུན་རིང་འགོར་ཟིན། མོས་བསམ་ན་གཞན་དག་ཡིན་ཀྱང་ཆོག་རང་ཉིད་ཡིན་ཡང་བླ། བཟང་ངན་ལ་དཔྱད་པ་བྱེད་པ་ནི་རུལ་དྲི་འཐུལ་བའི་ཐུམ་བུ་ཞིག་ཁ་འབྱེད་པ་དང་འདྲ་བས་དཔྱད་པ་བྱེད་དགོས་དོན་ཡེ་མ་མཆིས་སྙམ། ལྷག་དོན་མོས་སྙིང་ཉེ་ལྷ་སྲས་གཞོན་ནུར་མི་སྡུག་པའི་ཆ་ཅི་ཡང་མེད་པ་ཁས་བླངས་ཟིན་ཅིང་། རང་ཉིད་ལའང་ཡིད་དུ་མི་འོངས་པའི་ཆ་ཅི་ཡང་མེད་པར་འདོད། གལ་ཏེ་ཡིད་དུ་མི་འོངས་པའི་ཆ་མཆིས་ན་དེ་ཉིད་སྦས་སྐུང་བྱེད་ཆོག་ཅིང་ལྷང་ལ་འཕུད་དགོས་པའི་རྒྱུ་མཚན་དང་བསམ་གཞིགས་བྱེད་རིན་ཡེ་མེད་སྙམ།
གཡང་ཊིས་མཁའ་འགྲོ་མཚོར་ཁ་པར་བཏང་སྟེ་ལྷ་སྲས་གཞོན་ནུ་དེ་ནུབ་ཀྱི་མཚན་ཚོགས་དེར་འོང་མིན་འདྲི་གཅོད་བྱས། ད་ཞག་མོ་ལ་དྲན་རྒྱུ་དང་དོན་གཉེར་ཉག་ཅིག་ཡོད་པ་ནི་དེ་ཁོ་ན་ཡིན་པ་འདྲ།
གཡང་ཊི་མེ་ལོང་ཆེན་པོ་དེའི་ཁ་གཏད་དུ་འགྲེང་། སྤྱི་ཐེར་དུ་གྱུར་པའི་བུད་མེད་དེ། འཛུམ་ཀོང་ལས་མེད་པའི་བུད་མེད་དེ། བཅོས་དྲག་ཏེ་རང་ཉིད་ཡིན་མིན་ཐག་མི་ཆོད་པའི་ཚད་དུ་འདུག ཡིན་ཡང་དེ་ནི་རང་ཉིད་ཡིན་མིན་གནད་འགག་གཙོ་བོ་ཞིག་མ་རེད། མོ་ལ་མཚོན་ན་དེ་ནི་ཇི་ལྟར་འཆོས་དགོས་ཀྱང་དེ་ལྟར་བཅོས་ཏེ་གཞན་སེམས་བསླུ་ནུས་པའི་ཁྱད་ཆོས་ཡོངས་རྫོངས་ཚང་དགོས་པར་འདོད། མོས་ངོ་གདོང་རྫུན་མས་བརྩེ་བ་ངོ་མ་ཉོ་འདོད་པའི་རྨི་ལམ་དག་ནམ་ཞིག་སྟོང་འགྲོ་མིན་ཐག་གཅོད་དཀའ་ཡང་མོར་ཐོབ་པ་ནི་བརྩེ་བ་ངོ་མ་མིན་ལ། བྱམས་སྐྱོང་ངོ་མ་མིན།
མོས་མེ་ལོང་ལས་ལྡོག་གཟུགས་སུ་ཤར་བའི་བུད་མེད་གཞོན་ནུ་དེ་དུས་ནམ་ཡང་རྒས་མི་སྲིད་པའི་སྨོན་འདུན་ཞུས། མོས་བསམ་ན་ཨ་མས་བཤད་པའི་ཚེ་ཕྱི་མའི་དམྱལ་བ་ཞེས་པ་ཞིག་ཡོད་མེད་མ་ངེས་ཀྱང་། མོ་ལ་མཚོན་ན་ཚེ་འདིའི་འཇིག་རྟེན་གྱི་དམྱལ་བ་ཆེན་པོ་གཉིས་ཏེ། གཅིག་ཤོས་ནི་རྒས་གསོ་ཁང་དང་གཉིས་པ་