ངག་རིག་འཕྲུལ་གྱི་རྩེད་འཇོ་སྣ་མང་མས། །
ཡིད་བྱེད་སྨིག་རྒྱུའི་རི་དྭགས་རྩེན་པའི་སྒྲ། །
ཚིག་གི་འཆར་སྒོར་འདྲེན་པའི་བསླུ་ཐབས་ཀྱིས། །
དགའ་སྐྱོ་སྒྱུ་མའི་སྣང་ཚུལ་ཤོག་བུར་བསྟར། །
འདོད་ཡོན་བདུད་ཀྱི་བུ་མོ་བཞིན་བཟང་མ། །
ཡིད་ཀྱི་ཏིང་འཛིན་འཕྲོག་པའི་ཆོམ་པོ་རུ། །
རྒྱུ་བའི་ངང་ཚུལ་འཇབ་འགྲོའི་གོམ་སྟབས་བཞིན། །
འཁོར་བའི་རོལ་དབྱངས་དཀྲོལ་བའི་ཟོལ་གྱིས་བསླེབས། །
ཐ་མའི་སེམས་གཤིས་འདི་ཡི་འཆར་ངོས་སུ། །
འདོད་པས་འདོད་པ་འཚོལ་བའི་ངལ་བ་ཡིས། །
སྡུག་ལ་སྐྱིད་དུ་རེ་བའི་མངལ་སྒོ་རུ། །
ཉུལ་བའི་རྟེན་འབྲེལ་ངང་གིས་བསྒྲིགས་པ་ལགས། །
མི་སྨྲའི་རྟུལ་ཞུགས་སྐྱོང་བའི་ངང་ཚུལ་དང་། །
ལུས་ཀྱིས་དཀའ་སྦྱད་ཁུར་བའི་སྤྱོད་པ་སོགས། །
མངོན་ལྐོག་ཕྱི་ནང་ཀུན་ནས་འབད་པ་དག །
ཚོར་རྟོག་བདེ་དགའི་རོ་འདི་ཐོབ་ཕྱིར་ལགས། །
ཆགས་སྡང་དགའ་སྐྱོ་སྤེལ་མའི་གྲུ་ཁ་རུ། །
འཁོར་བའི་ཆོས་འདི་སྨིག་རྒྱུའི་ཆུ་རིས་བཞིན། །
འདི་ཕྱིའི་གསང་ལམ་ཉུལ་བའི་བར་མཚམས་ནས། །
ངུ་དགོད་སྣང་བའི་རྫུན་རིས་ཅི་ཡང་གཡོ། །
ཀུན་རྫོབ་སྣང་བའི་བུ་མོའི་མཛེས་སྡུག་གིས། །
སྲིད་པའི་ལྟད་མོ་ཉུལ་བའི་བསླུ་བྱེད་མོས། །
འགྱུར་མེད་སེམས་ཀྱི་བུ་ཆུང་གཅེར་བུ་ལ། །
རྟོག་བཏགས་འཁྲུལ་བའི་རྒྱན་ཆ་ཅི་ཡང་སྤྲས། །
རྣལ་འབྱོར་ཉམས་ལ་འཆར་བའི་ལྟད་མོ་དང་། །
ཕལ་བའི་སེམས་ལ་རྒྱུ་བའི་གཟུགས་བརྙན་ཀུན། །
རྟེན་འབྲེལ་རྒྱལ་མོས་བསྒྲིག་པའི་ངང་ཚུལ་ཏེ། །
འཁོར་འདས་གཉིས་སུ་གྱེས་པའི་ལམ་སྣེ་ཡིན། །
དེ་ལྟར་སྣང་བའི་མཆར་སྒོ་སྣ་མང་མས། །
མིག་འཕྲུལ་ཐབས་ཀྱི་རྫུ་བག་སྣ་ཚོགས་ཀྱིས། །
སྲིད་པའི་ཕོ་བྲང་བསྐྲུན་པའི་རྒྱལ་ཁམས་སུ། །
འབྲིད་པའི་བསླུ་ཐབས་འདི་ཡི་རྒྱ་རུ་ཚུད། །
ད་ལྟ་སྔོན་ལས་བཟང་པོའི་འཕྲོ་རྙེད་དེ། །
མི་ཡུལ་ལན་གཅིག་ཉུལ་བའི་རྟེན་འབྲེལ་གྱིས། །
རྟོག་འགྱུའི་པུར་རྩེ་གཡོ་བའི་གཙང་བོ་རུ། །
བདེན་རྫུན་དབྱེ་བ་འབྱེད་པའི་ལྟད་མོ་མཐོང་། །
སླར་ཡང་སྲོག་རྩའི་རྒྱུ་འཕྲོ་ཆད་པའི་ཉིན། །
བརྩེ་བའི་མེ་ཏོག་གནང་བའི་མི་དག་གིས། །
གདུང་སེམས་ངུ་མ་འདྲེས་ཀྱི་གསོལ་འདེབས་དེ། །
རྣམ་ཤེས་འཁྱམས་པོ་ཞིག་གི་སྐྱེལ་མར་སེམས། །