གཅིག
ཚེ་ཡི་ཉི་མ་ཕར་འགྲོ། །
མང་པོ་དྲན་ཁོམ་ཨེ་གདའ། །
འཆི་བདག་བཙན་པོའི་གྲིབ་མ། །
ལུས་ཀྱི་མཐའ་ན་ཨེ་འདུག །
སྣང་བ་མུན་པར་འདྲེས་པའི། །
འཇིགས་པའི་འཕོ་འགྱུར་མ་བསམ། །
ལས་རླུང་འགྱུ་བ་འགག་པའི། །
སྟེང་མའི་ཐར་བ་མ་དྲན། །
ནམ་མཁའི་མཐའ་ལ་བལྟས་ཏེ། །
ཐོ་རངས་སྐར་ཆེན་མཐོང་ན། །
སྙིང་ཆུང་སྨུག་པའི་ནང་གི །
རི་དྭགས་འཕྱོ་ལྡིང་རྒོད་པ། །
དྲན་པའི་གཞུང་ལ་བལྟས་ན། །
མཁའ་འགྲོའི་གར་སྟབས་མཇལ་བ། །
ཡིད་ཆུང་ཡང་ཡང་ཐོགས་པ། །
ལས་སམ་བསམ་བཞིན་འདྲ་བ། །
ཚེ་འདིའི་སྣང་བའི་མཐའ་ལ། །
བསམ་པའི་གཞིས་ཤིག་བཅས་ཡོད། །
གཞིས་བདག་ལས་ཀྱི་མཁའ་འགྲོ། །
དམ་ཚིག་ཕྱག་རྒྱས་སྲུང་ཡོད། །
ཡིད་གཞུང་དམ་བཅའི་མདུད་པ། །
གཙང་པོའི་དཀྱིལ་ལ་མ་བཏབས། །
ནང་སེམས་དྲན་པའི་བྲག་ལ། །
གཡུང་དྲུང་རྒྱ་ཡིས་བྲིས་ཡོད། །
འདོད་པའི་རི་མོ་བྲིས་ཏེ། །
བསམ་བཞིན་གོམ་པས་སྤོ་ན། །
ལས་དབང་ཆུ་རླུང་ཡིན་ཡང་། །
གང་དགར་བཞུར་ས་ཨེ་རེད། །
བསྐལ་བའི་མཐའ་ལ་ཐུག་ནས། །
འཇིག་རྟེན་འཇིག་པར་གྱུར་རུང་། །
ལས་ཀྱིས་བྲིས་པའི་ལམ་དེ། །
མི་འཇིག་སྨོན་ལམ་བཏབ་ཡོད། །
གཉིས
ཆུ་བོ་རྒྱང་དུ་བཞུར་ཡང་། །
རྒྱབ་རྟེན་གངས་ཀྱིས་བྱས་ཡོད། །
རི་དང་གཙང་པོའི་དར་རྒུད། །
སྐྱིད་སྡུག་གཤིབ་པའི་དཔེ་རེད། །
ཁྲུང་ཁྲུང་ལྷོ་ལ་འཕུར་ཁར། །
སྟོན་གཞུང་འདམ་ལ་ཆགས་ཡོད། །
ག་དུས་ཕྱིར་ལ་ལོག་པའི། །
ལས་འཕྲོའི་གནས་ཚང་བཅས་ཡོད། །
གསུམ
ཁྱོད་ཀྱི་བརྩེ་བའི་ཐུགས་ལ། །
འོད་དང་འོད་ཟེར་རང་བྱོན། །
ཡིད་གཅིག་མཛའ་བའི་སྙིང་གི། །
མི་དགའི་མུན་པ་སངས་བ། །
ཁྱོད་ཀྱི་འཛུམ་པའི་ཞལ་ལ། །
ཐུགས་རྗེའི་བྱིན་རླབས་རང་བྱོན། །
ཡིད་ཁམས་བདེ་དགའི་རྒྱ་མཚོ། །
ཡང་ཡང་སྐྱོམ་ནས་ཡོང་བ། །
ཁྱོད་ཀྱི་མཛེས་པའི་ལུས་ལ། །
མཁའ་འགྲོའི་གར་སྟབས་རང་བྱོན། །
མ་བཅོས་བརྩེ་བའི་ཞལ་ཁ། །
སྙིང་གི་དཀྱིལ་ནས་གྲོལ་བ། །
བཞི
ཁྱོད་ནི་ང་ཡི་ནམ་མཁའ་ཡིན། །
འདང་བརྩེ་ཉི་མ་ཟླ་བ་ཡིན། །
ཁ་ཚིག་སྐར་ཆེན་སྐར་ཆུང་ཡིན། །
ཁྲེལ་དང་ཕྱི་ཐག་དགུ་ཚིགས་ཡིན། །
ཁྱོད་ནི་ང་ཡི་ས་གཞི་ཡིན། །
དུང་བ་ཆུ་མཚོ་གཉིས་འབྲེལ་ཡིན། །
དགའ་སྐྱོ་གངས་རྫ་སྨུག་དཀྲིས་ཡིན། །
བདེ་སྡུག་འཁོར་བའི་རི་ཐང་ཡིན། །
ལྔ
སྟེང་ལ་ནམ་མཁའ་བྲིས་ཡོད། །
ཉི་མ་ཟླ་བ་བྲིས་ཡོད། །
ལས་ཀྱི་དགུ་ཚིགས་བྲིས་ཡོད། །
མི་འགྱུར་གཡུང་དྲུང་བྲིས་ཡོད། །
འོག་ལ་ས་གཞི་བྲིས་ཡོད། །
སྲིད་པའི་རི་ཆུ་བྲིས་ཡོད། །
ལས་ཀྱི་གངས་རི་བྲིས་ཡོད། །
མི་འགྱུར་རི་མོ་བྲིས་ཡོད། །
ལས་བསྐོས་སྙིང་མཐུན་བྲིས་ཡོད། །
ཡིད་གཅིག་མཛའ་བ་བྲིས་ཡོད། །
ཁ་ཚིག་བརྩེ་དགའ་བྲིས་ཡོད། །
མི་འགྱུར་དམ་བཅའ་བྲིས་ཡོད། །