ནི་རོ་འཇོག་སའི་དུར་ཁྲོད་ཡིན་པ་རེད། མོ་རང་ངོ་མ་རྒས་མི་དགོས་པའི་ཐང་གའི་རི་མོ་ནང་བཞིན་དུ། དུས་ནམ་ཡང་བཅུ་དྲུག་ལང་ཚོའི་དཔལ་གྱིས་སྒེག་པའི་ན་ཆུང་མ་དེ་ཡིན་ན་སྙམ། ཡིན་ཡང་དུས་ཚོད་དང་འཆི་བ་དངོས་ཡོད་དང་བདེན་པ་རེད་ཨང་། མོས་ཇི་ལྟར་བསླུ་ཁྲིད་ཀྱི་སྦྱོར་བ་བཤམས་ཀྱང་དུས་ཚོད་ཀྱིས་བསླུ་མི་ནུས་ལ་འཆི་བ་ཡང་དེ་བཞིན་ཡིན་ངེས།
གཡང་ཊིས་རང་གི་གྲོགས་མོ་མཁའ་འགྲོ་མཚོ་ནང་བཞིན་སྒོར་མོ་ཡོད་ཚད་བཀོལ་ཏེ་ངོ་གདོང་བཤག་བཅོས་གཏོང་འདོད་སྐྱེས། སྙིང་ཉེ་ལྷ་སྲས་གཞོན་ནུ་ཆེས་དགའ་ས་ནི་ངོ་མི་ཤེས་པའི་ཁོ་རེ་ཡའི་བུད་མེད་དག་ཡིན་པ་མ་ཟད་དོ་ཞག་གསར་དུ་དར་བའི་ཁོ་རེ་ཡའི་མཛེས་མ་མགོ་བོ་སྤྱི་ཐེར་དུ་ཡོད་པ་དག་ལ་མོས་པ་ལྷ་བླག་ཏུ་བྱེད། གོ་ཐོས་སུ་ཁོ་རེ་ཡའི་མཛེས་མ་དག་གིས་ལྷན་སྐྱེས་ཀྱི་ངོ་གདོང་ཡོད་ཚད་བཅོས་ཏེ་སྒོར་མོ་མང་པོས་བཤག་བཅོས་བྱེད་སྐད། མོས་ལྷ་སྲས་གཞོན་ནུའི་ངག་ལས་བུད་མེད་དེ་ཚོ་མཛེས་མ་ཨང་དང་པོ་རེད་ཅེས་བརྗོད་པ་ཐོས་ཤིང་ཁོས་ཁོ་རེ་ཡའི་བུད་མེད་མགོ་སྐྲ་ཉག་མ་གཅིག་ཀྱང་མེད་པ་འགས་ཞབས་བྲོ་འཁྲབ་པར་གཟིགས་བཞིན་འདུག
གཡང་ཊིས་དེའི་རྗེས་བསམ་གཞིགས་ཡུན་རིང་བྱས་རྗེས་སྐྲ་ལོ་གཅད་རྒྱུའི་སེམས་ཐག་བཅད། མོས་རང་ལ་སེམས་གསོའི་ཚུལ་དུ་སྐྲ་ལོ་བཅད་པ་ནི་ཚེ་སྲོག་བཅད་པ་མ་རེད། ཡང་བསྐྱར་སྐྱེ་སྲིད་ཀྱིན་རེད་ཅེས་གསལ་འདེབས་བྱས། མོས་སྐྲ་ལོ་བཅད་རྗེས་སྐྲ་བཞར་ཁང་ལས་ཕྱིར་བུད་དེ་རང་ཉིད་གཅིག་པུར་ཁང་སྟོང་ཞིག་ཏུ་ཡུན་རིང་ངུས། དེའི་རྗེས་གྲོགས་མོ་མཁའ་འགྲོ་མཚོའི་མདུན་དུ་མགོ་བོ་བཞག་ཏེ་ཡུན་རིང་ངུས། མོས་ཨ་མ་ཞེས་བོས་ཏེ་ཡུན་རིང་ངུས་རྗེས་ཆང་རག་བཏུང་སྟེ་སྡུག་བསྔལ་ཡོད་ཚད་བརྗེད་ཐབས་བྱས།
དང་ཐོག་གཡང་ཊིས་ཞྭ་མོ་བླངས་ཏེ་མི་གཞན་གྱི་མིག་སྔར་འགྲེང་དུས་རང་ཉིད་གོས་མེད་སྒྲེན་མོར་གྱུར་ཡོད་པའི་ཚོར་སྣང་སྐྱེས་ཤིང་དེ་ཉིད་ངོ་ཚོའི་གོས་ཀྱིས་གཡོགས་འདོད་སྐྱེས། ཡིན་ཡང་གོས་མེད་པའི་ཚོར་བ་དེ་དང་མཐོང་སྣང་དེ་ལ་གོམས་རྗེས་མོ་རང་“གཅེར་བུར”བུད་ཚུལ་དེ་ཡང་། མོའི་ང་རྒྱལ་དང་གཟི་བརྗིད་དུ་གྱུར་སོང་། མི་ནི་བྱ་དངོས་གང་ལ་གོམས་ཀྱང་གོམས་རྗེས་སྣང་དོགས་ཡེ་མི་བྱེད་པ་འདྲ། དེའི་རྗེས་མགོ་བོ་མར་རྡོག་འདྲ་བ་དེ་གཞན་ལ་ངོམ་སོ་བྱས་ཤིང་། ཚུལ་དེ་ལ་མོའི་གྲོགས་མོ་མཁའ་འགྲོ་མཚོས་ཡིད་སྨོན་ཡང་ཤོར་ཡོད།
གཡང་ཊི་དང་བསྡུར་ན་མཁའ་འགྲོའི་སྐྲ་ལོ་བཅད་ཚུལ་དེ་དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་རེད། མཁའ་འགྲོ་མཚོས་མགོ་ཕྱེད་ཀྱི་སྐྲ་ལོ་ཡོངས་རྫོགས་བཞར་ཡོད་ལ་གཞོགས་ཕྱེད་ཀྱི་སྐྲ་ཉག་མ་གཅིག་ཀྱང་སྒུལ་ཙམ་བྱས་མེད།གཡང་ཊིས་དང་ཐོག་རང་གི་སྙིང་ཉེ་མ་དེ་ངོ་མ་ཆོད་ཅིང་མཛེས་མ་ཁྱད་མཚར་དེ་ལ་ཅེར་ནས་བསྡད། མཛེས་མ་དེས་རང་ལ་གཏད་ནས་འོང་བཞིན་འདུག་པ་མཐོང་ནས་གཡང་ཊིས་ད་གཟོད་མཁའ་འགྲོ་མཚོ་དྲན་པར་གྱུར། ཁ་སྔོན་མོས་སྐྲ་ལོ་གཅད་རྒྱུ་ཡིན་པའི་གྲོས་མོལ་བྱུང་བ་དྲན། གཡང་ཊིའི་མིག་ཟུང་མག་མོག་ཏུ་གྱུར། ཐ་ན་མཁའ་འགྲོ་མཚོའི་ངོ་གདོང་ཡང་རབ་རིབ་ལས་མི་མཐོང་བར་གྱུར། མོས་གདོང་པ་སྨད་དེ་མིག་ཆུ་བཏོན། མོས་རང་གི་སྙིང་ཉེ་མར་ལྟ་མི་ཕོད་པར་འོད་ཀྲིག་ཀྲིག་གི་པང་གཅལ་ངོས་སུ་ཅེར་ནས།“སྙིང་ཉེ་མ། ད་འུ་གཉིས་ཀ་སྔོན་ཆད་ཀྱི་འུ་གཉིས་མ་རེད།”ཟེར། དེའི་རྗེས་གཡང་ཊིས་ཅི་ཡང་མི་སྨྲ་བར་མཁའ་འགྲོ་མཚོ་ལ་སྐེ་འཇུ་ཞིག་བྱས་ཏེ་སྐྱོ་འཛུམ་ཞིག་བསྟན་བྱུང་། མཁའ་འགྲོ་མཚོས་ཇི་ལྟར་བསམ་ཀྱང་དེའི་དོན་གོ་བ་མ་གྱུར་ཅིང་མོ་ལན་རེར་ལོག་པའི་རྟོག་པ་ཁྱེར་ཏེ། རང་གི་བློས་ཐུབ་ཀྱི་གྲོགས་མོས་རང་ལ་ཕྲག་དོག་དང་འགྲན་ཟླ་བྱེད་བཞིན་འདུག་སྙམ། གཞོན་སྐྱེས་ཚོས་མཁའ་འགྲོ་མཚོས་སྐྲ་ལོ་བཅད་ཚུལ་དེ་གསར་གཏོད་ཅིག་རེད་ཟེར། འཚོ་བ་དང་མི་ཚེ་རང་གི་ཡིན་པས་དེ་ལ་བཟང་ངན་གྱི་དཔྱད་པ་སྤེལ་བའི་དབང་ཆ་གཞན་ལ་མེད་ཟེར། ཁོ་ཚོས་ལྷམ་དཀར་ནག་གཉིས་སྡེབ་ཏེ་གྱོན་པ་དང་དོར་མ་ཆད་རལ་གྱོན་ཏེ་བརླ་ཤ་ཕྱིར་བསྟན་པ་ཡོད་ཚད་གསར་གཏོད་ཡིན་ཞིང་དེ་དག་གིས་བསྐྱེད་པའི་མཚར་སྣང་དང་གྲགས་འགུལ་ཉམས་རྗེས་ཡང་བསྐྱར་ཁོ་ཚོས་གསར་གཏོད་ཅི་ཞིག་དགོས་མིན་རྣམ་དཔྱོད་ཀྱི་རྩལ་ཡོད་རྒུར་སྤྲུགས།
“ལྷ་མོ་གཡང་ཊི། ཁྱོད་ཀྱི་ལྷ་སྲས་དོ་ནུབ་མཚན་ཚོགས་སུ་ཕེབས་རྒྱུ་རེད།”
གཡང་ཊིས་ལན་མ་བཏབ་པའི་སྔོན་དུ་མཁའ་འགྲོ་མཚོས།“ཡིན་ཡང་དོ་དགོང་ཁོང་གི་སྐུ་བཅར་མ་བྱེད་ཐུབ་རྒྱུ་མ་རེད། ཁོང་གིས་ཁོ་རེ་ཡ་ནས་ཡིན་པའི་བུད་མེད་སྐོར་ཞིག་འཁྲིད་འདུག”ཟེར། གཡང་ཊིའི་སེམས་སུ་དེ་མ་ཐག་ཁོ་རེ་ཡའི་བུད་མེད་དག་གི་ཆ་བྱད་དྲན་པར་གྱུར། ཁོ་ཚོ་རང་དང་འདྲ་བར་སྐྲ་ལོ་བཅད་ཡོད་མཁན་ཏག་ཏག་ཡིན་སྲིད་དམ། གལ་ཏེ་དེ་ལྟར་ཡིན་སྲིད་ན་ལྷ་སྲས་གཞོན་ནུའི་དོ་སྣང་གི་མིག་ཟུང་རང་ལ་འཕེན་མི་སྲིད་པས། སྐྲ་ལོ་བཅད་པ་དོན་མེད་དུ་གྱུར་སོང་སྙམ། སེམས་ཚེགས་དེས་མོའི་མིག་མཐར་མཆི་མ་འཁོར་དུ་བཅུག་པ་དང་སེམས་སྡུག་ཆེན་པོས་ངུ་འབོད་བྱེད་དགོས་པར་གྱུར། མོ་རང་ངུ་བ་ནི་བྱིས་པ་ཞིག་ངུ་བ་དང་མཚུངས། མ་གཞི་ཁོ་ཚོ་ཚང་མ་ངུ་བར་དགའ། རྒྱུ་རྐྱེན་ཆེན་པོ་མེད་ཀྱང་ངུ་འབོད་ཆེན་པོར་བྱེད་པར་དགའ། གཡང་ཊིའི་དྲན་ངོགས་སུ་རང་གི་ཡུམ་ཆེན་མང་པོ་ངུས་མྱོང་བ་དྲན་རྒྱུ་མི་འདུག གལ་ཏེ་ངུས་ནའང་ངུ་ཤུམ་མི་བྱེད་ལ་མོ་རང་གཅིག་པུ་གཞའ་སྟེ་ངུ་བ་བྱེད། གཡང་ཊི་ནི་དེ་ལྟར་མིན་ཏེ། བརྩེ་དུང་གི་ཆེད་དུའམ་ཡང་ན་སུ་ཞིག་ཆེད་དུ་ཡིན་པའི་རྒྱུ་རྐྱེན་གསལ་པོར་བརྗོད་ནས་ཅ་དངོས་དག་ལ་རྡོག་པས་བཞུས་ཏེ་ཡོད་ཚད་ལ་དམོད་བོར། ད་རུང་མོ་ལ་ངུ་རོགས་གཞན་དག་དགོས་ཏེ།དཔེར་ན་ཐེངས་འདིར་མཁའ་འགྲོ་མཚོ་དང་མོ་གཉིས་འགྲན་པའི་ཚུལ་གྱིས་ལྷན་ཅིག་ཏུ་ངུ་ཤུམ་བྱེད་བཞིན་ཡོད་པ་ལྟ་བུ་རེད།
གཡང་ཊིས་ངུ་མཚམས་བཞག་རྗེས་སྐྲ་རྫུན་མའི་ཞྭ་མོས་རང་གི་མགོ་བོ་མནན་བྱུང་།
གཡང་ཊིའི་གྲགས་པ་གློ་བུར་དུ་ཉམས་ཉེས་ཀྱིས་ཟིན། སྤྱི་ཐེར་དུ་གྱུར་པའི་མགོ་བོས་མཚར་སྣང་བསྐྱེད་མི་ནུས་པར་གྱུར། གནས་ཚུལ་རྙིང་པས་གྲགས་འགུལ་གསར་པ་སློང་མི་ཐུབ་པ་དང་མི་མང་གི་དམིགས་དབེན་བསྐྲུན་མི་ནུས་པས་གཡང་ཊི་རང་གིས་སྐྲ་ལོ་བཅད་པར་འགྱོད་པས་གདུང་བར་གྱུར། མ་ཟད་སྐྲ་ལོ་བཅད་པ་ནི་སྙིང་ཉེ་ལྷ་སྲས་གཞོན་ནུའི་དགོངས་བཞེད་དང་མི་མཐུན་པ་འདྲ།
དེ་ནུབ་ཀྱི་མཚན་ཚོགས་དེར་ལྷ་སྲས་གཞོན་ནུ་ཕེབས་ཡོད་པ་དང་ཁོ་རེ་ཡའི་མཛེས་མ་སྐོར་ཞིག་ཀྱང་ཁྲིད་ཡོད། བློ་ཡུལ་ལས་འདས་པ་ཞིག་ལ་མཛེས་མ་དེ་དག་མགོ་རིལ་ཏག་ཏག་རེད།གཡང་ཊིའི་སྤོབས་སེམས་བག་ལ་ཞ་སྟེ་ཞྭ་མོ་ཕྱིར་ལེན་མ་ནུས་ཤིང་མགོ་བོ་མར་རྡོག་འདྲ་དེ་སྙིང་ཉེ་ལྷ་སྲས་གཞོན་ནུར་བསྟན་མ་ནུས། མོས་སེམས་སྡུག་ཆེན་པོས་དེ་ནུབ་ཀྱི་མཚན་ཚོགས་དེ་ལ་མྱོང་རོལ་བྱས་ཤིང་སྐབས་རེར་ཁོ་རེ་ཡའི་བུད་མེད་དག་དང་ལན་རེར་སྙིང་ཉེ་ལྷ་སྲས་གཞོན་ནུར་ལྟ་ཙམ་བྱས། མོ་ལ་སྐྱོ་བ་དྲགས་པོ་ཞིག་སྐྱེ་བའི་མུར་མཚན་ཚོགས་གྲོལ་རྗེས་སྙིང་ཉེ་གང་དེ་དང་མཇལ་འཕྲད་བྱ་རྒྱུའི་སེམས་ཐག་བཅད། དེ་ནུབ་མོ་དང་མོའི་གྲོགས་མོ་མཁའ་འགྲོ་མཚོ་གཉིས་ཀའི་རྣམ་འགྱུར་ལ་དཔགས་ན་གཡུལ་ས་ནས་ཕམ་པའི་དཔོན་དམག་རེ་དང་མཚུངས་པར་ངོ་ཤ་ཐུར་དུ་ལུག་སྟེ་ཤུགས་རིང་ནར་ནར་དུ་འབྱིན། མཚན་ཚོགས་དེས་གཡང་ཊི་དང་མོའི་གྲོགས་མོ་དག་ལ་ཕོག་ཐུག་ཆེན་པོ་བཟོས་བྱུང་སྟེ། ཁོ་ཚོའི་གྲགས་པ་དང་ང་རྒྱལ། རང་གི་འཚོ་བར་བཅངས་པའི་རློམས་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་པས་ཁོ་ཚོ་ཁོ་རེ་ཡའི་མཛེས་མ་དག་ལ་སྡང་སེམས་སྐྱེས་ཤིང་། ཞེན་རྟེན་ལྷ་སྲས་གཞོན་ནུ་ལ་ཁོང་ཁྲོ་བར་གྱུར།
“སྙིང་ཉེ་མ། ཁོས་ཚེ་འདིར་ཁྱོད་རང་བདེ་ཐང་ཡིན་མིན་ཙམ་ཡང་འདྲི་མ་མྱོང་། དྲང་མོར་བཤད་ན་ཁོ་ལ་དགའ་ཞེན་དེ་ཙམ་བྱེད་རིན་མེད།”མཁའ་འགྲོ་མཚོ་ཅུང་ཁྲོས་ཡོད་པ་འདྲ་བའི་སྐད་ཆ་དེ་གཡང་ཊིའི་རྣ་བར་ལྷུངས་པ་དང་ཡང་བསྐྱར་སྐད་ཆ་དེའི་རྒྱབ་རྟེན་གྱི་ཚུལ་དུ།“ང་ཚོ་ལ་མཁོ་བ་ནི་འཚོ་བ་རེད། འཚོ་བ་དངོས་ཡོད་ཁྲོད་དུ་ཁོས་ཁྱོད་ལ་སྒོར་ཟུར་གཅིག་གི་གནང་སྦྱིན་བྱེད་མྱོང་མེད། མ་ཟད་ཁོས་དོ་ནུབ་ང་ཚོ་ལ་ངོ་ཚ་ཆེན་པོ་སྟེར་བྱུང་།”ཟེར། གཡང་ཊིའི་སེམས་སུ་སྐྱོ་སྣང་སྐྱེས་ཤིང་ལན་ཅི་ཡང་སྟེར་མ་ནུས་པར་གྱུར། མོས་མེ་ལོང་དུ་རང་གི་གཟུགས་ལ་ཐེངས་ཤིག་བལྟས་པས་མདོག་ཤོར་ཏེ་ངོ་གདོང་སྐྱ་ཐག་ཆོད་འདུག མོ་རང་ཉིད་ལ་ཡི་ཆད་ཅིང་རང་གི་སྐྱེ་གཟུགས་ལ་ཡི་ཆད། ཚུལ་འདི་ལྟར་ཡིན་ན་ལྷ་སྲས་གཞོན་ནུ་ལྟ་ཅི། སྐྱེས་པ་རང་ག་བ་ཞིག་གི་བློ་འགུག་མི་ནུས་སྙམ། གནས་འདིའི་བུད་མེད་ཅིག་ལ་མཚོན་ན་སྐྱེས་པ་ཞིག་གི་བློ་འགུག་པའི་སྒུལ་ཤུགས་མེད་པ་ནི་ཅི་ཡང་མེད་པ་དང་འདྲ་ཞིང་། གཞན་ཡིད་བསླུ་ནུས་པའི་ཁྱད་ཆོས་ཅི་ཙམ་ཡོད་པར་དེ་ཙམ་དོན་ལྡན་དུ་བརྩི།
སྐྲ་རྫུན་མ་དང་ཞལ་ངོ་རྫུན་མ། མིག་རྫུན་མ་དང་སྨིན་མ་རྫུན་ལ་བརྟེན་ཏེ་བུད་མེད་དག་གིས་སྐྱེས་པ་མི་དམན་པ་རེ་ཐོབ་ཐབས་བྱེད། གཡང་ཊི་སྔར་ལས་ཀྱང་བག་ཡོད་ཚུལ་ལྡན་དུ་གྱུར་ཏེ་གོམ་པ་རེ་རེ་ལེན་པའང་ཧ་ཅང་གཟན་ནན་ཡིན། གཟན་ནན་ཡིན་དྲགས་ཏེ་དེ་ལ་མཉམ་འཇོག་མཁན་དག་ཀྱང་ངལ་དུབ་སྐྱེས་ཡོང་། གལ་ཏེ་མི་ཚེ་གཅིག་འདི་ལྟར་གཟབ་ནན་བྱེད་དགོས་ན་མི་ཚེ་གཅིག་བཙོན་ཁང་ནས་བསྐྱལ་བ་དང་གཉིས་སུ་མེད།
གཡང་ཊིས་ཅི་ཞིག་སྨྲ་འདོད་ཀྱིས་ཁ་ཤ་འགུལ་ཙམ་བྱས་ཀྱང་ཅི་ཡང་སྨྲ་མ་ནུས། མོས་གྲ་སྒྲིག་བྱས་པའི་སྐད་ཆ་ཡོད་ཚད་བརྗེད་ཟིན་འདུག ཚུལ་དེ་མཐོང་ལམ་དུ་གྱུར་པའི་སྙིང་ཉེ་ལྷ་སྲས་གཞོན་ནུས་ཧ་དགོད་དང་བཅས་ཏེ་མོ་ལ་ལྟ་བར་བྱེད། མོ་རང་སྔར་ལས་ཀྱང་བག་ཚ་བར་གྱུར་ཏེ་མཐར་རྔུལ་ཆུ་དང་མིག་ཆུ་ཅི་ཡིན་མི་ཤེས་པའི་མུ་ཏིག་རྡོག་པོ་ལྟ་བུའི་གཤེར་ཁུ་ཞིག་ངོ་གདོང་ནས་མངོན་བྱུང་།
“སྙིང་ཉེ་མ། གོ་ཐོས་སུ་ཁྱོད་ཀྱིས་སྐྲ་ལོ་བཅད་ཡོད་པ་རེད་ཟེར།”ལྷ་སྲས་གཞོན་ནུས་དེ་སྐད་དུ་སྨྲ་དུས་མོའི་དབང་རྩ་ཡོད་ཚད་སྦྲིད་དེ་ཨེན་ཙམ་མིན་ན་ས་ལ་འགྱེལ་སོང་། མོས་ནུས་ཤུགས་ཡོད་ཚད་ཕྱུངས་ཏེ་དྲང་པོར་འགྲེང་ཐུབ་པ་བྱས། ཁོང་གིས་ཡང་།“ངས་དེ་མི་སྲིད་སྙམ་ཡོད། གལ་ཏེ་སྐྲ་ལོ་བཅད་ཡོད་ན་བཙུན་མ་བྱ་དགོས་རྒྱུ་རེད།”ཅེས་ཀུ་རེ་དང་བདེན་པ་ཅི་ཡིན་མི་ཤེས་པའི་སྐད་ཆ་དེ་བཤད་རྗེས་གཡང་ཊི་དང་ཉེ་བར་བཅར་བྱུང་། ཚོས་མདོག་དམར་སྐྱ་ཡིན་པའི་གཡང་ཊིའི་མགོ་ཐོག་གི་སྐྲ་ལོ་དེ་ལ་བྱིལ་བྱིལ་བྱེད་བཞིན་ཁོང་གིས་ཡང་བསྐྱར།“གལ་ཏེ་བུད་མེད་ཅིག་ལ་སྐྲ་ལོ་མེད་ན། ཁྱི་ཞིག་ལ་རྔ་མ་མེད་པ་དང་འདྲ།”ཞེས་བརྗོད་བྱུང་། གཡང་ཊི་གློ་བུར་འདང་རྒྱག་གི་ནང་དུ་ལྷུངས་ཏེ་སྔོན་ཆད་སྙིང་ཉེ་ལྷ་སྲས་དེས་ཅིའི་ཕྱིར་དུ། ཁོ་རེ་ཡའི་བུད་མེད་མགོ་རིལ་དག་ལ་མཛེས་མ་ཨང་དང་པོ་རེད་ཅེས་ཆོ་ལོ་བསྩལ་བ་ཡིན་ནམ་སྙམ། གལ་ཏེ་སྐབས་འདིར་ཁོང་གི་མིག་སྔར་གཤིབ་སྡུར་བྱས་ན་མཛེས་མ་མགོ་རིལ་དག་ལ་ཐོབ་ཆ་ཆེན་པོ་མི་འདུག་སྙམ། དེ་བས་མོས་རང་གི་མགོ་ཐོག་སྐྲ་ལོར་བྱིལ་བྱིལ་བྱེད་བཞིན་དུ། སྤྱི་ཐེར་དུ་གྱུར་ཡོད་པའི་མགོ་བོ་ངོ་མ་དེ་ལས་སྐྲ་རྫུན་མ་དེ་རིན་ཐང་ཆེ་བར་གྱུར། །